ཁྲི་ཀའི་དུང་དཀར་ཉི་མ་རྫོང་།
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2017-08-13 15:18:37    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

          DSC02626.JPG

        དུང་དཀར་ཉི་མ་རྫོང་ངམ་འོམ་པུའི་ཕུག་པ་ནི་ཁྲི་ཀའི་རྗོང་མཁར་ནས་ལྷོ་ཕྱོགས་སུ་སྤྱི་ལེ་བཞི་ཙམ་བསྐྱོད་མཐར་འོམ་པུ་གདོང་གི་ཉེ་འགྲམ་དུ་ཆགས་ཡོད་ལ། སྔོན་གྱི་དུས་སུ་རྡོ་གྲུབ་འཇིགས་མེད་ཕྲིན་ལས་ཀྱི་དངོས་སློབ་ཤར་ན་འབྲས་དཀར་གྱི་སྙེ་མ་སྤུངས་འདྲ་འཇིགས་བསྐལ་ཆོས་དབྱིངས་རྡོ་རྗེ་ཞེས་གྲགས་པའི་མཚན་སྙན་གང་སར་གཡོ་བ་དེ་ཉིད་དང་བྱང་ན་སྔགས་ནག་གི་ཕུར་བུ་ས་ལ་གདབ་པ་ལྟ་བུ་རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་ཞེས་གྲགས་པའི་རྡོ་རྗེ་གདུང་བཞིའི་ཡ་གྱལ་དུ་བགྲང་བའི་དམ་པ་ཟུང་ཡང་གནས་འདིར་ཕེབས་ཏེ་སྒྲུབ་པའི་རྒྱལ་མཚན་བཙུགས།

          DSC02629.JPG

      དེ་ཡང་རྫོགས་ཆེན་པའི་གསུང་མགུར་ཞིག་ཏུ། ཕ་སློབ་དཔོན་ཡབ་ཡུམ་ཞབས་ལ་འདུད། ། མི་རང་གིས་རང་ལ་གྲོས་ཤིག་འདེབས། །སྤྱིར་འཁོར་བའི་སྡུག་བསྔལ་མཐའ་མེད་དེ། །སྒོས་ངན་སོང་སྡུག་བསྔལ་བསམ་མི་ཁྱབ། ། དུས་ད་ལྟ་སྙིགས་མ་ལྔ་བདོའི་དུས། ། མི་མཆོག་དམན་ཐམས་ཅད་སྡུག་བསྔལ་དང་། །ལས་མི་དགེ་ཁོ་ན་ཉིན་མཚན་འདའ། །མི་ཕལ་ཆེར་ཁས་ཞན་སྡུག་བསྔལ་མྱོང་། །མི་ཕལ་ཆེར་དགྲས་མནར་སྡུག་བསྔལ་མྱོང་། །མི་ཕལ་ཆེར་དགེགས་ཆེ་སྡུག་བསྔལ་མྱོང་། །མི་ཕལ་ཆེར་རང་གིས་སྡུག་བསྔལ་བསྒྲུབ། ། མི་ཕལ་ཆེར་གཞན་གྱིས་སྡུག་བསྔལ་སྦྱོར། ། ས་ཁྲིམས་ཡོད་ཁྲིམས་ཀྱིས་མནར་བས་སྡུག །ས་ཁྲིམས་མེད་རང་མགོ་མི་ཐོན་སྡུག །ནོར་ཡོད་ན་དགྲ་རྐུན་མང་བས་སྡུག །ནོར་མེད་ན་ཁ་མི་སོས་པས་སྡུག ། ལར་སེམས་ཁ་སྐྱིད་ནས་ཡོད་པའི་མི། ། དུས་དེང་སང་ཡུལ་ཕྱོགས་གང་ནའང་མེད། །ད་བསམ་བློ་ཞིབ་ཏུ་ཐོངས་མཛོད་ལ། །ཚིག་སྙན་པའི་གྲགས་པ་ཨེ་འཕེལ་དང་། ། ཚེ་འདི་ཡི་བདེ་སྐྱིད་ཨེ་འབྱུང་སོགས། ། དོན་མེད་པའི་བྱ་བ་བློས་ཐོངས་ལ། །ཕུགས་བདེ་བའི་ཐབས་ལ་འབད་རེ་རན། །བུ་བཟང་ན་གཏན་གྱི་མགོ་འདོན་མཛོད། ། བུ་ངན་ན་འདི་སྡུག་ཕྱི་སྡུག་གྱིས། །ད་འདུལ་ན་རང་གི་སེམས་རྒྱུད་ཐུལ། །རྟ་ཉོ་ན་རྩ་རླུང་རྟ་ཕོ་ཉོས། །གོས་གྱོན་ན་བཟོད་པའི་གོ་ཆ་གྱོན། །རྒྱན་འདོགས་ན་ཚུལ་ཁྲིམས་རྒྱན་བཟང་ཐོགས། །མཚོན་འཛིན་ན་ཤེས་རབ་རལ་གྲི་ཟུངས། །མགོ་འདོགས་ན་ཨོ་རྒྱན་རྗེ་ལ་ཐོགས། ། ངོ་འཛིན་ན་དཀོན་མཆོག་གསུམ་ངོ་ཟུངས། །ས་འཛིན་ན་ཆོས་དབྱིངས་རང་མལ་ཟུངས། །མིང་ལེན་ན་སེམས་དཔའ་ཆེན་པོ་ལོངས། །དཔའ་འདོད་ན་ཉོན་མོངས་དགྲ་བོ་ཐུལ། །མཁས་འདོད་ན་གཅིག་ཤེས་ཀུན་གྲོལ་མཛོད། །སྐྱིད་འདོད་ན་ཚེ་འདིའི་ཁེ་གྲགས་སྐྱུངས། །བདེ་འདོད་ན་བདེ་སྟོང་ཉམས་ལེན་མཛོད། །ལེགས་འདོད་ན་དམ་པའི་རྣམ་ཐར་སྐྱོངས། །རྟགས་འདོད་ན་སྙིང་ནས་སྙིང་རུས་གྱིས། །ཅི་འདོད་ན་ཨོ་རྒྱན་ཆེན་པོར་ཞུས། །སྒོམ་འདོད་ན་ཡང་དང་ཡང་དུ་ལྟོས། །གནད་འདོད་ན་བསྐྱེད་རྫོགས་རྫོགས་ཆེན་སྒོམས། །ཀུན་འདོད་པ་ཙམ་གྱིས་མི་ཆོག་སྟེ། །དེ་ལག་ལེན་ཉིད་དུ་འགེལ་བ་དགོས། །མཐར་མ་ཕྱིན་བར་དུ་ཉམས་ལེན་དགོས། །མི་རང་གི་རང་ལ་ལྕག་འདེབས་དགོས། །གྲོས་རང་གྲོས་བཟང་པོ་རང་འདེབས་དགོས། །སྐྱོན་རང་སྐྱོན་ངན་པ་རང་ཤེས་དགོས། །མི་རང་གི་དགེ་སྐུལ་རང་བྱེད་དགོས། །གཏམ་དེ་ནི་རང་གི་ཡིད་འཛིན་དགོས། །རང་སྨྲས་པའི་ཁ་ལ་རང་ཉན་དགོས། །རང་སྒོ་གསུམ་རང་དབང་ཆོད་པ་དགོས། །ཕྱིའི་དགོས་དགོས་མང་པོ་དགོས་མཁོ་མེད། །མི་སུ་ལ་དགོས་པ་དམ་པའི་ཆོས། །དེ་དགོས་ངོ་ཤེས་པ་འགའ་མ་མཆིས། །ཕྱི་དགོས་པའི་ཡོ་བྱད་མེད་ཀྱང་རུང་། །ནང་དགོས་པའི་ཉམས་ལེན་མེད་མི་རུང་། །རང་མཐོ་བར་འདོད་ན་ཉམས་ལེན་གྱིས། །སྐྱིད་མྱོང་བར་འདོད་ན་ཉམས་ལེན་གྱིས། །ནོར་ཕྱུག་པར་འདོད་ན་ཉམས་ལེན་གྱིས། །ཚེ་འདི་བདེ་འདོད་ན་ཉམས་ལེན་གྱིས། ། ཚེ་ཕྱི་སྐྱིད་འདོད་ན་ཉམས་ལེན་གྱིས། །ཆོས་ཉམས་སུ་བླངས་པས་རང་གཞན་གྱི། །དོན་གཉིས་པོ་མྱུར་ཏུ་འགྲུབ་པར་འགྱུར། །གླུ་འདི་ནི་ཤར་གྱི་རྫོགས་ཆེན་པ། །མིང་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་ཡིས། །གནས་འོ་འབུའི་ཕུག་པར་བླངས་པའི་དགེས། །རྗེ་དམ་པའི་རྣམ་ཐར་སྐྱོང་ནུས་ཤོག །ཅེས་སོགས་གསུངས་སོ། །

           3.jpg

      དེའི་རྗེས་ནས་སྡེ་དགེ་འཇིགས་མེད་བསྐལ་བཟང་མཆོག་གི་རིགས་ཀྱི་མྱུ་གུ་མི་དབང་བཀྲ་ཤིས་གཙོས་ཞོང་པའི་སྔགས་འཆང་དག་གིས་སྒོམ་ཁང་གསར་བཞེངས་སོགས་མཛད་དེ་གནའ་ནས་ད་བར་དུ་ཞོང་པའི་སྔགས་རྒན་རྣམ་པས་མཚམས་སྒྲུབ་ཉམས་ལེན་མཛད་ས་ཡིན་ནོ། །

                                                        དུང་དཀར་ཉི་མ་རྫོང་གི་མཚམས་སྦྱོར་འདི་༼ཁྲི་ཀའི་རྙིང་མའི་ཆོས་འབྱུང༽ལས་བཏུས།

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།