ཁྲི་ཀའི་བིས་ཀྱཱ་དགོན།
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2017-02-15 18:09:55    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

             11.jpg

      བིས་ཀྱཱ་དགོན་ནི་ཁྲི་ཀ་རྫོང་མཁར་གྱི་ཧོ་དབྱི་གྲོང་བརྡལ་ནས་ལྷོ་ནུབ་ཕྱོགས་སུ་སྤྱི་ལེ་གཉིས་ཀྱིས་ཆོད་པའི་སར། ར་རྒན་སྡེ་བའི་ཤར་ཕྱོགས་སུ་ཆགས་ཡོད་པའི་དགེ་ལུགས་པའི་སྒྲུབ་སྡེ་ཞིག་ཡིན། 《ཀན་སུའུ་དང་མཚོ་སྔོན་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་ལོ་རྒྱུས》སུ་སྡེ་འདི་ཐོག་མར་ཆིན་རྒྱལ་རབས་ཀྱི་གོང་མ་ཧྲུན་ཀྲིའམ་ཐབས་སྐྱོང་རྒྱལ་པོའི་ཁྲི་ལོ་བརྒྱད་པ་སྟེ་སྤྱི་ལོ1651ལོར་བཞེངས་ཞེས་འབྱུང་། ཡང་ངག་སྒྲོས་སུ་ཧོར་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཞིང་པའི་གྱེན་ལོག་སྔོན་འགོག་གི་ཆེད་དུ་བཏབ་པའི་ཞིག་ཡིན་ཞེས་ཀྱང་ཟེར། གང་ལྟར་ཡང་སྡེ་འདི་མན་ཆིན་སོགས་ཀྱི་རྒྱལ་པོ་སོ་སོར་འབྲེལ་ལམ་ཟབ་པས། སྤྱི་ཚོགས་རྙིང་བར་བཙོན་མ་སྲོག་ལ་བབས་པ་རྣམས་ཀྱང་བྲོས་ཏེ་བིས་ཀྱཱའི་མཁར་སྒོར་འཛུལ་རྗེས་སྲོག་ཁྲིམས་ལས་ཐར་བའི་ལོ་རྒྱུས་སོགས་སྣང་ལ། གོང་མས་གནང་བའི་ཐོབ་དང་ཐམ་ག བསྟོད་པའི་ཡི་གེ་སོགས་གཟེངས་མཐོ་བར་མངོན་ནོ། །དགོན་སྡེ་འདིའི་ཕྱིའི་ལྕགས་རི་ལ་རྒྱང་ནས་བལྟས་ཚེ་གནམ་མཁར་ཞིག་དང་མཚུངས་པས་བོད་མི་རྣམས་ཀྱིས་བིས་ཀྱཱའི་མཁར་ཞེས་འབོད་ལ། སྒོམ་སྡེའི་སྐྱེ་བར་གྲགས་པའི་བིས་ཀྱཱ་ཨ་ལགས་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས་པས་སྒོམ་སྡེའི་སྤྱི་བའང་ཟེར།
      དགོན་སྡེ་འདིར་དེ་སྔ་སྐུ་གསུང་ཐུགས་རྟེན་གྱི་སྐོར་ལ། མཁར་ནང་གི་བཟོ་བཀོད་ལེགས་པའི་བོད་ལུགས་ཀྱི་གཙུག་ལག་ཁང་གི་ནང་དུ་སྐུ་གསུང་ཐུགས་རྟེན་མང་པོ་བཞུགས་ལ། དགོན་པའི་རྒྱབ་ཕྱོགས་སུ་བྱང་ཆུབ་མཆོད་རྟེན་གཅིག་ཡོད་པ་དང་། ལྕགས་རིའི་མདུན་སྒོའི་སྟེང་དུ་ལྷ་ཁང་ཆུང་ངུ་ཞིག་ཡོད་ལ་དེའི་ནང་དུ་ཆོས་སྐྱོང་རྣམས་ཀྱི་སྐུ་བརྙན་གསོན་པོར་སྣང་ཞིང་། མདུན་སྒོའི་ཡ་ཐེམ་དུ(龙佛垂慈)ཞེས་པའི་རྒྱ་ཡིག་གི་ཡིག་བྱང་དང་། གཞན་ཡང་བྱམས་ཁང་སུམ་ཐོག་ཅན་གྱི་ནང་རྟེན་དུ། རྗེ་བཙུན་བྱམས་མགོན་གྱིས་གཙོས་ཉེ་བའི་སྲས་ཆེན་བརྒྱད། གསེར་ཟངས་ཀྱིས་གྲུབ་པའི་སངས་རྒྱས་སྟོང་སྐུ་མཐོ་གང་ལས་ཆེ་བ་དང་སྨན་བླའི་སྐུ་མི་ཚད་ཙམ། བིས་ཀྱཱ་བློ་བཟང་བཤད་སྒྲུབ་རྒྱ་མཚོའི་སྐུ་གདུང་དང་དངུལ་གྱི་མཆོད་རྟེན་ཁྲུ་ལྔ་ཙམ་བཅས་དང་། གསུང་རྟེན་གཞུང་གི་སྐོར་ཡང་མང་པོ་ཞིག་ཡོད། 
      དགོན་པ་འདི་སྔོན་ཆད་ནས་བིས་ཀྱཱ་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས་ཤིང་། རབ་རྒྱལ་མེ་བྱ(སྤྱི་ལོ1957)ལོར་གཤེགས་པའི་བིས་ཀྱཱ་བློ་བཟང་དགེ་འདུན་བཤད་སྒྲུབ་རྒྱ་མཚོ་ནི་སྐུ་ཕྲེང་བཅོ་བརྒྱད་པ་ཡིན་ཟེར་སྲོལ་ཡོད། བིས་ཀྱཱ་བླ་མ་བློ་བཟང་འཕྲིན་ལས་རྒྱ་མཚོ་ནི་བླ་མ་འདི་པའི་སྐུ་ཕྲེང་སྔ་མ་ཞིག་ཡིན་ལ། འཁྲུངས་དུས་ནི་རབ་བྱུང་བཅུ་གཉིས་པའི་ནང་ཡིན་ཚོད་རེད། ཁོང་ཡང་རྒྱའི་རྒྱལ་པོའི་སྲིད་ཞུ་མཁན་ཞིག་ཡིན་འདུག་སྟེ་མཉྫུའི་རྒྱལ་རབས་སྐབས་སུ་གསོལ་བའི་དགོན་པའི་མཚན་ལ་དགེ་བ་ལ་སྤྲོ་བའི་དགོན་པ་ཞེས་དང་། བླ་མ་ཁོང་ལ་རྒྱལ་ཁབ་སྲུང་ཞིང་དགེ་ལ་སྤྲོ་བའི་བླ་མ་ཞེས་གཟེངས་བསྟོད་ཀྱི་ཐམ་ག་སོགས་ཡོད་པར་བཤད། དེ་ལྟར་སྙན་པའི་གྲགས་པ་ཆེ་ཆེར་རྒྱས་པས་ས་དེའི་སྔགས་པ་དང་བོན་པོ་རྣམས་ཀྱིས་བིས་ཀྱཱ་བླ་མ་སྐུ་ཕྲེང་ཕྱི་མ་མི་སྐྱེ་བའི་དམོད་བོར་བ་སོགས་རྟེན་འབྲེལ་གྱི་སྒོ་ནོར་བ་འགའ་བྱུང་བར་གྲགས་སོ། ། བིས་ཀྱཱ་བློ་བཟང་དགེ་འདུན་བཤད་སྒྲུབ་རྒྱ་མཚོ་ནི། ལན་འགྲོ་གོང་མའི་ཀྲུའུ་ཚོ་བར་སྤྱི་ལོ1900ལོར་འཁྲུངས། དྷི་ཚ་བཀྲ་ཤིས་ཆོས་སྡིངས་སུ་སློབ་གཉེར་བྱས་ཏེ་རི་ཁྲོད་པའི་གྲས་སུ་ཞུགས། སློབ་མ་རྣམས་ལ་དབང་ལུང་ཁྲིད་གསུམ་གྱི་ཆོས་རྒྱུན་མང་དུ་བསྩལ་ཏེ་རྒྱལ་བའི་བསྟན་པར་ཞབས་འདེགས་གང་ལེགས་ཞུས། ད་ལྟ་ཡོངས་གྲགས་སུ་ཁྲི་ཀའི་ལྷ་རྩེ་ཞེས་མིང་དུ་གྲགས་པ(ལུགས་རྙིང་ཟླ6པའི་ཚེས22)དེ་ཡང་སྔོན་ཆད་བིས་ཀྱཱའི་མཁར་མདུན་དུ་རྩེད་སྲོལ་ཡོད་ལ། དེའི་སྟེང་གི་སྡིག་རྒྱུན་འགའ་ཞིག་ཀྱང་ཁོང་གིས་བཅད་པ་སོགས་སྐུ་དྲིན་ཆེ་ཟེར། མཐར་རབ་རྒྱལ་མེ་བྱ(སྤྱི་ལོ1957)ལོར་སྐུ་གཤེགས། ལྷ་རྩེད་བྱ་སའི་ཡུལ་དེ་ནི་མི་ཚོགས་ཀྱི་འདུ་འགོད་ཆེ་བ་སོགས་ཀྱི་རྐྱེན་ལས1963ལོར་ད་ལྟར་འཚོགས་བཞིན་པའི་ཀབ་རོན་གྲམ་པའི་འགྲམ་དེར་སྤོས་སོ། །སྐབས་དེར་བིས་ཀྱཱ་བླ་མའི་ནང་ཆེན་ལ་ཁང་བ་གྱན་བདུན་ཅུ་ལྷག་དང་། གྲྭ་ཤག་ལྔ་དང་གྲྭ་པ་ཆེ་ཆུང་བཅུ་གསུམ་ཙམ་ལས་མེད། ཆོས་ཐོག་གི་རིམ་པར་ཡང་ལོ་རེ་བཞིན་བཅུ་བའི་ལྔ་མཆོད་དང་དགུན་ཉི་ལྡོག་སྐབས་ཚེ་སྒྲུབ་ཉིན་བདུན་ཡོད་ལ། དགོན་པར་བདག་དབང་ཡོད་པའི་ས་ཞིང་མུའུ་ལྔ་བརྒྱ་ལྷག་དང་། སྡོང་བོ་བརྒྱད་བརྒྱ་ལྷག་ཡོད། དེ་དག་ཚང་མ་ང་བརྒྱད་དང་རིག་གསར་གྱི་སྐབས་སུ་དགོན་པ་འདི་དང་མཉམ་དུ་ལྷག་ལུས་མེད་པར་བཟོས།
      ད་ལྟའི་བིས་ཀྱཱ་སྤྲུལ་སྐུ་བློ་བཟང་རབ་འབྱོར་ནི་རབ་བྱུང་བཅུ་དྲུག་པའི་ནང་ལྷ་སྡེ་ཨ་ཚོགས་ཏེ་སྔར་ཨ་ལགས་ཉི་མའི་འཁྲུངས་ཡུལ་དུ་སྐུ་འཁྲུངས། ཆུང་དུས་ནས་གྱོན་པ་མདོག་དམར་པོ་དང་སེར་པོ་མ་གཏོགས་གྱོན་གོས་གཞན་གཏན་ནས་མི་གོན། ཤ་ཡང་མི་བཞེས། ཁ་ཟས་ཅི་འབྱོར་ཡང་ཐོག་མར་མཆོད་མདུན་དུ་འཇོག  བྱིས་པའི་སྐབས་རྩེད་སར་འགྲོ་དུས་བྱིས་པ་རྣམས་ལ་ང་ལ་བླ་མ་་ཞེས་བོས་ཟེར། ནར་སོན་ནས་སྐུ་འབུམ་བྱམས་པ་གླིང་དུ་སློབ་གཉེར་མཛད་དེ་དགེ་བའི་བཤེས་གཉེན་དམ་ཆོས་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞུན་དུ་བསྟེན། རྗེས་སུ་ལཱ་མོ་ཡོངས་འཛིན་བླ་མ་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གིས་བིས་ཀྱཱ་སྤྲུལ་སྐུར་ངོས་འཛིན་གནང་སྟེ་སྡེ་འདི་སྐྱོང་བཞིན་པའི་སྐབས་ལགས་སོ། །

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།