གསང་ཆེན་སྔ་འགྱུར་བའི་ལོ་རྒྱུས་སྙིང་བསྡུས།
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2013-05-08 00:15:17    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

    ན་མོ་གུ་རུ་མཉྫུ་ཤྲཱི་ཨ་བྷེ་ལཀྵཾ་ཀ་ར་ཡེ།
    རྒྱལ་ཀུན་མཁྱེན་རབ་སྟོང་གི་ཡེ་ཤེས་ཅན། །བརྩེ་བའི་རང་གཟུགས་པདྨའི་གཟི་བྱིན་ཆེ།། དུས་ཀྱི་མུན་ཚོགས་ཡོངས་སུ་འཇོམ་པའི་ལྷ། །བུ་རམ་ཤིང་བ་སྙིང་གི་དབུས་སུ་མཆོད།།དྭངས་གསལ་ཚོཊ་གཉིས་རྒྱ་མཚོ་ལས་འོང་བའི། །མཁྱེན་བརྩེའི་དཀྱིལ་འཁོར་པདྨའི་རྩེར་སྨིན་པ།།ངོ་མཚར་མཁས་གྲུབ་བྱེ་བའི་རིག་བདག་ཆེ། །མཚོ་སྐྱེས་བླ་མ་དེང་འདིར་རྒྱལ་གྱུར་ཅིག །མཚོ་བཞི་གླིང་ལྔའི་ཁོར་ཡུག་ན། །རྨད་བྱུང་སྟོང་གི་གཟི་འོད་ཅན། །ལྷ་གཅིག་ཕྱག་ན་པདྨ་དཀར། །གངས་རིའི་རྒྱལ་རྔ་དཀྲོལ་གྱུར་ཅིག །འཇིགས་མེད་རྒྱལ་བསྟན་སྤེལ་བའི་ཟླ་ཟེར་ཅན། །ཕུན་ཚོགས་འགྲོ་བའི་དོན་དུ་ཤར་བའི་གཉེན། །བདག་གི་བླ་མ་བཀའ་དྲིན་རྒྱ་མཚོའི་རྗེ། །མི་འབྲལ་སྤྱི་བོའི་རྒྱན་དུ་སླར་ཡང་བརྟེན། །
    དེ་ཡང་གསང་ཆེན་སྔ་འགྱུར་པའི་ལོ་རྒྱུས་སྙིང་བསྡུས་སུ་ཞུ་ན། ཡོངས་རྫོགས་བསྟན་པའི་ཕྱི་མོ་སྔ་འགྱུར་པའི་བསྟན་པ་ཐོག་མར་ཇི་ལྟར་དབུ་བརྙེས་པའི་ཚུལ་ལ། དེ་ཡང་སྔ་འགྱུར་རྙིང་མ་དང་ཕྱི་འགྱུར་གསར་མ་ཞེས་གཉིས་སུ་གྱེས་པ་ལས་དང་པོ་ནི་མཁན་སློབ་ཆོས་གསུམ་ཞལ་འཛོམ་པའི་སྐབས་ཏེ་ལོ་ཙ་བ་ཐོན་མི་སྃ་བྷོ་ཊ་ནས་ལོ་ཆེན་རིན་ཆེན་བཟང་པོའི་རབ་དུ་བསྒྱུར་བཤད་གཏན་ལ་ཕབ་པའི་མདོ་སྒྱུ་སེམས་གསུམ་མན་ངག་སྡེ་བཅུ་བདུན་དང་གསང་སྐོར་རྫོགས་པ་ཆེན་པོ་རྣམས་ཡིན་ལ།དེ་དག་གི་བྱུང་རིམ་ལ་སྤྲུལ་པའི་སེམས་དཔའ་ཆེན་པོ་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་སྐྱ་རེངས་དཀར་པོའི་མཐུ་ལ་བརྟེན་ནས་མདོ་སྔགས་བསྟན་པའི་ཉི་མ་བོད་གངས་ཅན་ལྗོངས་ཀྱི་ཕྱོགས་ཀུན་ནས་ཡོངས་སུ་རྒྱས་པར་གྱུར་པའི་ཚུལ་ལ། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་རབས་སོ་བདུན་པ་རྗེ་བཙུན་འཇམ་དཔལ་དབྱངས་མངའ་བདག་ཆོས་ཀྱི་རྒྱལ་པོའི་རྣམ་རོལ་དུ་བྱོན་པ་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་འཛམ་གླིང་གྲུབ་བརྒྱའི་མེས་པོ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་དང་། ཟ་ཧོར་གྱི་མཁན་ཆེན་བོ་དྷི་ས་ཏྭ་གཉིས་བོད་དུ་སྤྱན་དྲངས་ཏེ་མཁན་སློབ་ཆོས་གསུམ་གྱིས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་མོ་ངོ་མཚར་རྫུ་འཕྲུལ་གྱི་བཀོད་པས་སྤྱི་ལོ༨༡༠པ་ལྕགས་རྟ་ལོར་གསར་ཏུ་བཞེངས་ཏེ་བོད་ཀྱི་དགོན་པ་ཀུན་གྱི་ཐོག་མ་ཡིན་པར་མ་ཟད་སྔ་འགྱུར་བསྟན་པའི་འབྱུང་ཁུང་སམ་བསྟན་པའི་མ་ཡུམ་ཆེན་པོ་ཞིག་ཏུའང་གྱུར། དེ་ནས་རིམ་བཞིན་བཅད་པོ་རིམ་བྱོན་དང་ཁྱད་པར་མངའ་བདག་ཁྲི་རལ་པ་ཅན་གྱིས་འུ་ཤང་རྡོའི་ལྷ་ཁང་སོགས་གཙུག་ལག་ཁང་བརྒྱ་དང་རྩ་བརྒྱད་གསར་ཏུ་བཞེངས། རྒྱ་གར་གྱི་པཎྜི་ཏ་མང་པོ་སྤྱན་དྲངས་ཏེ་ཡབ་མེས་ཀྱི་དུས་སུ་བསྒྱུར་བའི་མདོ་རྒྱུད་ཐམས་ཅད་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ནས་དཀར་ཆགས་ཏུ་བཏབས། མཆོད་གནས་ཀྱི་སྡེ་ཆེན་པོ་གཉིས་ལ་དབུའི་ཐོད་བཅིངས་སྙན་དར་གདན་དུ་བཏིང་སྟེ་སྲི་ཞུ་བླ་ན་མེད་པས་བསྙེན་བཀུར་བ་སོགས་ཆོས་སྲིད་ཟུང་འབྲེལ་གྱི་མཛད་པས་སུམ་གཉིས་འཛམ་གླིང་གི་ཁྱོན་ལ་དབང་བསྒྱུར་བ་སོགས་ལོ་རྒྱུའི་སྤྱིའི་ལུགས་སོ།
སྔ་འགྱུར་པའི་བསྟན་པའི་བབ་སོ་བཤད་པ་ལ།
    དེ་ཡང་ཆོས་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོའི་དུས་སུ་ལོ་ཙཱ་བ་ཐུ་མི་སཾ་བྷོ་ཊས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་དང་གཤེད་སྐོར་སོགས་ཟབ་ཆོས་ཅི་རིགས་པ་བསྒྱུར་ནས་རྒྱལ་པོ་ཉིད་ཀྱིས་ལྐོག་ཆོས་སུ་ཉམས་བཞེས་མཛད་དེ་སྤེལ། དེ་ནས་རྒྱལ་རབས་ལྔ་ནས་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་རྒྱ་གར་གྱི་པཎ་གྲུབ་ཆེན་མོ་དང་བོད་ཀྱི་ལོ་ཙཱ་བརྒྱ་རྩ་བརྒྱད་ཞལ་འཛོམ་ནས་ཐུན་མོང་གི་རྒྱུད་སྡེ་བཞི་དང། ཁྱད་པར་སྔགས་ནང་པ་བསྐྱེད་རྫོགས་ཆེན་གསུམ་གྱི་རྒྱུད་སྒྲུབ་ཐབས་མན་ངག་དགོངས་འགྲེལ་དང་བཅས་པ་ཚང་ལ་མ་ནོར་བ་བསྒྱུར་ཞུས་ཀྱིས་ཏག་ལ་ཕབས་པ་སྟེ། སྐབས་དེ་དུས་ཨོ་རྒྱན་ཆེན་པོ་སོགས་གྲུབ་པ་བརྙེས་པའི་སློབ་དཔོན་རྣམས་ཀྱིས་ལྷ་ཀླུ་གནོད་སྦྱིན་གྱི་གནས་དང། ཨོ་རྒྱན་གྱི་ཡུལ་དང་སྲིན་པོའི་གླིང་སོགས་ནས་སྔར་མི་ཡུལ་དུ་མ་གྲགས་པའི་རྒྱུད་སྡེ་མཐའ་ཡས་པ་རྫུ་འཕྲུལ་གྱི་བཀོད་པས་སྤྱན་དྲངས་ནས་གཏན་ལ་དབབ་པར་མཛད་པས། མཉམ་མེད་ཇོ་བོ་རྗེ་བོད་ལ་ཕེབས་སྐབས་བོད་ལ་འདི་འདྲ་བའི་གསང་སྔགས་ཀྱི་བསྟན་པ་དར་བ་འདྲ་བ་རྒྱ་གར་དུ་མ་བྱུང་བར་གསུང་ནས་སྔོན་གྱི་ཆོས་རྒྱལ་ལོ་པཎ་རྣམས་ལ་ཐལ་མོ་སྦྱར་ཏེ་བསྔགས་བརྗོད་མཛད་པས་མཚོན་ནུས་སོ། དེ་ལ་ཀུན་གཟིགས་རོང་ཟོམ་མ་ཧཱ་པཎྞི་ཏའི་ལུགས་ལྟར་ན་གསང་སྔགས་ཀྱི་བབ་བདུན་དང་གཞན་འཇམ་དབྱངས་མཁྱེན་བརྩེ་ལྟར་ན་བཀའ་བབ་དྲུག་ཏུ་བཞེད། ། བབ་སོ་དང་པོ་ཨོ་རྒྱན་སངས་རྒྱས་གཉིས་པས་ལས་ཅན་སྙིང་གི་བུ་དགུ་སོགས་ལ་གསུངས་པ་དང་། གཉིས་པ་གྲུབ་ཆེན་ནམ་མཁའི་སྙིང་པོ། གསུམ་པ་པཎ་ཆེན་བཱི་མ་ལ་མི་ཏྲ།བཞི་པ་གནུབས་ཆེན་སངས་རྒྱས་ཡེ་ཤེས།ལྔ་པ་གནུབས་ནམ་མཁའི་སྙིངཔོ་དྲུག་པ་ཕྱི་རབས་ཀྱི་དུས་སུ་རྗེ་འབངས་རྣམས་ཀྱི་རྣམ་པར་འཕྲུལ་པ་ཚད་མའི་གཏེར་སྟོན་རིམ་པར་བྱོན་པ་རྣམས་ཀྱིས་ཟབ་ཆོས་རྣམས་དུས་དང་འཚམས་པར་སྤྱན་དྲངས་སྟེ་སྤྱིར་བབ་ལུགས་དྲུག་གི་རྣམ་བཞག་དང་། གཞན་ཡང་། རྡོརྗེ་ཐེག་པའི་བསྟན་པ་དང་པོ་གཉགས་ལ་བབ། བར་དུ་གནུབས་ལ་བབ། ཐ་མ་ཟུར་ལ་བབ་ཅེས་གྲགས་པ་ལྟར་བབ་ལུགས་ཆེན་པོ་གསུམ་གྱི་སྒོ་ནས་བཀའ་གཏེར་མན་ངག་གི་བརྒྱུད་སྲོལ་ཐམས་ཅད་གངས་རིིའི་ལྗོངས་འདིར་དར་བར་གྲགས་སོ།
རིང་རྒྱུད་བཀའ་མ་དང་ཉེ་རྒྱུད་གཏེར་མ་གཉིས་སུ་གྱེས་པ་ལས་དང་པོ།
   དེ་ཡང་བསྟན་པ་སྔ་དར་གྱི་དུས་སུ་ཕྱི་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་སྡེ་ཅི་རིགས་པ་སློབ་དཔོན་སངས་རྒྱས་གསང་བའི་ལུགས་སུ་གྲགས་པའི་ཉན་བཤད་ཀྱི་རྒྱུན་བྱུང་ཡང།མཆོག་ཏུ་སྤེལ་བ་ཟབ་པ་བླ་མེད་ནང་རྒྱུད་སྡེ་གསུམ་གྱི་བཤད་སྒྲུབ་ཀྱི་རྒྱུན་ཡིན་ལ་དེ་ཉིད་ད་ལྟའི་བར་དུ་ཅུང་ཟད་ཉམས་པ་མེད་པར་བཞུགས་པ་སྟེ། བསྐྱེད་པ་མ་ཧཱ་ཡོ་ག་ལ་རྩ་བར་གྱུར་པ་རྒྱུད་སྡེ་དང་ཟབ་སྒྲུབ་སྡེ་གཉིས་སུ་བཞུགས་པ་ལས། དང་པོ་ནི།དེ་ལ་ཏནྟྲ་ཆེན་པོ་བཅོ་བརྒྱད་ཀྱི་རྩ་བ་ལྟ་བུར་གྱུར་པ་སྤྱི་རྒྱུད་སྒྱུ་འཕྲུལ་དྲྭ་བ་གསང་བ་སྙིང་པོའི་སྐོར་རྣམས་ལོ་ཙཱ་བ་རྨ་གཉགས་གཉིས་ཀྱིས་པཎ་ཆེན་བཱི་མ་མི་ཏྲ་ལས་གསན་ཏེ་བསྒྱུར། རྨ་རིན་ཆེན་ལས་གཙུག་རུ་རིན་ཆེན་གཞོན་ནུ་དང་གྱེ་རེ་མཆོག་སྐྱོང་གཉིས་ཀྱིས་ཞུས། དེ་གཉིས་གས་ཞང་རྒྱལ་བའི་ཡོན་ཏན་དང་དར་རྗེ་དཔལ་གྱི་གྲགས་པ་ལ་བཤད། དར་རྗེས་དབུས་དང་གཙང་དུ་ལན་དུ་མར་གསུངས་ཤིང་ཁམས་ཕྱོགས་སུའང་བཤད་པ་སྤེལ། ཞང་ནས་བརྒྱུད་པ་མན་ངག་གི་བརྒྱུད་པར་གྲཊ་ཤིང་འདིས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་བཤད། ཡང་སློབ་དཔོན་པདྨས་གཉགས་རྫྙཱ་ན་ཀུ་མཱ་ར་ལ་གསུང་ཤིང་བཻ་རོ་དང་། ནམ་མཁའི་སྙིང་པོས་ཤྲཱི་སེང་ཧ་དང་ཧཱུཾ་ཀ་ར་སོ་སོ་ལས་གསན་ཏེ་གཉགས་ལ་གནང་ཞིང་། གཉགས་ཀྱིས་བཀའ་སྲོལ་གཅིག་འདྲེས་ཀྱི་བརྒྱུད་པ་སོག་པོ་དཔལ་གྱི་ཡེ་ཤེས་ལ་བཤད། དེ་ལས་ཀྱང་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱིས་གསན་པར་མཛད་དོ། གཞན་ཡང་སློབ་དཔོན་སངས་རྒྱས་གསང་བ་གངས་རི་ཏི་སེར་ཕེབས་པར་ཁྲི་སྲོང་གིས་བོད་ལ་སྤྱན་འདྲེན་དུ་དབས་མཉྫུ་ཤྲཱི་དང་བྲན་ཀ་མུཀྟི་བཏང་ཡང་།རྗེ་བཙུན་འཇམ་དཔལ་གྱིས་གནང་བས་དངོས་སུ་མ་བྱོན་ཀྱང་བྱ་སྤྱོད་ཀྱི་རྒྱུད་སོགས་གསང་བ་སྙིང་པོའི་ཆོས་སྐོར་ཅི་རིགས་པ་བཤད་དེ་བཙན་པོ་ལ་ཆོས་སྐྱེས་སུ་བསྐུར་བའི་བརྒྱུད་པའི་བཀའ་སྲོལ་ཡང་གནུབས་ལ་བབ། གནུབས་ཆེན་ནས་རིམ་པར་ཟུར་མེས་དབོན་རྣམ་གསུམ་སོགས་ལ་བརྒྱུད་པ་ཟུར་ལུགས་སུ་གྲགས་ཤིང། རིམ་བཞིན་སྒྲོ་ཕུག་པའི་སློབ་མ་འཛོམ་སྟོན་འགྲོ་བའི་མགོན་པོ་ལས་ཀཿ་དམ་པ་བདེ་གཤེགས་སོགས་ཀྱིས་གསན་པའི་རྒྱུན་ཕྱིས་སུ་ཁམས་ནས་དབུས་སུ་ཡར་འཕེལ་བ་ལ་སྒྱུ་འཕྲུལ་ཁམས་ལུགས་སུ་གྲགས་ལ། གཞན་ཡང་ཀུན་མཁྱེན་རོང་ཟོམ་གྱིས་བརྒྱུད་པ་ལ་རོང་ལུགས་དང་། ཀུན་མཁྱེན་དྱི་མེད་འོད་ཟེར་གྱི་སྙིང་འགྲེལ་མུན་སེལ་སྐོར་གསུམ་མཛད་ནས་མ་ཧཱའི་ཨ་ཏི་ལྟར་བཀྲལ། རོག་བན་ཤེས་རབ་འོད་ལ་སོ་ཟུར་སྐྱོར་ལུགས་སོགས་བཀའ་སྲོལ་མང་དུ་འདུས་པ་རོག་ལུགས་སུ་གྲགས་པ་སོགས་བྱུང། ཕྱིས་སུ་དཔལ་ལྡན་ཟུར་བའི་བཀའ་སྲོལ་ཉག་ཕྲ་བར་གྱུར་པ་ན། སྨིན་གླིང་གཏེར་ཆེན་ནས་རིམ་བརྒྱུད་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་དང་དེའའི་ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་བར་གྱི་བརྒྱུད་པ་ཕྱོགས་བརྒྱར་འཕེལ་བ་བཅས་སྙིང་པོའི་བསྟན་པ་ཕྱི་མའི་མཐར་ཡང་ཉམས་པ་མེད་པའི་དཔལ་ལ་འགོད་པར་མཛད་དོ།
གཉིས་པ་ཉེ་བརྒྱུད་གཏེར་མའི་བྱུང་ཚུལ་བཤད་པ་ལ།
  གསང་སྔགས་སྔ་འགྱུར་བའི་ཁྱད་ཆོས་སུ་གྲུབ་པ་ཟབ་མོ་གཏེར་གྱི་ལོ་རྒྱུས་མདོ་ཙམ་བརྗོད་ན། དེ་ཡང་བསྐལ་པའི་མཐའ་སྙིགས་མ་ལྔ་ཆེས་ཆེར་བདོ་བའི་དུས་འདིར། ཟབ་གསང་སྙིང་པོའི་ཡང་བཅུད་བཀའ་མའི་ཆོས་རྣམས་ཚོང་དུས་ཀྱི་འོ་མ་བཞིན་དབང་དང་གདམས་ངག་གི་བཀའ་འཆལ། བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་སེལ་དང་འདྲེས་ཁྱེར་གྱི་སླད་ཞུཊ་པས་བྱིན་རླབས་ཀྱི་ཚན་ཁ་ཉམས། དུས་ཀྱི་རྒུད་པ་མི་བཟད་པ་སྟོབས་སུ་བདོ་བས་སྐྱེ་འགྲོ་རྣམས་སྡུག་བསྔལ་དྲག་པོའི་འདམ་དུ་བྱིང་བ་སྐྱོབས་པའི་ཆེད་དང་། གསང་སྔགས་ཀྱི་བསྟན་པ་མི་ནུབ་པའི་ཕྱིར་དུ་ཨོ་རྒྱན་སངས་རྒྱས་གཉིས་པས་སྐུ་ཚབ་ལས་ཅན་གྱི་སྐྱེས་བུ་འབྱུང་བ་རྣམས་གནས་དུས་མཚན་རྟགས་ཀྱི་སྒོ་ནས་གསལ་བར་ལུང་བསྟན། གསུང་ཚབ་བླ་གཏེར་ཐུགས་གཏེར་གྱིས་མཚོན་པའི་གཏེར་རིགས་བཅོ་བརྒྱད་གཏེར་ཏུ་བསྦས། ཐུགས་ཀྱི་དགོངས་པ་རྗེ་འབངས་གྲོགས་གསུམ་སོགས་ལས་ཅན་གྱི་སྐྱེས་བུ་ལ་གཏད་དེ་སྨོན་ལམ་གཏད་རྒྱ་མཛད། ཁྱད་པར་གཏེར་ཏུ་བཞུགས་པའི་ཟབ་ཆོས་ཕལ་མོ་ཆེ་མཁའ་འགྲོའི་བརྡ་ཡིག་གིས་བཅིངས་པས་སྐལ་མཉམ་གྱི་གང་ཟག་ལས་གཞན་གྱི་ཁྲོལ་མི་སྲིད་པས་པས་ན་ཕལ་བའི་གང་ཟག་གིས་བར་མ་ཆོད་མཁའ་འགྲོའི་གསང་བའི་བརྡ་བསྒྱུར་བས་གཞུང་ཟབ་ཅིང་བྱིན་རླབས་ཆེ་བ་དང་། གཏེར་སྟོན་ཉིད་ལས་ཕལ་བའི་གང་ཟག་གིས་བློ་ཇི་ལྟར་བསྒྲིམས་ནས་བརྟགས་ཀྱང་ཚིག་དོན་གྱི་ཆ་ཕྱོགས་ཙམ་དཔྱད་མི་བཟོད་པ་གཏེར་འབྱིན་སྐྱེས་བུ་ཚད་མར་ཡིད་ཆེས་ནུས་པ་དང། གནས་དུས་སྨོན་ལམ་བཟང་པོའི་རྟེན་འབྲེལ་དུས་སུ་བབ་པ་ན་རིག་འཛིན་སྤྲུལ་བའི་གཏེར་སྟོན་མཆོག་གཉིས། རྒྱལ་པོ་ལྔ། གླིང་པ་བརྒྱད། ནུས་ལྡན་ཉེར་གཅིག། གཏེར་ཆེན་བརྒྱ་རྩ། གཏེར་ཕྲན་སྟོང་རྩ་སིགས་ཀྱིས་མཐོང་གྲོལ་རྟེན་གསུམ་དང་ཐོས་གྲོལ་ཆོས་མཛོད། མྱོང་དམ་རྫས་ལ་སོགས་པའི་གཏེར་རིགས་ཀྱི་སྒོ་འཕར་ཕྱེས་ཏེ་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་རྨད་དུ་བྱུང་བས་འགྲོ་བ་སྒྲོལ་བ་སྟེ་ལས་ཅན་དག་པའི་གདུལ་བྱ་སྨིན་ཅིང་གྲོལ་བའི་ས་ལ་བཀོད་པས་མཆིམས་ཕུའི་གྲུབ་ཆེན་ཉེར་ལྔ། ཆུ་བོ་རིའི་འོད་ལུས་གྲུབ་པ་བརྒྱ་དང་བདུན། ཡང་རྫོང་གི་རྟོགས་ལྡན་སུམ་ཅུ། ཤེལ་བྲག་གི་སྔགས་པ་སུམ་ཅུ། འོད་ལུས་སུ་གཤེགས་པའི་མཁའ་འགྲོ་མ་ཉེར་ལྔ། ཡེར་པ་རིའི་འཇའ་ལུས་པ་བརྒྱད་ཅུ། གསང་ཆེན་བླ་མ་རུང་གི་འཇའ་ལུས་པ་བཅུ་གསུམ། ཀཿཐོག་རྡོ་རྗེ་གདན་གྱི་འཇའ་ལུས་པ་འབུམ་གྱིས་མཚོན་གངས་ཅན་གྱི་ལྗོངས་སུ་མཁས་གྲུབ་བསྟན་འཛིན་གྱི་སྐྱེས་བུའི་ཚང་རྡོལ་བར་བྱས་པ་ཁྱད་ཆོས་མངོན་པར་བཀྲ་བ་འདི་ག་གསང་སྔགས་སྔ་འགྱུར་བའི་ཁྱད་ཆོས་སུ་གྲུབ། དེ་བཞིན་ཕྱི་རབས་གདུལ་བྱའི་དོན་དུ་དགོངས་ཏེ་གངས་བྲག་རི་མཚོ་ཐམས་ཅད་སྒྲུབ་གནས་དང་གཏེར་གནས་སུ་བྱིན་གྱིས་རླབས། ཆོས་ནོར་གྱི་གཏེར་ཁས་ཡོངས་སུ་གཏམས་ཤིང་མ་འོངས་པར་སྐུ་ཚབ་ལས་ཅན་གྱི་སྐྱེས་བུའི་གདོན་པར་ལུང་བསྟན་པ་སོགས་ཕྲིན་ལས་ཀྱི་འོད་སྟོང་ནུབ་པ་མེད་པར་ས་ཆེན་པོའི་ཁྱོན་ཡོངས་སུ་ཁྱབ་པར་མཛད།
གསང་ཆེན་སྔ་འགྱུར་བའི་ཆེ་བ་དྲུག
རོང་ཟོམ་པས་གསང་སྔགས་སྔ་འགྱུར་པ་ལ་ཕྱི་འགྱུར་རྣམ་ལས་ཁྱད་དུ་འཕགས་པའི་ཆེ་བ་དྲུག་ཡོད་ཅེས་གསུངས་ཏེ།
   དང་པོ་སྤྲན་འདྲེན་ཡོན་བདག་གི་ཆེ་བ་ནི། སྔ་འགྱུར་གྱི་ཡོན་བདག་འཕགས་པ་རིགས་གསུམ་མགོན་པོ་རྣམ་པ་རྒྱལ་པོའི་ཚུལ་བཟུང་བ་མངའ་བདག་མེས་དབོན་རྣམ་གསུམ་ཡིན་པས་ཕྱི་འགྱུར་པ་རྣམས་ཀྱི་ཡོན་བདག་དང་མི་འདྲ།གཉིས་པ་གང་དུ་བསྒྱུར་ཞིང་གཏན་ལ་ཕབ་པའི་གནས་ནི། སྔོན་སྤྲུལ་པའི་གཙུག་ལག་ཁང་བསམ་ཡས་སོགས་ཆོས་འཁོར་སྟོད་སྨད་དུ་ཡིན་པས།ད་ལྟའི་དགོན་ཕག་ཕུག་ཏུ་བསྒྱུར་བ་དང་མི་འདྲ།གསུམ་པ་སྒྱུར་བྱེད་ལོ་ཙཱ་བའི་ཁྱད་པར་ནི། སྔོན་གྱི་ལོ་ཙཱ་སྒྲ་བསྒྱུར་བཻ་རོ་ཙ་ན་དང། སྐ་ཅོག་ཞང་གསུམ། རྨ་གཉགས་སོགས་སྤྲུལ་པའི་ལོ་ཙཱ་བས་བསྒྱུར་པའི་ཆོས་ཡིན། ད་ལྟའི་ལོ་ཙཱ་བ་དང་མི་འདྲ། བཞི་པ་པཎྜི་ཏའི་ཁྱད་པར་ནི། སྔོན་གྱི་པཎྜི་ཏ་མཁན་པོ་ཞི་བ་འཚོ་དང། སངས་རྒྱས་གསང་བ་དང་། སློན་དཔོན་ཆེན་པོ་པདྨ་འབྱུང་གནས་དང། པཎ་ཆེན་བི་མ་ལ་མི་ཏྲ་སོགས་ས་ཆེན་པོ་ལ་བཞུགས་པའི་བྱང་འཕགས་རྣམས་ཀྱིས་སྤྱན་དྲངས་པའི་ཆོས་ཡིན། ད་ལྟའི་གསེར་འཚོལ་དུ་འཁྱམས་པའི་པཎྜི་ཏ་དང་མི་འདྲ། ལྔ་པ་ཞུ་རྟེན་མེ་ཏོག་གི་ཁྱད་པར་ནི། སྔོན་གསེར་ཤ་བའི་བླུད་བུ་གང་དང་བྲེ་ལ་གཞལ་ནས་ཕུལ་ཏེ་ཞུས་པའི་ཆོས་ཡིན། ད་ལྟ་མཆན་ནས་གསེར་ཞོ་རེ་རེ་གཉིས་གཉིས་བཏོན་ནས་ཞུས་པ་དང་མི་འདྲ། དྲུག་པ་ཆོས་ཀྱི་ཁྱད་པར་ནི། སྔོན་འཕགས་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས་པའི་དུས་སུ་བསྒྱུར་བ་མ་ཟད་འཕགས་ཡུལ་ན་མེད་པའི་རྒྱུད་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་། གྲུབ་པ། རིག་པ་འཛིན་པ་དང། མཁའ་གྲོ་མ་རྣམས་ཀྱིས་བཟུང་སྟེ། དག་པའི་ཞིང་ན་བཞུགས་པ་དང། འཛམ་བུའི་གླིང་གི་ཆ་ཤས་སིངྒ་ལ་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་སོགས་ནས་སློབ་དཔོན་ཆེན་པོ་པདྨ་དང་བི་མ་ལ་མི་ཏྲ་སོགས་ཀྱིས་རྫུ་འཕྲུལ་གྱི་བཀོད་པས་བླངས་ནས་བསྒྱུར་བས་རྒྱ་གར་དུ་པཎ་གྲུབ་ཡོངས་ལ་མ་གྲགས་པ་མང་པོ་ཞིག་ཀྱང་བོད་ཀྱི་བསོད་ནམས་ཀྱི་སྐལ་བར་བྱོན། འགྱུར་ཡང་སྔོན་གྱི་ལོ་ཙཱ་རྣམས་སྤྲུལ་པའི་སྐུ་ཡིན་པས་དོན་ཇི་བཞིན་གཏན་ལ་ཕབས་ནས་གོ་སླ་ཞིང་བྱིངས་མཇལ་པ་ལ་རླབས་ཆེ། ཕྱིས་ཀྱི་ལོ་ཙཱ་རྣམས་ཀྱི་དོན་བསྒྱུར་མ་ཞུས་པར་རྒྱ་དཔེའི་གོ་རིམ་ལྟར་སྒྲ་བསྒྱུར་བྱས་པས་ཚིག་གྲིམས་ལ་གོ་དཀའ། བྱིངས་མཇལ་བ་ལ་རླབས་ཆུང་བ་ལྟར་སྣང་བས་མི་འདྲ་བ་ཡིན་ནོ།

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།