བོན་གྱི་ཡིག་རྙིང༼གནག་རབས ༽ཞེས་བྱ་བའི་བརྡ་སྤྲོད་ཀྱི་ཁྱད་ཆོས་ལ་དཔྱད་པ།
རྩོམ་པ་པོ།  ལྕགས་མོ་མཚོ།    སྤེལ་དུས།  2012-11-16 14:59:56    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

ནང་དོན་གནད་བསྡུས།
དཔྱད་རྩོམ་འདིར་༢༠༠༦ལོར་གསར་རྙེད་བྱུང་བའི་༼གནག་རབས༽ཞེས་པའི་བོན་གྱི་ཡིག་རྙིང་གི་བརྡ་སྤྲོད་ཀྱི་ཁྱད་ཆོས་ལ་དཔྱད་པ་བཏང་ཡོད་ཅིང་། དེར་ཡིག་རྙིང་རང་སྟེང་གི་ཁྱད་ཆོས་དེ་རྣམ་པ་དྲུག་ཙམ་ནས་དཔྱད་པ་དང་། ཡིག་རྙིང་འདི་དང་ཏུན་ཧོང་གནའ་ཡིག་གི་མཐུན་པའི་ཆ་དང་། ཡིག་རྙིང་གི་ཁྱད་ཆོས་གཞན་དག དེ་མིན་བོན་གྱི་ཡིག་རྙིང་ཁྲོད་བྱུང་བའི་ཐ་སྙད་ཁ་ཤས་ལ་འགྲེལ་བཤད་དང་དེ་ལས་འཕྲོས་པའི་བོན་གྱི་ཤེས་རིག་སྐོར་སོགས་ལ་དཔྱད་པ་བཏང་ཡོད་དོ།།
བརྡ་ཆད་གཙོ་བོ། གནག་རབས། བརྡ་སྤྲོད་ཀྱི་ཁྱད་ཆོས། གླུད།

                                                                   ཀླད་ཀྱི་གཏམ།
ཡི་གེ་ནི་མི་རིགས་ཤིག་འཚོ་གནས་བྱེད་པའི་གཞི་རྐང་ཡིན་ཞིང་། མི་རིགས་དེའི་རིག་གནས་སམ་ལོ་རྒྱུས་ལ་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་སྐད་དང་ཡི་གེ་ལའང་འཕེལ་རྒྱས་རབ་དང་རིམ་པ་བྱུང་བཞིན་ཡོད། བོད་མི་རིགས་ལ་མཚོན་ནའང་ནང་ཆོས་བོད་དུ་མ་དར་སྔོན་ནས་བོད་ལ་རང་གི་སྐད་དང་ཡི་གེ་ཕུན་སུམ་ཚོགས་པ་ཡོད་པ་མ་ཟད། གདོད་མའི་བོན་ཆོས་ཀྱི་འཕེལ་རྒྱས་དང་བསྟུན་ནས་འགྱུར་ལྡོག་བྱུང་བ་ཞིག་ཡིན།
དེ་ཡང་ལོ་རྒྱུས་ཀྱི་འཕེལ་རྒྱས་ཆོས་ཉིད་ཅིག་གིས་བོད་རང་ས་ནས་སྐྱེས་པའི་བོན་ཆོས་ལ་བགེགས་གང་མང་ཞིག་ཐེབས་ཏེ་ཐེངས་གཉིས་སུ་བསྣུབས་པ་མ་ཟད། བོན་གྱི་ཆོས་དཔེ་མང་པོ་བྲག་ཐེམ་དང་ས་འོག་ཏུ་གཏེར་དུ་སྦས་ཏེ་མི་རིགས་ཀྱི་རིག་གནས་ངོ་མ་དེ་ས་འོག་ཏུ་དུས་ཡུན་རིང་པོར་སྦས་པ་སོགས་ཀྱི་རྡུང་རྡེག་གང་མང་ཐེབས་པས་བོན་གྱི་རིག་གནས་ལ་ད་བར་དུ་དམའ་འབེབས་དང་མཐོང་ཆུང་གི་སྐྱོ་གར་མཚམས་མ་ཆད་པར་བྱུང་། ཡིན་ཡང་སྲིད་ཇུས་ཀྱི་འགྲོ་ཕྱོགས་དང་མིའི་རིགས་ཀྱི་བསམ་བློའམ་ཤེས་རིག་འཕེལ་རྒྱས་སོང་བ་དང་བསྟུན་ནས། ཞིབ་འཇུག་གི་ལས་དོན་ལ་འབྲས་བུ་བླ་མེད་བྱུང་བ་བརྒྱུད༼གནག་རབས༽ལྟ་བུའི་བོན་གྱི་ཡིག་རྙིང་འདི་ལྟ་བུ་མང་པོ་ཞིག་གནའི་མཆོད་རྟེན་ཞིག་གི་ཁོག་ནས་རྙེད་ཅིང་། དེར་སྲུང་སྐྱོབ་གང་ལེགས་བྱས་པས་བོད་ཀྱི་རིག་གནས་སྤྱིའི་ཞིབ་འཇུག་ལ་རིན་ཐང་མི་དམན་པ་ཞིག་བཞག་ཡོད་པ་མ་ཟད། སྐབས་དེའི་བོན་གྱི་རིག་གནས་ཀྱི་གནས་བབ་དང་བསམ་བློའི་སྐོར་གསལ་བོར་རྟོགས་ཐུབ། འདིར་ཡིག་རྙིང་འདིའི་བརྡ་སྤྲོད་ཀྱི་ཁྱད་ཆོས་ལ་རང་ནུས་ཀྱིས་དཔྱད་པ་ཙམ་གཏོང་ཁུལ་བྱེད་དོ།།
དང་པོ། ཡིག་རྙིང་གི་སྤྱི་ཁོག་ངོ་སྤྲོད།
༼གནག་རབས༽ཞེས་པའི་ཡིག་རྙིང་འདི་ནི་སྤྱི་ལོ་༢༠༠༦ལོའི་དབྱར་དུས་ལྷོ་ཁ་ས་ཁུལ་མཚོ་སྨད་རྫོང་གཏམ་ཤུལ་ཁུལ་གྱི་དད་ལྡན་མང་ཚོགས་ཚོས་དགའ་ཐང་འབུམ་པ་ཆེ་མཆོད་རྟེན་ཉམས་གསོ་ཞུ་སྐབས་མཆོད་རྟེན་ཞིག་རལ་དུ་སོང་བ་དེའི་ནང་ནས་རྙེད་ཅིང་། དེ་ནི་སྤུ་རྒྱལ་བཙན་པོའི་དུས་སུ་གཏོགས་པའི་རྩ་ཆེའི་དཔེ་རྙིང་ཁག་བཞི་ཙམ་གདམ་སྒྲིག་བྱས་ཏེ་དེང་སྐབས་ཞིབ་འཇུག་པ་རྣམས་ལ་འབུལ་བའི་ཞིབ་འཇུག་གི་ནོར་བུ་ཁྱད་དུ་འཕགས་པ་ཞིག་ཡིན།
ཡིག་རྙིང་དེ་ནི་ཤོག་བུ་དཀྱུས་མའི་ཐོག་བྲིས་པའི་གཟུངས་རྟེན་ཡིན་འདུག་ཅིང་། མཆོད་རྟེན་དེའི་ནང་ནས་རྙེད་པའི་ཡིག་རྙིང་དེ་དག་གི་ནང་དོན་ཡང་སངས་རྒྱས་ཆོས་ལུགས་ཀྱི་གཞུང་དང་། གཟུངས་སྔགས་ལ་སོགས་པའི་ཡིག་ཆར་སྣང་ཞིང་། གཞན་ཡང་མཐིང་ཤོག་ཐོག་ཏུ་བྲིས་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གསེར་བྲིས་ཚལ་ཡང་ཐར་ཐོར་དུ་མཆིས། ཡིན་ཡང་དེ་དག་གི་ཁྲོད་དུ་བོན་དཔེ་ཉུང་ཤས་ཤིག་དང་གནའ་བོའི་སྨན་དཔྱད་ཀྱི་ཡི་གེ་གཅིག་ཀྱང་ཡོད། ཞེས་པའི་ཡིག་རྙིང་འདིའི་ནང་གཙོ་བོར་གནའ་དུས་སུ་བོད་མིས་ཡར་གནམ་གྱི་ལྷ་མཆོད་པ་དང་། མར་སའི་འདྲེ་རྡུང་བ། གཤིན་གྱི་དྲི་འདུལ་བ། གསོན་གྱི་རིམ་གྲོ་བྱེད་པ། འདུལ་ངན་པ་བཟང་པོར་འཆོས་པ། དགྲ་བགེགས་རྐྱེན་ངན་བར་ཆད་ཐན་ལྟས་དང་གདོན་གྱི་གནོད་པ་ཐམས་ཅད་ཟློག་པར་བྱེད་པའི་ཐབས་ཅི་རིགས་ཡོད་ཅིང་། དེ་ནི་གཏོ་གླུད་མདོས་ལྟར་ཡར་ལྷར་དམར་བའི་མཆོད་ པ་འབུལ་ནས་དགྲ་བོ་ལས་རྒྱལ་བའི་སྨོན་པ་བྱེད།
ཡིག་རྙིང་འདིར་ཡང་ཟི་མ་རྒོང་དགུ་ཞེས་པ་གཟུགས་སྲོག་ཆགས་དང་གཅན་གཟན་སྣ་ཚོགས་ཀྱི་ཆ་བྱས་ཏེ་ཡར་གནམ་གྱི་ལྷར་མཆོད་པ་དང་མར་བདུད་སྲིན་ལྟས་ངན་ལ་སོགས་ཀྱི་མ་རུངས་བ་རྣམས་བཏུལ་བའི་དགྲ་བགེགས་གནོད་པ་ཟློག་ཐབས་ཀྱི་ཆོ་གའི་རབས་ཏེ། དེ་ནི་གཏམ་རྒྱུད་དམ་སྒྲུང་གི་རྣམ་པའི་ཆ་ནས་བཤད་པ་ཡིན་པས་སོ།། མཁར་རྨེའུ་བསམ་གཏན་ལགས་ཀྱིས་བོན་ལུགས་དང་འབྲེལ་བའི་ཆོ་ག་སྤེལ་སྐབས། གཏམ་རྒྱུད་ ཀྱི་ཆ་རྣམས་ལ་རབས་ཞེས་ཟེར་བ་ཡིན། རབས་ཞེས་པ་བརྗོད་སྐབས། ཆོ་ག་སྤེལ་མཁན་དེས་ གཏམ་རྒྱུད་ནང་གི་ལྷ་གཙོ་བོ་དེའམ་ཡང་ན་གཏམ་རྒྱུད་ནང་གི་ལྷ་རིགས་ག་གེ་མོ་ཞིག་རང་ཉིད་ཀྱི་བློར་སྒོམ་པ་ཡིན། ཆོ་ག་དང་འབྲེལ་བའི་གཏམ་རྒྱུད་བརྗོད་པའི་སྐབས་སུ་‘གཏོ’ཞེས་པའི་མིང་ཚིག་དེ་རྟག་པར་ཐོན་པ་ཡིན། ‘གཏོ’ཞེས་པའི་ཚིག་གི་ཐོག་མའི་གོ་དོན་ནི་‘ན་གསོ’ཞེས་ནད་ཅིག་གི་གཉེན་པོ་ཡིན་པར་གོ་ལ། དེས་སྐྱེ་བོ་ནད་ཅན་པའི་ལུས་ཐོག་ཏུ་འཁྱུད་པའི་གདོན་ནམ་བགེགས་ཞེས་པའི་གནོད་བྱེད་དག་ཚར་བཅད་ནས་ནད་པའི་སྲོག་སྐྱོབ་པ་ཡིན། ཞེས་པ་ལྟར་༼གནག་རབས༽སུའང་སེམས་ཅན་ལ་གནོད་པའི་གདོན་རིགས་ལ་ཆད་པས་ཟློག་པར་བྱེད་པའི་གཏམ་རྒྱུད་བརྗོད་ཡོད། གཏོའམ་གླུད་ཀྱི་ཆོ་ག་འདི་ནི་དེང་གི་བོན་མང་ཁྲོད་དུའང་རྒྱུན་སྤྱོད་བྱེད་བཞིན་ཡོད་དེ། མི་ཞིག་ལ་གང་ཡིན་མི་ཤེས་པའི་ནད་སོགས་བྱུང་ན་དེར་གདོན་ཞུགས་སོང་ཟེར་ནས་གཏོའི་ཆོ་ག་སྤེལ་བ་དང་། ཁྱིམ་ཚང་གང་གིས་ལོ་རེར་གདོན་དང་འདྲེ་སྲིན་འགོང་བོ་སོགས་ཟློག་པའི་བཅའ་བ་རིམ་ གྲོ་བསྒྲུབ་པའི་སྲོལ་ཡོད་ཅིང་། ཁྱིམ་དུ་སྔགས་པ་དང་དཔོན་རྒན་གདན་འདྲེན་བྱས་ནས་གཏོ་ཡས་གླུད་ཀྱི་ཟན་བཟོས་ཏེ་མ་རུངས་པ་དག་ཟློག་པར་བྱེད་དོ།།
གཉིས་པ། ཡིག་རྙིང་རང་སྟེང་གི་བརྡ་སྤྲོད་ཀྱི་ཁྱད་ཆོས།
དེ་ཡང་བརྡ་རྙིང་ཡིག་ཆ་ནི་བོད་རྒྱལ་ཁྲི་རལ་བ་ཅན་གྱི་སྐུ་རིང་ལ་བོད་ཡིག་བསྒྱུར་བཅོས་རྒྱ་ཆེན་པོ་མཛད་དེ་མིང་བརྡ་ཐ་སྙད་མང་པོ་གཅིག་གྱུར་དང་སྔ་འགྱུར་ཐམས་ཅད་དག་པར་བྱས་ཤིང་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ། གནའི་བརྡ་གོ་དཀའ་བ་རྣམས་དོར་ནས་གོ་སླ་འདོན་བདེར་བཏང་བའི་ཡར་སྔོན་གྱི་ཡིག་ཆར་གོ་དགོས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་བཀས་བཅད་ཐེངས་གསུམ་ལས་བོད་ཀྱི་བརྡ་སྤྲོད་དང་སྐད་ལ་བསྲེགས་བཅད་བརྡར་གསུམ་གྱི་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད་ཅིང་། རིམ་བཞིན་བོད་ཀྱི་རིག་གནས་མ་ལག་ཁྲོད་ཆེས་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཏུ་གྲུབ་ཡོད། དེ་བས་བོན་གྱི་ཡིག་རྙིང་འདིའི་མགོ་མཇུག་བར་གསུམ་གང་དུ་བལྟས་ཀྱང་བཀས་བཅད་ཐེངས་དང་པོ་བྱས་རྗེས་ཀྱི་ཡིག་རྙིང་ཞིག་ཡིན་པར་འདོད་དེ། དེ་ཉིད་ཀྱི་ཡི་གེའི་ཁྱད་ཆོས་དང་ཚིག་སྦྱོར་སྡེབ་སྟངས་སོགས་གང་གི་ཆ་ནས་བལྟས་ཀྱང་བཙན་པོའི་སྐབས་ཀྱི་ཡིག་རྙིང་ཞིག་ཡིན་པར་འདོད། འདིར་ཡིག་རྙིང་འདིའི་བརྡ་སྤྲོད་ཀྱི་ཆར་ཕྲད་དང་རྣམ་དབྱེའི་སྦྱོར་སྟངས་ཀྱི་ཁྱད་ཆོས་ཙམ་ལ་དཔྱད་ན།
གཅིག གི་གུ་ཕྱིར་ལྡོག་ཅན་མང་བ།
གི་གུ་ཕྱིར་ལྡོག་ཅན་དེ་ནི་བོད་བཙན་པོའི་སྐབས་ཀྱི་ཡིག་རྙིང་ཁྲོད་ཆེས་མང་བའི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན་ཞིང་། ཡི་གེ་གང་དུ་གི་གུ་ཕྱིར་ལྡོག་ཅན་ཡོད་པ་མཐོང་བ་ཙམ་ལས་ང་ཚོས་གནའ་ཡིག་ཡིན་པ་རང་གར་རྟོགས་ཐུབ།
གི་གུ་ཕྱིར་ལྡོག་ཅན་དེ་ནི། བོད་རང་གི་ཡི་གེའི་དབྱངས་ཡིག་བཞི་ལས་གི་གུའི་ཀློག་སྟངས་དང་འདྲ་ཞིང་བཀོལ་སྲོལ་ཡང་དེ་ལྟར་ཡིན་པ་ལག་ལེན་གྱི་ཁྲོད་ནས་ར་སྤྲོད་ཐུབ་པས་དེ་ལྟར་བརྗོད་ན་བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་དང་མཐུན་པ་མ་ཟད། ཀློག་ནའང་གི་གུ་དང་ཁྱད་པར་མེད་པའི་རྣམ་པ་ཙམ་དུ་སྣང་མོད། དོན་དུ་དེ་གཉིས་མཉམ་དུ་སྦྱར་ན་དབྱངས་འགྲོས་སྙན་ཉམས་འབྱུང་བར་གནོད། སྡེ་སྦྱོར་རིག་པར་མཚོན་ན། གཙོ་བོ་དབྱངས་ཀྱི་སྡེབ་སྦྱོར་ཡིན་ལ། དབྱངས་འདྲ་བ་གཉིས་མཉམ་པར་སྦྱར་ནའང་སྡེབ་སྦྱོར་ཉམས་པའི་སྐྱོན་འབྱུང་། དབྱངས་འདྲ་མིན་སྣ་ཚོགས་རྒྱ་མཚོའི་རླབས་ལྟར་སྦྱར་ནས་བཏོན་ན་བདེ་ཞིང་ཉན་ན་སྙན་པའི་འགྱུར་ཁུགས་ཀྱིས་ཕྱུག་པས། ཡིག་རྙིང་སོགས་ཀྱི་ནང་དུའང་གི་གུ་གཉིས་མཉམ་པོར་ཡོད་པ་སྔ་མ་ཕྱིར་ལོག་དང་རྗེས་མ་ཕྱིར་ལོག་མིན་པ་སྦྱར་བ་མང་། ཞེས་པ་ལྟར་གི་གུ་དེ་གཉིས་ཁྱད་པར་མེད་པ་མིན་པ་གསལ་བོར་བསྟན་ཡོད། དེར་བོན་གྱི་༼གནག་རབས༽ཡིག་རྙིང་འདིར་ཡང་གི་གུ་ཕྱིར་ལོག་སྤྱད་པ་ཤིན་ཏུ་མང་སྟེ། ༼ད་ནྀ་རྒོད་གསས་ཁམ་པ་འྀས།། གྲ་དང་རྐུན་མ་ཁྲྀད་ལ་ཤོག།། སྐུ་ལ་ཅྀ་གསོལ་ན།། བྱ་རྒོད་སླག་པ་གསོལ།།༽ ཞེས་གི་གུ་ཕྱིར་ལོག་བཀོལ་པར་བལྟས་ན་ནང་དོན་དང་ཀློག་སྟངས་ཀྱི་ཆ་ནས་ཁྱད་པར་མེད་ཀྱང་དབྱངས་ཀྱི་འགྲོས་དང་སྒྲ་གདངས་ཀྱི་རིམ་པའི་ཐད་ནས་གཅིག་མཚུངས་མིན་པར་སྙམ། གལ་ཏེ་ཡིན་ན་བཙན་པོའི་སྐབས་སུ་ཚིག་གམ་སྐད་ཆ་གཅིག་གི་ནང་དུ་དོན་གཅིག་པའམ་གཟུགས་གཅིག་པའི་ཡི་གེ་གཉིས་མཉམ་དུ་མི་བཀོལ་བའི་སྲོལ་དེ་རྒྱུ་མཚན་དུ་རུང་བ་དང་། དེའང་མིན་པར་དེ་གཉིས་ཡོངས་སུ་གཅིག་པ་ཡིན་བཤད་ན་ཚིག་གཅིག་གི་ནང་དུ་དེ་གཉིས་པོ་བཀོལ་བ་ནི་རྣམ་པའི་མཛེས་པ་ཙམ་དུ་རུང་ངོ།། ༼གནག་རབས༽ཞེས་བྱ་བའི་བོན་གྱི་གནའ་ཡིག་འདིའི་ནང་དུའང་གི་གུ་ཕྱིར་ལོག་མཉམ་དུ་སྤྱད་པའི་སྲོལ་མང་ཞིང་། དེ་ལས་དེ་ནི་བཙན་པོའི་སྐབས་བོན་ཆོས་བསྣུབས་དུས་གཏེར་དུ་སྦས་པའི་ཡིག་རྙིང་ཞིག་ཡིན་པ་ར་སྤྲོད་བྱེད་ཐུབ་པ་མ་ཟད། ཏུན་ཧོང་གི་ཡིག་རྙིང་རྣམས་དང་མཐུན་པའི་ ཚིག་སྦྱོར་གྱི་ཆ་མང་པོ་ཡོད་པ་རྟོགས་ཐུབ།
གཉིས། སྡེ་པ་གཅིག་གམ་ཡང་ན་སྡེ་བ་མི་གཅིག་པའི་མིང་གཞི་ཕན་ཚུན་བརྗེས་པ།
བོད་ཀྱི་ཡིག་རྙིང་གི་ཁྲོད་དུ་སྡེ་བ་གཅིག་པའི་ཡི་གེ་ཕན་ཚུན་བརྗེ་རེས་བྱེད་པའི་སྣང་ཚུལ་ཧ་ཅང་མང་སྟེ། རྗེས་འཇུག་དང་མིང་གཞི་སོགས་ཀྱི་ཡི་གེའི་གསལ་བྱེད་ཕན་ཚུན་བརྗེ་རེས་བྱེད་ཅིང་། བོན་གྱི་ཡིག་རྙིང་འདིའི་ཁྲོད་དུའང་དེ་འདྲའི་དཔེ་ཡོད་པ་འདི་ལྟ་སྟེ། སེན་མོ་མཆེ་བ་ཡན་ཅད་རྟགས་སུ་ཁྱེར་ལ་ཤོག་ཞེས་ཆད་དང་ཅད། བཙུན་པོ་ལ་མཚུན་པོ། གཅིག་དང་གཆིག དྲི་དང་གྲི། འདྲ་དང་འགྲ། ཁྱེར་ལ་ཀྱེར་དང་། དཀར་ལ་དགར། གྲོངས་དང་དྲོངས། འགྲུབ་ལ་དྲུབ། མགོ་ལ་འགོ ཐག་ལ་དག དྲོ་བ་ལ་གྲོ་ལྟ་བུ་སོགས་ཀྱིས་མིང་གཞི་ཕན་ཚུན་བརྗེ་རེས་བྱས་པ་ཤིན་ཏུ་མང་། སྔོན་རྗེས་མིང་གཞི་གསུམ་གྱི་ཡི་གེ་ཕན་ཚུན་བརྗེ་རེས་བྱེད་པ་ནི་བོད་ཀྱི་ཡིག་རྙིང་གི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན་ཞིང་། སྔོན་བྱོན་མཁས་དབང་དུ་མས་རྒྱུ་མཚན་མང་པོ་ལུང་དུ་དྲངས་པ་ལྟར་ང་ཚོས་འདིར་རེ་རེ་བཞིན་བསྐྱར་བཤད་བྱེད་མི་དགོས་པས་རེ་ཞིག་བཏང་སྙོམས་སུ་བཞག་གོ །
གསུམ། མིང་གཞིར་འ་མཐའ་སྦྱར་བ་མང་བ།
བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་དུ་བཤད་པ་ལྟར། ཡི་གེའི་སྒྲའི་སྐྱེ་གནས་འདྲ་བའམ་རྟགས་མཚུངས་པ་དང་། གསལ་བྱེད་ཀྱི་ཡི་གེ་རྣམས་ཀྱི་སྲོག་ཏུ་འ་ཡིག་ཞུགས་པ་མངོན་སུམ་དུ་བྲིས་ཡོད་པ་དེའང་རང་བོད་ཀྱི་ཡིག་རྙིང་གི་ཐུན་མོང་གི་ཁྱད་ཆོས་ཤིག་ཏུ་བརྗོད་ཆོག ཡི་གེའི་ཟོར་ཡང་བའམ་སྒྲ་གདངས་ཀྱི་དམ་ལྷོད་ཀྱི་དབང་ཙམ་ལས་གསལ་བྱེད་སུམ་ཅུའི་ཁོག་ཏུ་འ་ཡིག་ཞུགས་ཡོད་ཅིང་། འ་ཡིག་དེས་ཡི་གེའི་ལྕི་ཡང་དང་བྱེད་ནུས་ཁྱད་ཅན་ཞིག་སྦས་ཡོད། དེ་ནི་བོད་ཀྱི་སྐད་གསར་བཅད་སྔ་རྗེས་ཀྱི་ཡིག་རྙིང་ནང་དུ་མཐོང་རྒྱུ་ཡོད་པ་ལས་ད་ཡོད་ཀྱི་ཡི་གེའི་ནང་དུ་མཐོང་དཀོན་ཏེ། མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་དང་བསམ་པའི་དཔལ་ཡོན་དར་བ་ལས་སྐད་དང་ཡི་གེལའང་འགྱུར་ལྡོག་རབ་དང་རིམ་པ་བྱུང་བའི་ཆོས་ཉིད་ཅིག་གིས་བོད་ཀྱི་ཡི་གེ་ལའང་སྔ་རྗེས་སུ་སྐད་གསར་བཅད་ཐེངས་གསུམ་བྱས། དེ་ལས་བོད་ཀྱི་ཡི་གེའི་སྲོག་ཞུགས་ཀྱི་འ་ཡིག་དོར་བར་བྱས་ཤིང་། སྐབས་དེའི་བོད་ཀྱི་ཡི་གེས་བོད་ཀྱི་རིག་གནས་དང་ཤེས་རིག་དངོས་མ་དེ་མཚོན་པར་བྱེད་ཐུབ་པར་སྙམ། ཡིག་རྙིང་འདིའི་ཁྲོད་དུའང་ཏུན་ཧོང་གནའ་ཡིག་དང་འདྲ་བར་འ་ཡིག་ཞུགས་པ་མང་བ་དཔེར་ན། དགྲ་ལ་གྲའ་དང་། འདྲ་ལ་འདྲའ་དང་དྲའ། བ་ལ་བའ། ནོ་ལ་ནོའ། སོགས་ལྟ་བུའོ།།
བཞི། འབྲེལ་སྒྲ་དང་། བྱེད་སྒྲ། ལ་དོན་གྱི་སྦྱོར་ཚུལ་ལ་གོ་རིམ་མེད་པ།
སྤྱིར་སུམ་ཅུ་བའི་གཞུང་ལྟར་ས་སུ་ག་བ་ད་དྲག་ཏུ། ང་ད་ན་མ་ར་ལ་དུ། འ་དང་མཐའ་རྟེན་མེད་པའི་མཐར། རྐང་བ་སྐོང་ཚེ་ཡི་འཐོབ་བོ་དང་། ད་བ་ས་ཀྱི་ག་ང་གི ན་མ་ར་ལའི་རྗེས་སུ་གྱི། འ་དང་མཐའ་མེད་རྣམས་ཀྱི་རྗེས། འི་དང་ཡི་ཞེས་འཐོབ་པའོ།། ཞེས་རང་གི་ཕྲད་ཀྱི་འཇུག་ཡུལ་དང་བསྟུན་ནས་སྦྱོར་དགོས་མོད། ཡིན་ཡང་གནའ་བོའི་ཡིག་རྙིང་ཁྲོད་དུ་དེ་དག་ལ་གོ་རིམ་མེད་པར་ཡོངས་སུ་འཆོལ་བར་གྱུར་བ་སྟེ། དཔེར་ན། ༼གནག་རབས༽ཞེས་པའི་ཡིག་རྙིང་ཁྲོད་དུ་ག་རྗེས་སུ་ཀྱི་སྦྱར་བ་ཉི་ཤུ་ལྷག་དང་། ང་རྗེས་སུ་གྱི་དང་གྱིས་སྦྱར་བ་ཉི་ཤུ་ལྷག ནའི་རྗེས་སུ་ཀྱི་སྦྱར་བ་བཅུ་ལྷག་དང་། ག་རྗེས་སུ་དུ་སྦྱར་བ། ལ་རྗེས་སུ་ཀྱི་ཐོབ་པ། སའི་རྗེས་སུ་ཅིག དེ་མིན་མ་མི་མིན་མེད་བཞིར་ཡ་བཏགས་སྦྱར་ཡོད་པ་ལྟ་བུ་ཧ་ཅང་མང་ཞིང་། དེ་ནི་ཨ་མདོའི་ཁ་སྐད་དང་མཐུན་པར་མི་ཤེས་པ་ལ་མྱི་ཤེས་དང་། མེད་ལ་མྱེད། མི་ལ་མྱི། མིག་ལ་མྱིག་སོགས་སུ་བྲིས་པ་མང་།
རེ་རེ་ཞེས་དཔེར་དྲངས་ན། སྲན་ཆུང་གྱི་ཕྱེ་ལ་དང་། མེ་ལྕེ་རླུང་གྱིས་བསྐོར་པ་དྲའ། བདག་ཀྱི་གྲ་བོ་ཁྲིད་ལ་ཤོགགྲའ་བོའི་དུར་གྱི་མཚུན་ཁྲུགས་ཅྀག ཟངས་ཀྱི་འཚེར་ཞུ་ཅན་གྱི་ཕྱག་དུ། འོན་ཀྱི་གཅུང་མོ་བའ། གཡུང་དྲུང་འཕྲུལ་ཀྱི་གསས་མཁར་ན། ཞེས་རེའུ་མིག་ཏུ་བཀོད་ན།
ཡིག་རྙིང་ཁྲོད་ཀྱི་དཔེ།                        ཐོབ་ཐང་།     སུམ་རྟགས་ཀྱི་ཐོབ་ཐང་།
སྲན་ཆུང་གྱི་ཕྱེ་ལ།                               ང—གྱི                ང—གི
མེ་ལྕེ་རླུང་གྱིས་བསྐོར་པ་དྲའ།                  ང—གྱིས              ང—གིས
བདག་ཀྱི་གྲ་བོ་ཁྲིད་ལ་ཤོག                     ག—ཀྱི                ག—གི
གྲའ་བོའི་དུར་ཀྱི་མཚུན་ཁྲུགས་ཅྀག            ར—ཀྱི                ར—གྱི
ཟངས་ཀྱི་འཚེར་ཞུ་ཅན་གྱི་ཕྱག་དུ།             ག—དུ                ག—ཏུ
འོན་ཀྱི་གཅུང་མོ་བའ།                            ན—ཀྱི                ན—གྱི
གཡུང་དྲུང་འཕྲུལ་ཀྱི་གསས་མཁར་ན།          ལ—ཀྱི             ལ—གྱི
གྲའ་བོའི་སྙིང་ཕྱུང་ཅིག                           ང—ཅིག          ང—ཞིག
གྲའ་བོའི་དུར་གྱི་མཚུན་ཁྲུགས་ཅྀག              ས—ཅིག          ས—ཤིག
གཞན་ཡ་མཚར་བ་ཞིག་ལ། བོན་གྱི་ཡིག་རྙིང་གང་དུའང་ལ་དོན་དང་ལྷག་བཅས་ཀྱི་ཕྲད་༼ཏུ༽དང་༼ ཏེ ༽བཀོལ་བའི་རྣམ་པ་ཧ་ལམ་མེད་པར་སྣང་། ཡང་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཆེད་མཁས་པ་རྣམས་ཀྱིས་ཀྱང་ལས་གཞིའི་གོ་རིམ་ཁྲོད་ནས་༼ཏུ་༽དེ་བཀས་བཅད་སྔོན་དང་ཐེངས་དང་པོའི་སྐབས་ཀྱི་ཡིག་ཆའི་ཁྲོད་ན་མེད་པར་གསུངས་ཡོད་ལ། དེ་ནི་བཀས་བཅད་བར་མའི་རྗེས་ཀྱི་ཡི་གེའི་ནང་ད་གཟོད་བྱུང་བར་བརྗོད་ཡོད་པ་སྟེ། དེ་བཞིན༼ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་༽ཞེས་པའི་བཤུས་དཔེའི་ནང་གི་ལོ་ཚིགས་ཀྱི་དུམ་བུ་དེའི་ནང་དུ་ལ་དོན་གྱི་ཕྲད་གཞན་དབང་ཅན་ཉིས་བརྒྱ་ལྷག་ཙམ་བྱུང་བའི་ནང་དུ་༼ཏུ༽ནི་ཆེས་མཐོང་དཀོན་པར་སྣང་ཞིང་རྗེས་འཇུག་ག་བ་གཉིས་དང་། ད་དྲག་དངོས་སམ་དོན་ཐོབ་ཏུ་ཡོད་པའི་རྗེས་སུ་ལ་དོན་གྱི་ཕྲད༼དུ་༽སྦྱར་བ་ཕལ་ཆེར་བྱུང་བར་དཔགས་ན། གནའ་བོའི་ཡི་གེར་ལ་དོན་གྱི་ཕྲད་༼ཏུ་༽མཐོང་དཀོན་པའི་སྣང་ཚུལ་འདི་ནི་སྟེས་དབང་གི་བྲིས་ནོར་ཙམ་ཞིག་མ་ཡིན་པར་དུས་སྐབས་དེ་དག་ཏུ་ལ་དོན་གྱི་ཕྲད༼ཏུ་༽ནི་དར་སྲོལ་དེ་ཙམ་མེད་པ་ཞིག་ཡིན་པའི་ཚོར་སྣང་སྟེར༽ ཞེས་གནའ་བོའི་ཡིག་རྙིང་ཁྲོད་དུ་༼ཏུ༽བཀོལ་བའི་སྣང་ཚུལ་ཕལ་ཆེར་མེད་པར་བཤད་ཡོད། གྱི་ན་བས་བོན་གྱི་ཡིག་རྙིང་བདམ་སྒྲིག་དང་ཡང་ན་༼ཁུ་བྱུག་སྔོན་མོ་༽སོགས་གང་དུ་བལྟས་པའི་གོ་རིམ་ཁྲོད་དེ་གཉིས་བཀོལ་བའི་ཆ་ནི་ད་སྔར་མཐོང་མ་བྱུང་། ཡང་མ་མཐོང་ཕྱིར་ན་མེད་པ་མིན་པའི་དཔེ་ལྟར་གཞན་དག་ཏུ་ཡོད་ཀྱང་སྲིད་པས་ད་རུང་མུ་མཐུད་དུ་ཞིབ་འཇུག་དང་དོ་སྣང་བྱ་དགོས་པར་སྙམ།
ལྔ། འདོགས་ཅན་ར་བཏགས་རྣམས་ཡ་བཏགས་སུ་བསྒྱུར་བ།
གྲི་ལ་གྱི་དང་། སྐྲ་ལ་སྐྱ། འགྲོ་ལ་འགྱོ། གཞན་མ་མི་མིན་མེད་དགག་པའི་སྒྲ་རྣམས་ལ་ཡ་བཏགས་པ་སྟེ་མིག་ལ་མྱིག་དང་། མེ་ལ་མྱེ། མི་ལ་མྱི། ཆོག་མི་ཤེས་ལ་ཆོག་མྱི་ཤེས་པ། ཆུད་མི་ཟ་ལ་མྱི་ཟའོ། མེད་ལ་མྱེད་སོགས་ཏུན་ཧོང་གནའ་ཡིག་དང་མཐུན་པའི་སྒོ་ནས་ཡ་བཏགས་སྦྱར་བའང་ཡོད། དེ་དག་ནི་དེང་གི་ཨ་མདོའི་སྐད་དང་མཐུན་ཏེ། གང་ལ་འགྱོ། དེ་ན་མྱི་མེད་ཀི མྱེས་འབར། སྐྱ་བཞར་བ་སོགས་ལ་བལྟས་ན་གནའ་ཡིག་གི་ཁྱད་ཆོས་ལས་དེང་གི་ཁ་སྐད་རྣམས་རྒྱུན་འབྱམས་སུ་སོང་ཡོད་པ་རྟོགས་ཐུབ།
དྲུག ཚིག་སྦྱོར་གྱི་ཁྱད་ཆོས།
གོང་དུ་བཤད་ཟིན་པ་ལྟར་ཡིག་རྙིང་འདིའི་རྗོད་བྱེད་ཚིག་གི་ཁྱད་ཆོས་སྟེང་ནས་བརྗོད་ན། དེ་ནི་ཏུན་ཧོང་གཏེརཡིག་གི་ཁྱད་ཆོས་དང་ཡོངས་སུ་མཚུངས་པ་ཡིན་ཏེ། གཅོད་མཚམས་ གསལ་ཞིང་འགྲོས་རིམ་ལྡན་པ། ཚིག་སྡུད་ཆེ་ཞིང་ལས་ཚིག་ཕུན་སུམ་ཚོགས་ལ་བཀོལ་སྟངས་བྱང་ཆུབ་པ་དང་། བོད་གནའ་རབས་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཆའི་སྒྱུ་རྩལ་གྱི་ཉིང་བཅུད་བསྡུས་ཡོད་པ་སོགས་ཀྱི་ཁྱད་ཆོས་ལྡན་ལ། དེ་མིན་ཚིག་གི་ཉམས་ལ་གསོན་ཉམས་ལྡན་ཞིང་སྒྱུ་རྩལ་གྱིས་ཕྱུག་པ་མ་ཟད་རོ་བཅུད་དང་ལྡན་པ་དང་། གནའ་བོའི་མི་རྣམས་ཀྱི་སྐད་ཆའི་འགྲོས་འགྱུར་དང་བསྟུན་ནས་ཁ་སྐད་དམ་ཡུལ་སྐད་འདྲེས་ཡོད་ཅིང་། ཟློས་སྒྲའི་རྣམ་པ་ཡོད་པ་སྟེ། ཟློས་སྒྲའི་རྣམ་པའི་མིང་ཞེས་པ་ནི་འདོད་རྒྱལ་གྱི་མིང་དག་གི་རྨང་གཞིའི་ཐོག་དར་འཕེལ་བྱུང་བའི་མིང་གི་གྲུབ་ཚུལ་གྱི་རྣམ་པ་ཁྱད་པར་བ་ཞིག་སྟེ། སྒྲ་ཚིགས་གཅིག་གམ་ཚེག་ཁྱིམ་གཅིག་ཅན་གྱི་མིང་ངམ་ཐ་སྙད་བསྐྱར་ཞིང་བཟློས་ནས་གྲུབ་པའི་མིང་འདུས་མའི་རིགས་ཤིག་ལ་ངོས་འཛིན་དགོས་སོ།། ཞེས་གསུངས་ཡོད་ཅིང་། རྗོད་བྱེད་ཚིག་དེའི་དགོས་མཁོ་དང་བྱེད་ནུས་ཀྱི་དབང་གིས་ཟློས་སྒྲ་སྟེ་མིང་དེ་བསྐྱར་ཞིང་ཟློས་ན་ཚིག་ཉམས་ཕུན་སུམ་ཚོགས་པ་ཞིག་ཐོན་ནུས་པ་དང་། རང་བོད་ཀྱི་སྐད་ལ་མཚོན་ན་ངག་ཡིག་ཐོག་གཉིས་ཀའི་བརྡ་སྤྲོད་ཀྱི་འཕེལ་སྟངས་ལ་ཁྱད་པར་ཅུང་མཆིས་མོད། ཡིན་ཡང་ཟློས་སྒྲའི་མིང་དག་གིས་སྐད་ཆའི་གནས་བབ་སོ་སོར་བརྗོད་དོན་གང་རུང་ཞིག་གི་ཁྱད་ཆོས་དང་རང་བཞིན་འབུར་དུ་བཏོད་ནུས་པ་མ་ཟད། ཚིག་སྦྱོར་གྱི་ཉམས་ཀྱང་ལྷག་ཏུ་འདོན་ཐུབ་པས་བོད་ཀྱི་ཁ་སྐད་དང་ཡང་ན་རྒྱུན་བཀོལ་གྱི་ངག་ཐོག་རྩོམ་རིག་ཁྲོད་དུ་བཀོལ་བ་ཤིན་ཏུ་མང་། སྒྲ་ཚིགས་ནི་སྐད་ཆ་རིག་པའི་གཞུང་དུ་མི་རྣམས་ཀྱིས་ཚོར་རུང་གི་ཆེས་རང་བྱུང་གི་སྒྲ་གདངས་ཀྱི་སྡེ་ཚན་ཞིག་ཡིན་པ་དང་། ༼རྒན་ཚེ་དབང་ལྷ་མོས་སྒྲ་ཚིགས་ནི་སྒྲ་རྒྱུ་གཅིག་གམ་སྒྲ་རྒྱུ་འགའ་ཤས་ལས་གྲུབ་པ་ཞིག་རེད། བོད་པའི་སྐད་ལ་མཚོན་ནས་བཤད་ན། ཚེག་བར་རམ་ཚེག་ཁྱིམ་ནི་སྔ་ཕྱིའི་ཚེག་གི་བར་ཡིག་འབྲུ་གཅིག་ནས་བཞི་བར་གང་ཡོད་དགོས། དཔེར་ན། སྒྲུབ་ལྟ་བུ་ནི་སྒྲ་ཚིགས་གཅིག་ཡིན་ཞིང་ཡིག་འབྲུ་གཉིས་ཀྱི་ས་ཁོངས་འཛིན་ཡོད༽ཅེས་གསུངས། དེ་ལྟར་ན་སྒྲ་ཚིགས་ནི་ཡི་གེ་ལས་ཆེས་ཆུང་བའི་སྡེ་ཚན་ཡིན་ཏེ། སྒྲུབ་པ་ལྟ་བུ་ནི་སྒྲ་ཚིགས་གཉིས་ཀྱིས་གྲུབ་པ་ཡིན།
ཡིག་རྙིང་ཁྲོད་དུ་༼སྟག་ཀྱི་སྨང་ར་ཚོམ་ཚོམ་ཅན། ཟངས་ཀྱི་བ་སྤུ་ཞྭ་ལ་ལ། ཞལ་ནས་ལྕགས་ཀྱི་ཚ་ཚ་ཕྲོ།༽ཞེས་མིང་མགོར་ཟློས་པའི་རྣམ་པ་དང་། ༼གྲ་བོའི་ཤ་ཟའ་ལྗྀབས་སེ་ལྗྀབས། གྲའ་བོའི་ཁྲག་འཐུང་རྔུབས་སེ་རྔུབས།།༽སྒྲ་ཚིགས་གསུམ་ཅན་གྱི་རྣམ་པ་འདིས་མིང་རང་སྟེང་གི་ཆོས་ཉིད་ཅིག་ཡོད་པ་ནི་སྒྲ་ཚིགས་མཐུན་པ་གཉིས་ཀྱི་བར་དུ་བཅུག་པའི་སྒྲ་དེ་ནི་སྒྲ་ཚིགས་སྔ་ཕྱིའི་ཡང་འཇུག་དབྱངས་ཨེ་ལྡན་ཅན་ཏུ་གྱུར་ནས་དམངས་ཀྱིས་བརྗོད་བདེ་བའི་སྐད་ཀྱི་གོམས་སྲོལ་ཀྱི་ཁྱད་ཆོས་ཤ་སྟག་ཡིན་ལ། དབྱངས་ཨེ་ལྡན་ཅན་ནི་སྒྲའི་སྡེབ་སྦྱོར་གྱི་དབང་དང་སྒྲའི་ལྕི་ཡང་དབང་གིས་སྦྱར་བ་ཡིན་ཞིང་། དེ་ལྟར་སྦྱར་ན་ཚིག་ཉམས་དོད་པོ་དང་གནའ་བོའི་ཡི་གེའི་ཐུན་མིན་གྱི་ཁྱད་ཆོས་ཤིག་མངོན་ཐུབ་པ་ཡིན་ནོ།།
གསུམ་པ། ཡིག་རྙིང་དུ་བྱུང་བའི་ཁྱད་ཆོས་གཞན་དག
༡ རྒྱུན་དུ་བྱུང་བའི་ཐ་སྙད་འགའ་བཤད་པ།
① གསས།
བོན་གྱི་ཡིག་རྙིང་དང་དེབ་ཐེར་གང་དུ་གསས་དེ་མཐོང་རྒྱུ་ཡོད་ཅིང་། དེ་ནི་བོན་གྱི་བསྟན་པ་སྔ་དར་སྐབས་ཀྱི་འདུ་གནས་སོ་བདུན་ལས་བྱུང་ཞིང་། ད་ལྟ་ཡོངས་ཁྱབ་ཏུ་འགྲེལ་བཤད་བརྒྱབ་ཡོད་པ་ནི། གསས་ཞེས་པ་ཞང་སྐད་ཡིན་ཏེ། གསས་ཁང་ཞེས་པ་ལྷ་ཁང་དང་། གསས་ནི་ལྷའི་དོན་ཡིན། ཞེས་བཤད། ཡིན་ཡང་ཡིག་རྙིང་རྣམས་ལས་འཕྲོས་པའི་གསས་ལ་བལྟས་ན། དེ་ནི་ལྷ་གཅིག་པའི་གོ་དོན་མིན་པར་བསམ་སྟེ། དཔེར་ན། ༼གནག་རབས༽སུ་རང་གྱི་ཁྱིམ་དུ། གསས་དྲལ་ཞེས་དང་། གསས་ཆ་བཟང་དུ་བསྟར་ལ། ཞེས་དང་། ཡང་གསས་ལྷ་དྲག་དུ་བདར་ལ། ཞེས་གལ་ཏེ་ལྷ་གཅིག་པུའི་དོན་ཡིན་ན། གསས་ལྷ་ལྟ་བུར་ཇི་ལྟར་འགྲེལ་བ་རྒྱག ཡང་བོན་གྱི་ཡིག་རྙིང་༼ཁུ་བྱུག་སྔོན་མོ༽ཞེས་པའི་ནང་༼ལྷ་དང་གསས་གཉིས་མ་བཞེངས་ན༽ཞེས་བཀོད་ཡོད་པ་ལས་ཤེས་ཐུབ། དེ་བས། གསས་ཞེས་པ་ཚང་མ་ལྷའི་དོན་དུ་གོ་ན་མི་འགྲིག་པར་སྙམ།
② བོན་གྱི་ཡིག་རྙིང་དུ་དོན་གཅིག་པའི་ཐ་སྙད་བསྐྱར་ཟློས་མི་བྱེད་པར་དོན་གཅིག་མིང་གི་རྣམ་གྲངས་ཀྱི་ཐ་སྙད་བཀོལ་བ་ཁྱབ་ཆེ་སྟེ། དཔེར་ན། ཕ་དང་ཡབ་ཀྱི་མཚན། མ་དང་ཡུམ་གྱི་མཚན་ཞེས་དང་། ཁབ་དང་བྱལ་བཙལ་བ། བཤོས་དང་ནམས་ཀྱི་སྲས། མིང་དྲལ་པོ་སོགས་རིམ་པར་བལྟས་ན་དེ་དག་ནི་ཚིག་ཉམས་དང་སྒྲ་སྙན་པ་ཙམ་ཡིན་པ་ལས་གོ་དོན་རྣམས་གཅིག་ཡིན་པ་སྟེ། ཕ་མ་དང་ཡབ་ཡུམ། ཁབ་དང་བྱལ་ཞེས་བཙུན་མོ་དང་། བཤོས་དང་ནམས་ཞེས་པ་ནི་འཁྲིག་པའམ་བསྡེབས་པ། མིང་དྲལ་གཉིས་ནི་དོན་གཅིག་སྟེ་མིང་པོའི་དོན་ཡིན་པ་ལྟ་བུ་སོགས་ཚིག་གཅིག་གི་ནང་དུ་ཡི་གེ་གང་ཡིན་བསྐྱར་ཟློས་ཀྱི་ཆ་ཤིན་ཏུ་ཉུང་བའོ།།
③ ཡི་གེ་འབྲི་སྲོལ་ཁྱད་པར་ཅན་འགའ་ཞིག་ཡོད་པ།
དཔེར་ན་འཇིག་རྟེན་ཁམས་ལ་མཁམས་དང་། རྨུ་དག་ལ་རྨུ་ཐག ཡ་མཚན་ལ་ཡམ་མཚན། དགུ་ལ་རྒུ། དགྲ་བོ་ལ་གྲ། དམར་ལ་མར། དམག་ལ་རྨག གཤེགས་ལ་གཤགས། ཡུལ་ཡར་ལུངས་ལ་ཡུལ་ལུངས། སྐར་ལ་སྒར་ཞེས་བྲིས་པ་ཤིན་ཏུ་མང་ཞིང་། དེ་དག་དེང་གི་ཡིག་སྐད་ཀྱི་ཆ་ལྟར་བལྟས་ན་ཡིག་ནོར་ཏུ་འཁྲུལ་མོད། ཡིན་ཡང་ཡིག་རྙིང་དུ་དེ་དག་བྱུང་བའི་གྲངས་ཀ་ཤིན་ཏུ་མང་བར་བལྟས་ན་ཡིག་ནོར་ཡིན་མིན་ལའང་ཐེ་ཚོམ་ཞིག་མི་སྐྱེས་རང་སྐྱེས་སུ་གྱུར་ཞིང་། དེ་དག་ནི་ཡུལ་གང་གི་ཕལ་སྐད་དང་ཡུལ་སྐད་ཅིག་ཏུ་འཁུམས་པའི་སྣང་བ་སྐྱེས།
④ མིང་གི་ཚིག་གཤིས་ལ་འགྱུར་ལྡོག་བྱུང་བ།
དཔེར་ན། ཉིས་ཟླའི་ཟེར་ལྟར་འཕྲོ་ཞེས་ཉི་ཟླའི་འོད་ཟེར་དེ་ཟེར་གཅིག་པུའི་མཚོན་པར་བྱས་ཏེ། ཟེར་དེ་མིང་ཚིག་ཞིག་ཏུ་གྱུར་ཡོད་པ་དང་། དེ་ལས་གནའ་ཡིག་གི་ཚིག་སྡུད་ཆེ་ལ་ཚིག་དོན་ཡང་རྒྱ་ཆེན་པོར་མཚོན་པར་བྱས་ཡོད།
⑤ བསང་གི་ཚིག་གཤིས་ལ་འགྱུར་བ་བྱུང་ཚུལ།
བོན་གྱི་ཡིག་རྙིང་ཁག་ཏུ་བསང་ཞེས་པ་དེ་བྱ་ཚིག་ཏུ་འགྲོ་བ་ཡིན་ཏེ། སྲིད་པ་སྤྱི་མདོས་སུ། བསང་ངོ་བསང་ངོ་ལྷ་བསང་ངོ། ཞེས་བསང་ནི་མི་གཙང་བའི་རིགས་གཙང་སེལ་དང་གད་བདར་བྱེད་པའི་བྱ་ཚིག་ཏུ་འགྲོ་བ་ཡིན་ཞིང་། དེ་ནི་དེང་སྐབས་ཀྱི་བོད་ཀྱི་བསང་མཆོད་རིག་གནས་ཀྱི་ཐ་སྙད་བསང་ཞེས་པའི་སྤྱི་ཁྱབ་ཀྱི་མིང་ཚིག་དེ་དང་མི་འདྲ། བྱ་ཚིག་བསང་ནས་མིང་ཚིག་བསང་།
༢ ཡིག་རྙིང་ཁྲོད་ཀྱི་ཁྱད་ཆོས་གཞན་དག
ཡིག་རྙིང་དུ་གཞན་བཅོ་བརྒྱད་ཀྱི་བཅོ་ལ་ཝ་ཟུར་ལས་ན་རོ་མེད་པའི་སྲོལ་ཞིག་མཆིས་ཏེ། ༼ལྕགས་ཀྱི་མཆེ་བ་རྒུ་གཉྀས་བཅྭ་བརྒྱད་འབར་བས།༽ཞེས་དང་།༼དུང་གྱི་མཆེ་བ་རྒུ་གཉྀས་བཅྭ་བརྒྱད་འབར་བས༽ཞེས་ན་རོ་དང་རྗེས་འཇུག་ད་གཉིས་དོར་བའི་སྲོལ་འདི་ལྟ་བུ་ཞིག་ཀྱང་འདུག གཞན་ཡིག་རྙིང་ཁྲོད་དུ་༼ཁྱུང་༽ཞེས་བཀོད་པ་ཧ་ཅང་མང་སྟེ། ཁྱུང་གི་བྱ་རུ་ཅན་ཞེས་བོན་གྱི་རྒྱལ་གཤེན་གྱི་གོ་གནས་མཚོན་བྱེད་ཀྱི་རྟགས་མཚན་སོགས་བཀོད་འདུག་པར་བལྟས་ན།༼ཁྱུང་༽དེས་བོན་གྱི་རིག་གནས་མ་ལག་ཁྲོད་གལ་ཆེན་བཟུང་ཡོད་པ་གསལ་ལེར་རྟོགས་ཐུབ།
༣ ཡིག་རྙིང་ལས་འཕྲོས་པའི་སྐབས་དེའི་བསམ་བློ་རིག་གནས་ཀྱི་སྐོར།
ཡིག་རྙིང་འདི་ནི་བོན་གྱི་གཏོ་གླུད་མདོས་ཀྱི་ཆོ་ག་སྒྲུབ་པའི་གོ་རིམ་དང་ཡང་ན་སྒྲུབ་སྲོལ་གྱི་རྣམ་པ་དེ་ལྷ་སྒྲུང་དང་གཏམ་རྒྱུད་ཀྱི་ཚུལ་དུ་བཤད་པ་ཞིག་ཡིན་ཞིང་། གླུད་ནི་བསླུ་བའམ་ཚུར་ཉོ་བའམ་བསླུས་པའི་དོན་ཏེ། དངོས་པོ་ག་གེ་མོ་ཞིག་ཏུ་བརྩིས་ནས་དེ་རིན་ཐང་དེ་རང་དང་མ་མཉམ་པའི་དངོས་པོ་གཞན་ཞིག་དང་བརྗེ་རུང་བར་འདོད་ལ། ཆོ་ག་དེ་ཡང་མཆོད་པ་གཤོམ་པ་པོ་དང་ལྷ་འདྲེ་གཉིས་དབར་བརྗེ་རེས་བྱེད་པའི་རྨང་གཞིའི་ཐོག་ཆགས་སྒྲུབ་དང་། མཉམ་གཉིས་བརྗེ་བ་ཞེས་པ་དེ་ཡང་གང་ཞིག་ལྷ་སྲིན་གྱིས་འཕྲོག་ནས་འཁྱེར་བ་དེ་དང་གནོད་འཚེ་ཕོག་ཡུལ་གྱི་མི་སྒེར་རམ་གྲོང་ཚོ་སྤྱི་ཡོངས་ལ་ཕན་ཕྱིར་བཏང་བའི་བསླུ་རིན་གཉིས་གོ་མཚུངས་པའི་དོན་ལ་གོ་བ་ཡིན་ཞེས་པ་ལྟར། ༼གནག་རབས༽ནི་ལྷ་ཀླུ་གཉན་གསུམ་ལ་གཏད་པའི་སྔགས་དང་རང་གི་དགྲ་དང་ཡང་ན་མ་རུངས་པའི་གདོན་སོགས་སྲན་ཆུང་ཕྱེ་མར་གྱིས་འདྲ་བཟོ་བྱས་ཏེ་བསླུ་བའི་ཆོ་ག་ཞིག་ཡིན། དེར་བོན་གྱི་ཡིག་རྙིང་ཁག་མང་པོ་ཞིག་ཏུ་བསྐྱར་ཟློས་དང་ཡང་ན་མཐོང་ རྒྱུགས་ཆེ་བའི་ཐ་སྙད་མིང་ཚིག་གི་སྐོར་མང་པོ་ཞིག་ཡོད།
གཞན་དེང་སྐབས་ཀྱི་བོན་མང་ཚོགས་ཀྱི་ཁྲོད་གནོད་སྦྱིན་དང་མ་རུངས་གདོན་སོགས་ཀྱིས་བསླུས་པའམ་གནོད་བྱས་ཚེ་གཏོ་མདོས་གླུད་ཀྱི་ཆོ་ག་སྤེལ་ཏེ་བགེགས་དང་བར་ཆད་སེལ་བར་བྱེད་ཅིང་། དཔོན་རྒན་སོགས་བོན་སྔགས་མང་པོ་ཁྱིམ་དུ་གདན་འདྲེན་བྱས་ཏེ་བཅའ་བ་རིམ་གྲོ་གང་ལེགས་སྒྲུབ་ནས་གདོན་དང་ནད་རིགས་རྩ་བ་ནས་འཇོམས་པར་བྱེད། དེ་ལས་གཏོ་མདོས་གླུད་ཀྱིས་བོན་མང་ཁྲོད་ད་དུང་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པ་རྟོགས་ཐུབ་པ་མ་ཟད། ཡིག་རྙིང་དུ་བརྗོད་པའི་བགེགས་གདོན་རིགས་ཕར་བསྒྲལ་ཆེད་ཕྱེ་མར་གྱིས་འགོང་བོ་གདོན་དེ་རིགས་ཀྱི་འདྲ་གཟུགས་བཟོས་ཏེ་དཀར་ཟས་དང་འོ་ཟས་ཀྱིས་བརྒྱན་པར་བྱས་ནས་ཡར་གུང་ལྷ་དཀར་མོ་སོགས་ལ་མཆོད་འབུལ་དང་མར་འདྲེ་སྲིན་ཐེའུ་རང་སོགས་ལ་དམོད་བཙུགས་ཏེ་གླུད་བསླུ་བ་སོགས་བྱེད་པའི་ལས་ཀྱི་སྒྲུབ་སྲོལ་ཞིག་བསྟན་ཡོད་པར་མ་ཟད། ད་བར་དུ་རྒྱུད་འཛིན་ཡང་བྱས་ཡོད་པས་སྐབས་དེའི་མི་རྣམས་ཀྱི་བསམ་བློའི་གོ་རྟོགས་དང་མཐོང་སྣང་། དེ་མིན་སྐབས་དེའི་རིག་གནས་དང་སྲོལ་རྒྱུན་གྱི་རྣམ་པ་ཞིག་མངོན་སུམ་བླ་ལྷག་ཏུ་མཚོན་པར་བྱས་ཡོད་དོ།། 
                                                                            མཇུག་བསྡུ་བ།
༼གནག་རབས༽ཞེས་པའི་ཡིག་རྙིང་འདི་ནི་དགའ་ཐང་འབུམ་པ་ཆེའི་མཆོད་རྟེན་ཁོག་ནས་རྙེད་པའི་གནའ་བོའི་བོན་གྱི་ཡིག་རྙིང་ཞིག་ཡིན་ཞིང་། འདིར་གཙོ་བོར་འདིའི་བརྡ་སྤྲོད་ཀྱི་ཁྱད་ཆོས་ལ་དཔྱད་པ་བཏང་ཁུལ་ཙམ་བྱས་པ་དང་། གཞན་དེ་ལས་འཕྲོས་པའི་བོན་གྱི་གནའ་བོའི་ཡིག་རྙིང་གི་ཁྱད་ཆོས་འབའ་ཞིག་བརྗོད་ཡོད། ཏུན་ཧོང་ཡིག་རྙིང་དང་མཐུན་པའི་ཁྱད་ཆོས་གི་གུ་ཕྱིར་ལོག་དང་། མ་མི་མིན་མེད་ལ་ཡ་བཏགས་འདོགས་པ། དེ་མིན་མིང་གཞི་རྐྱང་པར་འ་མཐའ་སྦྱར་བ་དང་སྡེ་བ་གཅིག་པའི་ཡི་གེ་གཉིས་ཕན་ཚུན་བརྗེ་རེས་བྱས་པ་སོགས་ལ་དཔྱད་དེ། དེའི་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་བཏོད་ཅིང་། གཞན་དེ་ལས་འཕྲོས་པའི་བོན་མིའི་རིག་གནས་ཀྱི་ཁྱབ་ཁོངས་དང་བསམ་བློའི་མཚོན་བྱ། ཐ་སྙད་ཀྱི་འགྱུར་བ་སོགས་ལ་དཔྱད་པ་བཏང་སྟེ་༼གནག་རབས༽ཀྱི་ཡིག་རྙིང་འདི་ནི་བཀས་བཅད་ཐེངས་དང་པོའི་རྗེས་ཀྱི་ཡིག་རྙིང་ཡིན་ཡང་། དེར་ཏུན་ཧོང་དང་མཐུན་པའི་ཆ་དང་མི་མཐུན་པའི་ཆ་སོགས་ཡོད་ཅིང་། གཞན་བོན་གྱི་ཐ་སྙད་སྐོར་ཞིག་གི་གོ་དོན་གྱི་འགྱུར་བ་ལ་དཔྱད་པ་བཏང་ཡོད་དོ།།
དཔྱད་གཞིའི་ཡིག་ཆ།
1.པ་ཚབ་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་གཉིས་ཀྱིས་བསྒྲིགས་པ། ༼དགའ་ཐང་འབུམ་པ་ཆེ་ནས་གསར་དུ་རྙེད་པའི་བོན་གྱི་གནའ་དཔེ་བདམས་བསྒྲིགས།༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན།2007ལོའི་ཟླ་9པར་པར་གཞི་དང་པོ་བསྒྲིགས།
2.མཁར་རྨེའུ་བསམ་གཏན་གྱིས་བརྩམས།༼མདའ་དང་འཕང་།༽ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།
2007ལོའི་ ཟླ་9པར་པར་གཞི་དང་པོ།
3. ཁ་སྒང་བཀྲ་ཤིས་ཚེ་རིང་སོགས་ཀྱིས་གཅོ་སྒྲིག་མཛད་པ། ༼བོད་ཀྱི་ཡིག་རྙིང་ཞིབ་འཇུག༽ མི་རིགས་དཔེ་ སྐྲུན་ཁང་། 2003ལོའི་ཟླ་6པར་པར་གཞི་དང་པོ།
4. གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་བརྩམས། ༼བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་ དེབ།༽ མི་རིགས་དཔེ་སྐྲུན་ཁང་། 2001ལོའི་ཟླ་6པར་པར་གཞི་དང་པོ།
5. ཚེ་དབང་ལྷ་མོས་བརྩམས།༼བོད་ཀྱི་བརྡ་སྤྲོད་རིག་པའི་རྣམ་བཤད་སྔོན་མེད་རིག་པའི་འཕྲུལ་ཤེལ།༽ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1998ལོའི་ཟླ་10པར་པར་གཞི་དང་པོ་བསྒྲིགས།
6. གདུགས་དཀར་བཀྲ་ཤིས། ༼བོད་སྐད་ཀྱི་མིང་གི་གྲུབ་ཚུལ་ལས་ཟློས་སྒྲའི་རྣམ་པར་མདོ་ཙམ་དཔྱད་པ།༽ མདོ་སྨད་ཞིབ་འཇུག གླེགས་བམ་གསུམ་པ། མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། 2008ལོའི་ཟླ་1པར་པར་གཞི་དང་པོ་བསྒྲིགས

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།