ནང་བསྟན་དང་འགྲོ་བ་མིའི་ཚེ་སྲོག
རྩོམ་པ་པོ།  པདྨ་ཚེ་རིང་།    སྤེལ་དུས།  2012-09-21 19:35:24    རྡེབ་ཚད།     ཡོང་ཁུངས། ཆོས་གྲོགས་དྲ་ཚིགས།

   རང་བྱུང་ཁམས་སམ་ཡུལ་གྲུ་མི་གཅིག་པའི་སའི་གོ་ལའི་ཁྱོན་ཡོངས་ལ་འཚོ་སྡོད་བྱེད་བཞིན་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པའི་འགྲོ་བའི་སེམས་ཅན་སྤྱི་དང་། ཡང་སྒོས་འགྲོ་བ་མིའི་རིགས་ཀྱི་འཚོ་ལམ་དང་ཚེ་སྲོག་ལ་ཆ་མཚོན་ན་ཡང་། དེང་དུས་འཛམ་གླིང་ཁྱོན་ཡོངས་ལ་སྨན་བཅོས་དང་འཕྲོད་བསྟེན་སོགས་ཀྱི་ལག་རྩལ་བླ་ན་མེད་པའི་འཕེལ་རྒྱས་ཀྱི་ཚད་མཐོར་སླེབས་ཡོད་ཀྱང་། སྐྱེ་འགྲོའི་ཚེ་སྲོག་ལ་འཇིགས་སྣང་སྟེར་བའི་རྒྱུ་རྐྱེན་ཡང་། དེ་ལས་ཀྱང་ཧང་སངས་དགོས་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་དང་ཡ་ང་བའི་གར་སྟེགས་ཤིག་ཏུ་གྱུར་འདུག རེད་ཨང་། བསམ་རྒྱུ་དངུལ་ལོར་ཁོ་ན་ལས་མེད་པའི་སྐྱེ་བོ་མང་པོས་ཕྱོགས་གཅིག་གི་དགེ་མཚན་ཁོ་ནར་བསམ་སྟེ་རང་བྱུང་ཁམས་ཀྱི་སྔོ་ཚལ་དང་ཤིང་འབྲས་སོགས་ལ་རྫས་འགྱུར་གྱི་སྤྱོད་ཐབས་ངན་པ་སྣ་ཚོགས་སྤེལ་བཞིན་ཡོད་པས། དེ་དག་ལ་ཚད་ལྡན་གྱི་དུག་སེལ་བྱུང་མེད་ཚེ་འགྲོ་བ་མིའི་ཚེ་སྲོག་ལ་གནོད་འཚེ་ཡོང་བ། དྭངས་གཙང་གི་ཆུ་བོ་མང་པོར་རྫས་འགྱུར་སྣུམ་སྙིགས་སོགས་ཀྱི་སྐྱོན་ཞུགས་ཏེ་འགྲོ་བ་མིའི་བདེ་ཐང་ལ་གནོད་པ་ཡོང་བ། ད་དུང་སྤྱི་ཚོགས་ཁྱོན་ཡོངས་ལ་ཐ་མག་དང་ཆང་རག་ལོངས་སྤྱོད་བྱེད་མཁན་སྐྱེ་བོ་དུང་ཕྱུར་མང་པོ་འཕེལ་བཞིན་ཡོད་ལ། དེ་དང་དེའི་ཤུགས་རྐྱེན་གྱིས་རང་གཞན་མང་པོའི་བདེ་ཐང་ལ་གནོད་པ་ཡོང་བ་དེ་ཡང་ཨ་རིའི་རིགས་གཅིག་མཁས་པ་མང་པོས་ཞིབ་འཇུག་བྱས་འབྲས་སུ་ཐ་མག་དང་ཆང་རག་རྒྱུན་དུ་ལོངས་སུ་སྤྱོད་མཁན་སྐྱེ་བོ་དེ་རྣམས་ཀྱི་ཚེ་ཚད་ཆ་སྙོམས་བགོས་ན་སྤྱིར་བཏང་གི་མི་ལས་ལོ་ལྔ་ཡི་ཐུང་བ་ར་སྤྲོད་བྱས་ཡོད། དེ་ཡང་ཐ་མག་འཐེན་མཁན་རྣམས་འབྲས་སྐྲན་དང་སྙིང་ནད་ན་སླ་བ་མ་ཟད་འཁྱགས་སྤོས་ཐེབས་ཚད་ཀྱང་ཐ་མག་མི་འཐེན་པའི་མི་ལས་སླ་བ་དང་། ཐ་མག་འཐེན་པས་ཟས་རིགས་ཚད་ལྡན་འཇུ་མི་ཐུབ་པ། དེ་བཞིན་ཉེ་འཁོར་གྱི་སྐྱེ་བོ་མང་པོའི་བདེ་ཐང་ལ་གནོད་པ་ཡོང་བ་སོགས་ཚུལ་དང་མི་མཐུན་པའི་བྱ་སྤྱོད་སྣ་ཚོགས་ལས་བཅོས་ཐབས་མེད་པའི་ནད་ཡམས་སྣ་ཚོགས་དར་ཏེ། འགྲོ་བ་མིའི་ཚེ་སྲོག་ལ་གནོད་པ་ཡོང་བ། རང་བྱུང་ཁོར་ཡུག་ལ་ལུགས་མཐུན་གྱི་ཚོད་འཛིན་མེད་སྟབས་ཆུ་ལོག་དང་ས་ཡོམ། གངས་སྐྱོན་སོགས་ཀྱི་གནོད་འཚེ་འགྲོ་བ་མིའི་ཚེ་སྲོག་ལ་འཇིགས་སྣང་སྟེར་བ། མདོར་ན་སྐྱེ་འགྲོའི་ལུས་སྲོག་འཚོ་བར་བྱེད་པའི་རྒྱུ་རྐྱེན་ནམ་གྲོགས་ནི་ཤིན་ཏུ་ཉུང་ལ། ལུས་སྲོག་ལ་བར་དུ་གཅོད་པའི་གནོད་འཚེའམ་བགེགས་བར་ནི་ཡར་ངོའི་ཟླ་ལྟར་འཕེལ་བཞིན་འདུག་པས། སྨྱུག་འཛིན་པ་ཁོ་བོས་ཀྱང་ཞི་ལྷོད་དུ་འདུག་པའི་སྐལ་བ་དོར་ཏེ། བསམ་གཞིགས་དང་ཞིབ་འཇུག་གི་གོ་སྐབས་དང་སྦྲགས་ལུས་ཅན་ཀུན་གྱི་གནས་སྐབས་ཕན་པ་དང་། མཐར་ཐུག་བདེ་བ་བླ་ན་མེད་པ་འབྱུང་བའི་གཞི་མ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདིས། འགྲོ་བ་མིའི་ཚེ་སྲོག་ལ་ཕན་འབྲས་ཇི་ལྟར་ཡོད་པའི་དཔྱད་གཏམ་འདི་ཉིད་གླེང་བར་བྱ། དེ་ཡང་། འགྲོ་བ་མི་དང་བཅས་པའི་སེམས་ཅན་ཡོད་ཚད་རང་སྲོག་ལ་གཅེས་འཛིན་དང་། རང་སྲོག་ལ་མི་དགའ་བ་དེ་བས་ཀྱང་ག་ལ་ཡོད། དེ་བཞིན་སེམས་ཅན་དུད་འགྲོ་ཡན་ཆད་ནས་མདོར་ན་ཚེ་སྲོག་གི་བྱེད་ལས་ལྡན་པའི་འགྲོ་བ་སེམས་ཅན་ཡོད་ཚད་ལ་བདེ་སྡུག་དང་དགའ་སྐྱོ་ཆགས་སྡང་གི་སེམས་ཁམས་ཀྱི་ཚོར་བ་དང་མྱོང་བ་ལྡན་ཡོད་ལ། བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པའི་རིགས་མཐུན་གྱི་བསམ་འདུན་འདི་སྲོག་ཆགས་ཡོད་ཚད་ཀྱི་ཡིད་སྟེང་དུ་ནམ་ཡིན་ཡང་བཅངས་བཞིན་ཡོད། འོན་ཀྱང་རྙོག་འཛིང་ཆེ་བའི་སའི་གོ་ལ་འདིར། འགྲོ་བའི་ཚེ་སྲོག་ནི་སྤུ་གྲིའི་སྟེང་གི་སྦྲང་མའི་ཚེ་སྲོག་ལྟར་ཉེན་ཁ་ཧ་ཅང་ཆེ་བའི་རང་བཞིན་གོང་དུ་ཞུས་པ་ལྟར་ཡིན་པས། དེ་དག་ལ་དོན་དམ་པའི་སེམས་ཁུར་དང་། དོ་སྣང་། ཞིབ་འཇུག་ཚད་ལྡན་གྱི་ངང་ནས་སྲུང་སྐྱོབ་བྱེད་ཐབས་ཤིག་རེ་སྒུག་མི་བྱེད་ཐབས་མེད་ཡིན། ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་ཐོག་མཐའ་བར་གསུམ་དུ་འགྲོ་བ་སེམས་ཅན་གྱི་ཚེ་སྲོག་ལ་འཚེ་བ་སྤོང་ཐབས་དང་། ལུས་སྲོག་འཚོ་བར་བྱེད་པའི་ཐབས་ལམ་སྣ་ཚོགས་འཆད་བཞིན་ཡོད་ལ། ཉམ་ཐག་པའི་འགྲོ་བ་སེམས་ཅན་གྱི་དོན་དུ་རང་སྲོག་ཀྱང་ཕངས་མེད་སྦྱིན་པར་མཛད་ཐབས་སོགས་བླ་ན་མེད་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་མཛད་བཟང་རྒྱུན་འཛིན་ཡོང་ཐབས་སུ་བརྩོན་ལེན་བྱེད་བཞིན་ཡོད། ནང་པ་སངས་རྒྱས་པའི་སྟོན་པ་ཐམས་ལ་མཁས་ཤིང་། སྙིང་རྗེ་ཆེན་པོའི་མ་མ་གང་གིས་ཀྱང་སློབ་པ་ལམ་གྱི་སྐབས་འགྲོ་བ་ཉམ་ཐག་རྣམས་སྡུག་བསྔལ་ལས་གྲོལ་བ་དང་། དེ་དག་གི་ཚེ་སྲོག་སྐྱོབ་པའི་སླད་དུ་རང་གི་སྐུ་སྲོག་ཀྱང་ཕངས་མེད་དུ་སྦྱིན་པར་མཛད་པའི་མི་སེམས་འགུལ་བའི་ལོ་རྒྱུས་མཛད་བརྒྱ་དཔག་བསམ་འཁྲི་ཤིང་སོགས་ཀྱི་ནང་། སེམས་ཅན་སྟག་མོར་རང་གི་སྐུ་ལུས་སྦྱིན་པར་བཏང་བ་སོགས་ཀྱིས་མཚོན་པའི་སྤྱོད་ཚུལ་དེ་དག་མཇལ་དུས་སངས་རྒྱས་ཆོས་ལུགས་པའི་བླ་ན་མེད་པའི་སྙིང་སྟོབས་ལ་བཅོས་མིན་གྱི་དད་པ་ཡང་དབང་མེད་དུ་སྐྱེས་ཡོང་གི་འདུག སངས་རྒྱས་ཆོས་ལུགས་ནང་སེམས་ཅན་གྱི་སྲོག་མི་གཅོད་པ་གཙོ་བོར་བཟུང་སྟེ་འགྲོ་བ་སེམས་ཅན་ལ་གནོད་ཅིང་འཚེ་བའི་ལས་སྤངས་ཏེ་དེ་དག་ལ་ཕན་པ་སྒྲུབ་ཐབས་ཁོ་ན་གསུང་གི་ཡོད། མདོ་ལས། སྲོག་གཅོད་གོང་ན་སྡིག་གཞན་མེད། ། ཅེས་སེམས་ཅན་གྱི་སྲོག་གཅོད་པ་ནི་མི་དགེ་བ་དང་སྤངས་བྱ་ཡིན་པས། སེམས་ཅན་གྱི་སྲོག་བསླུ་བ་དང་ཚེ་སྲོག་སྐྱོབ་ཐབས་ཀྱི་ལམ་སྟོན་རབ་དང་རིམ་པར་མཛད་བཞིན་ཡོད། སྟོན་པ་མཉམ་མེད་ཐུབ་པའི་དབང་པོས། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། ། ཞེས་གསུངས་ཡོད་ལ། སྲོག་གཅོད་པ་ནི་འཚེ་བའོ། ། དེ་ལས་ལྡོག་ན་མི་འཚེ་བ། སྲོག་གཅོད་སྤངས་པས་ཚེ་རིང་བར་འགྱུར་རོ། ། ཞེས་དང་། ཡང་སྲོག་ཅེས་བྱ་བ་ནི་གྲོག་བུར་ཚུན་ཆད་ལ་ཡང་སྡུག་ཅིང་ཕངས་ལ་ཡིད་དུ་འོང་བ་ཡིན་ཏེ། བདག་ལ་ཡང་སྲོག་འདི་སྡུག་ཅིང་ཕངས་ལ་དགའ་ཞིང་ཡིད་དུ་འོང་བ་ཡིན་གྱི། སུ་ཡང་བདག་གསོད་པའམ། གསོད་དུ་འཇུག་པའམ། བསད་པ་ལ་རྗེས་སུ་ཡི་རང་བར་མ་གྱུར་ཅིག བདག་གིས་ཀྱང་སུ་ལ་ཡང་བསད་པར་མི་བྱ། །གསོད་དུ་ཞུགས་པར་མི་བྱ། གསོད་པ་ལ་རྗེས་སུ་ཡིད་རངས་བ་ཡི་བྱའོ། ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྲོག་གཅོད་སྤོང་བ་ཡིན་ནོ། ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་ལས་ཀྱང་། མངལ་ན་གནས་པ་ཡན་ཆད་ཀྱང་། ། ཀུན་ལ་སྲོག་ནི་འདུག་པའི་ཕྱིར། ། བདག་གི་སྲོག་ཕངས་གང་ཡིན་པ། ། དེས་ན་སྲོག་ཆགས་གསད་མི་བྱ། ། ཞེས་དང་། ཆོས་ཀྱི་འཇུག་སྒོ་སྐྱབས་འགྲོའི་བསླབ་བྱ་ལས་ཀྱང་། ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་གནོད་འཚེ་སྤོང་དགོས། ཞེས་པ་སོགས་བསམ་གྱིས་མི་ཁྱབ་པའི་ལམ་སྟོན་ཟབ་མོ་དེ་དག་ལ་དབྱེ་ཞིབ་དང་གོ་བ་ཟབ་མོ་རེ་བླངས་ཚེ། ནང་པ་སངས་རྒྱས་པའི་ཆོས་ལུགས་འདིས་སྐྱེ་འགྲོའི་ལུས་སྲོག་འཚོ་བར་བྱེད་པར་བླ་ན་མེད་པའི་ལེགས་སྐྱེས་དང་སྲི་ཞུ་སྒྲུབ་བཞིན་ཡོད་པ་ནི་ང་དང་ང་ཚོའི་མངོན་སུམ་ཡུལ་གྱི་མཐོང་ཡུལ་དུ་སྣང་བས། རྣམ་དཔྱོད་དང་ལྡན་པའི་རྒྱ་ཆེའི་ཀློག་པ་པོ་ཡོད་ཚད་ཀྱིས། དེ་ལྟར་ཕྱོགས་མང་པོའི་ལྟ་ཚུལ་ལ་དབྱེ་ཞིབ་རེ་གནང་ན། ནང་བསྟན་གྱི་ཁྱད་དུ་འཕགས་པའི་ཡོན་ཏན་མངོན་ཐུབ་པས་ངེས་པར་དུ་དོན་གཉེར་བྱ་དགོས་པར་སྣང་ངོ་། །
སྨྲས་པ།
ཕན་པའི་འབྲས་བུ་བདེ་བ་ཡིན། །
གནོད་པའི་འབྲས་བུ་སྡུག་བསྔལ་ཡིན། །
རང་གི་ལུས་ལ་དཔེ་ལོངས་ལ། །
གཞན་ལ་འཚེ་བ་མ་བྱེད་ཅིག །

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།