སྲིན་པོས་བསྒྱུར་བའི་སྙན་ངག་འགའ།
རྩོམ་པ་པོ།  སྲིན་པོ།    སྤེལ་དུས།  2012-12-17 23:50:04    རྡེབ་ཚད།     ཡོང་ཁུངས། ཡིད་ལྷུང་ལྷ་མཚོ་རྩོམ་རིག་དྲ་བ།

པེན་ཞུན་གྱི་སྙན་ངག

པེན་ཞུན་ནི་དེང་རབས་རྒྱའི་སྙན་ངག་པ་དང་བརྩམས་སྒྲུང་པ། བྱིས་སྒྲུང་རྩོམ་པ་པོ་ཞིག་ཡིན་ལ། ཁོ་མོ་ནི་༼ལྔ་བཞི༽འི་རྩོམ་རིག་གསར་བའི་ལས་འགུལ་ཁྲོད་དེང་རབས་གསར་རྩོམ་སྨྲ་བའི་གྲས་ཀྱི་བུད་མེད་རྩོམ་པ་པོ་གཙོ་བོ་དང་རྩོམ་རིག་ཞིབ་འཇུག་ཁྲོད་ཀྱི་མི་སྣ་གལ་ཆེན་ཞིག་ཡིན། ཁོང་གི་སྙན་ངག་བརྩམས་ཆོས་ལ། ༼དཔྱིད་དུས་ཀྱི་ཆུ་བོ༽དང་སྙན་ངག་བརྩམས་ཆོས་ཐུང་གྲས་ལ་༼འཕགས་མི༽ སོགས་ཤིན་ཏུ་མང་པོ་ཞིག་བདོག

ཤོག་གྲུ།

--- མ་ཡུམ་ལ་ཕུལ་བ།

ངས་ནམ་རྒྱུན་བརྗེད་ཐབས་མེད་པའི་ཤོག་བུ་ཞིག་ཉར་སྟེ
གྲུ་ཆུང་རེ་རེ་ལྟེབས་ཤིང
གྲུ་ཁ་ནས་མཚོ་མོའི་ཀློང་དུ་འཕང
ལ་ལ་རླུང་གིས་གཙབ་སྟེ གྲུ་ཡི་སྒེའུ་འགྲམ་དུ་མཆོད
ལ་ལ་མཚོ་མོའི་རླབས་ཀྱིས་བརླན་པར་བྱས་ཏེ གྲུ་ཁར་སྦྱར
ང་སྔར་བཞིན་ཡིད་མ་ཆད་པར་ཉིན་རེར་ཤོག་གྲུ་རེ་ལྟེབས་ཤིང
ནམ་ཞིག་ན་ཤོག་གྲུ་དེ་མ་ཡུམ་གྱི་མདུན་དུ་ལོག་པར་རེ
མ་ཡུམ་ལགས གལ་ཏེ་ཁྱེད་ཀྱིས་རྨི་ལམ་ནས་ཤིན་ཏུ་ཆུང་བའི་
ཤོག་གྲུ་དཀར་ པོ་ཞིག་མཐོང་ན
ཁྱེད་རང་ཧང་སངས་མི་དགོས་ལ
རྨི་ལམ་ལ་བར་ཆད་ཀྱང་བཟོ་རུ་འཇུག་མི་ཉན
དེ་ནི་ཁྱེད་ཀྱིས་ཆེས་གཅེས་པའི་བུ་མོ་མིག་ཆུས་ལྟེབས་ཤིང
བརྩེ་བ་དང་སྡུག་བསྔལ་ཁུར་ནས་རི་ཆུ་སྟོང་ཕྲག་བརྒལ་ནས་འོང་བ་དེའོ


ཐེ་ཀོར་གྱི་སྙན་ངག

ཐེ་ཀོར་ནི་(1861.5.7-1941.8.7)རྒྱ་གར་གྱི་སྙན་ངག་པ་དང་རྩོམ་པ་པོ། སྒྱུ་རྩལ་པ། མཚན་ཉིད་རིག་པ་སོགས་ཀྱི་རླབས་ཆེ་ཞིང་རྒྱ་གར་གྱི་རྩོམ་རིག་ལོ་རྒྱུས་ཁྲོད་མེད་དུ་མི་རུང་བའི་མི་སྣ་གལ་ཆེན་ཞིག་ཡིན་ལ། འཛམ་གླིང་རྩོམ་རིག་གི་སྤྱིའི་འཕེལ་ཕྱོགས་ལའང་སྐུལ་འདེད་དང་བྱས་རྗེས་རབ་དང་རིམ་པ་ཞིག་བཞག་ཡོད། དེ་ཡང་1913ལོར་ཁོང་ལ་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་ཅིང་། དུས་རབས་ཉི་ཤུ་བའི་འཛམ་གླིང་རྩོམ་སྟེགས་སུ་གཏིང་ཟབ་ཅིང་གཟི་འོད་འཁྱུད་པའི་ཤུགས་རྐྱེན་བཟོས་ཤིང་། ཁོང་གིས་ཚེ་གང་ལ་སྙན་ངག་གི་བརྩམས་ཆོས་༥༠དང་བརྩམས་སྒྲུང་རིང་གྲས་ཐུང་གྲས་༡༠༠ལྷག་དང་། དེ་མིན་འཁྲབ་གཞུང་དང་གླུ་དབྱངས། རི་མོའི་བརྩམས་ཆོས་སོགས་ཀྱི་བྱས་རྗེས་རླབས་ཆེན་བཞག་ཡོད་ལ། ད་ལྟ་ཁོང་ལ་མིའི་རིགས་ཀྱིས་རྩོམ་རིག་གི་སློབ་དཔོན་ཆེན་མོར་འབོད་ཀྱིན་བདོག

ཤོག་གྲུ།
ཐེ་ཀོར། ༼སྲིན་པོས་བསྒྱུར༽
ངས་ནམ་རྒྱུན་ཤོག་གྲུ་རེ་རེ་ལྷུང་ལྷུང་གིས་བཞུར་བའི་ཆུ་མོའི་གཞུང་དུ་བཞག་ཅིང་། ངས་ཡིག་འབྲི་ནག་པོ་སྤྱད་དེ་རང་གི་རུས་མིང་དང་རང་ཉིད་སྡོད་སའི་གྲོང་གསེབ་ཀྱི་མིང་ཡིག་དག་ཤོག་གྲུའི་སྟེང་དུ་བྲིས། ནམ་ཞིག་ན་ས་ཆ་གཞན་ལ་སྡོད་པའི་མི་རྣམ་གྱིས་ཤོག་གྲུ་དེ་ལག་ཏུ་འབྱོར་རྗེས། ང་རང་སུ་ཞིག་ཡིན་པ་ཤེས་ངེས། ངས་སྐྱེད་ཚལ་གྱི་མཛེས་སྡུག་གི་མེ་ཏོག་བཏུས་ཏེ་ཤོག་གྲུའི་སྟེང་བཞག་ཅིང་། ཞོགས་པའི་སྔ་རོལ་དུ་སྐྱེས་བའི་མེ་ཏོག་དེ་ཚོ་མཚན་གཞུང་ནས་བདེ་ཐང་ངང་གྲུ་ཁར་འབྱོར་བའི་རེ་བ་བསྲིངས། ངས་རང་ཉིད་ཀྱི་ཤོག་གྲུ་ཆུ་ནང་དུ་བཞག་ནས་ནམ་མཁའ་ལ་བལྟས། སྤྲིན་དཀར་གྱི་ཚོམ་བུས་སྒུལ་བའི་ནམ་མཁའི་རླུང་ཡོར་དཀར་པོ།ནམ་མཁའ་ནས་ངའི་འགྲོགས་རོགས་སུ་ཞིག་གིས་གྲུ་ཆུང་མར་ལ་གཡུགས་ནས་ངའི་གྲུ་ཆུང་ལ་འགྲན་སློང་བྱེད་བཞིན་པ་འདྲ། ས་རུབ་ཁར། བདག་གིས་ངོ་གདོང་ལག་མཐིལ་དུ་སྦས་རྗེས། རྨི་ལམ་གྱི་ངོགས་སུ་ངའི་ཤོག་གྲུ་དེ་ནམ་དགུང་གི་སྐར་འོད་ཆེམ་ཆེམ་གྱི་ཁྲོད་ནས་དལ་བུར་བསྐྱོད་ཀྱིན་པ་མཐོང་།

སྒྲ་མེད་པའི་གོམས་སྟབས།
ཐེ་ཀོར། ༼སྲིན་པོས་བསྒྱུར༽

ཁྱེད་ཀྱིས་ཁོས་སྒྲ་མེད་པའི་གོམ་སྟབས་དེ་ཐོས་སམ
ཁོ་ཡོང་ཀྱིན་འདུག ཡོད་ཀྱིན་འདུག མཚམས་མི་འཇོག་པར་ཡོང་གི་འདུག
སྐད་ཅིག་མ་རེ་རེ ལོ་རབས་རེ་རེ
ཉིན་དང་མཚན་མོ་རེ་རེར ཁོ་ཡོང་ཀྱིན་འདུག
ཡོང་ཀྱིན་འདུག
མཚམས་མི་འཇོག་པར་ཡོང་གི་འདུག

སེམས་ཁམས་ཤིན་ཏུ་རྙོག་འཛིང་ཡིན་པའི་སྐབས་སུ
ངས་གླུ་དབྱངས་མང་པོ་བླངས་མྱོང
འོན་ཀྱང འདི་དག་གི་དབྱངས་འགྲོས་རེ་རེའི་ནང
ནམ་རྒྱུན་འདི་ལྟར་བསྒྲགས་ཀྱིན་འདུག
ཁོ་ཐོན་ཐལ ཐོན་ཐལ མཚམས་མི་འཇོགས་པར་ཐོན་ཐལ
ཉི་འོད་དྭངས་ཤིང་གསལ་ལ
དྲི་བསུང་ཕྱོགས་བཞིར་ཁྱབ་པའི་ཟླ་བཞི་བར
ཁོས་ནགས་ཚལ་ཁྲོད་ཀྱི་ལམ་བུ་བརྒལ་ནས་ཐོན་ཐལ
ཐོན་གྱིན་འདུག
མུན་མདངས་ཀྱི་ཟླ་བདུན་པར
ཆར་ཞོད་ཆེ་བའི་མཚན་མོར
ཁོ་ནག་སྣུམ་གྱི་སྤྲིན་ཚོམ་དུ་ཞུགས་ནས་ཡོང་ཀྱིན་འདུག
ཁོ་ཡོང་ཕོད་དམ ཁོ་ཡོང་ཕོད་དམ
ཁོས་སྡུག་བསྔལ་གྱི་རྒྱུན་བསྲིངས་སྟེ
གོམ་སྟབས་དེ་ངའི་སེམས་སུ་བཞག་རྗེས
ཁོས་གསེར་མདོག་ལྟ་བུའི་ཞབས་ཟུང་གཉིས་ཀྱིས
ངའི་ཚེ་སྲོག་གི་བདེ་སྐྱིད་མ་ལུས་གསེར་མདོག་གིས་བྱུགས

གདོང་དང་གདོང་གཏད་དེ།
ཐེ་ཀོར། ༼སྲིན་པོས་བསྒྱུར།༽

ཉིན་རེ་ནས་ཉིན་རེ་འདས་རྗེས
ཀྱེ བདག་གི་མགོན་སྐྱབས་ཡ
ངས་ལག་ཟུང་ཐལ་མོ་སྦྱར་ཏེ
ང་རང་ཁྱེད་ཀྱི་གདོང་དང་གདོང་གཏད་དེ་འགྲེང་ཆོག་གམ
ཀྱེ མི་ཡུལ་གྱི་མགོན་སྐྱབས་ཡ
ང་རང་ཁྱེད་ཀྱི་གདོང་དང་གདོང་གཏད་དེ་འགྲེང་ཆོག་གམ
ཁྱེད་ཀྱི་ཁེར་རྐྱང་དང་ལྷིང་འཇགས་ཀྱི
མཐའ་མི་མངོན་པའི་གནམ་འོག་ན
ངས་ཁེངས་གུས་ཀྱི་སེམས་པ་བསྣམས་ཏེ
ཁྱེད་ཀྱི་གདོང་དང་གདོང་གཏད་དེ་འགྲེང་ཆོག་གམ
ཁྱེད་ཀྱི་བྲེལ་འཚུབ་ཀྱི་འཇིག་རྟེན་ན
ལག་ཤེས་དང་ངལ་རྩོལ་གྱིས་ཁྱབ་ཅིང
བྲེལ་བྲེལ་འཚུབ་འཚུབ་ཀྱི་མི་ཚོགས་ཁྲོད་ནས
ང་རང་ཁྱེད་ཀྱི་གདོང་དང་གདོང་གཏད་དེ་འགྲེང་ཆོག་གམ
ངའི་ཚེ་འདིའི་བྱ་བཞག་ཡོད་ཅོག་མཇུག་རྫོགས་རྗེས
ཀྱེ མཐུན་ལྡན་གྱི་མགོན་སྐྱབས་ཡ
ང་རང་ཁྱེད་ཀྱི་མདུན་ནས་སྒེར་ཚུགས་ཀྱིས་འགྲེང་ཆོག་གམ


ང་ཚོ་ཚང་མ་དམུས་ལོང་རེད།
--དབྱི་ཀོ ༼སྲིན་པོས་བསྒྱུར།༽

ང་ཚོ་ཚང་མ་དམུས་ལོང་རེད མི་བཀྲེན་པོ་དེ་ཡང་དམུས་ལོང་རེད
ཁོས་གསེར་མཐོང་བ་ལས་རྒྱུ་ནོར་མཐོང་གི་མི་འདུག
བག་མེད་ཆུད་ཟོས་བྱེད་མཁན་གྱི་མི་དེའང་དམུས་ལོང་རེད

ཁོས་འགོ་རྩོམ་ས་མཐོང་བ་ལས་མཇུག་བསྡུ་ས་ནམ་ཡང་མཐོང་གི་མི་འདུག
མཛེས་སྤྲས་བག་མེད་སྤྱོད་མཁན་གྱི་བུ་མོ་དེ་ཡང་དམུས་ལོང་རེད

མོས་རང་ཉིད་ཀྱི་རྒས་གཉེར་ཏེ་མཐོང་གི་མི་འདུག
ཡོན་ཏན་པའང་དམུས་ལོང་རེད

ཁོས་རང་ཉིད་ཀྱི་ཤེས་རྨོངས་ཏེ་མཐོང་གི་མི་འདུག
གཞུང་དྲང་གི་མི་དེ་ཡང་དམུས་ལོང་རེད

ཁོས་མི་ངན་པ་དེ་མཐོང་གི་མི་འདུག
མི་ངན་པ་དེའང་དམུས་ལོང་རེད

ཁོས་དཀོན་མཆོག་མཐོང་གི་མི་འདུག
དཀོན་མཆོག་ཀྱང་དམུས་ལོང་རེད

ཁོས་འཇིག་རྟེན་བསྐྲུན་སྐབས་སུ་འདྲེ་ཡང་འཚང་ཡོང་བ་མ་མཐོང་ཟིག
ང་ཡང་དམུས་ལོང་རེད ངས་བཤད་བཤད་ན་འང
མི་རྣམས་འོན་པ་ཡིན་པ་མ་མཐོང་ཟིག


ལྗང་མདོག་གི་རྒྱ་མཚོ།
ཏིས་ཅིན་སཱན། ༼སྲིན་པོས་བསྒྱུར།༽

བདག་གི་ཆུ་ཕྲན་རེ་རེ་ཁྱེད་ཀྱི་ཕྱོགས་སུ་བཞུར་འགོ་བརྩམས
ཁྱེད་ཀྱིས་བསྡུ་ཉར་བྱེད་ཐུབ་བམ ལྗང་མདོག་གི་རྒྱ་མཚོ་ལགས
ངས་ཁྱེད་ཀྱི་ཨ་ལན་ལ་རེ་བས་ངང་སྒུག་བྱས་ཡོད

ཀྱེ རྒྱ་མཚོ་ཆེན་པོ
ཁྱེད་ནི་དེ་འདྲའི་བྱམས་ཤིང དེ་འདྲའི་གཅེས་པ་ལ
བདག་གིས་འབག་བཙོག་གིས་མ་གོས་པའི་གྲོག་རོང་བརྒྱུད་དེ
ཆུ་ཕྲན་མང་པོ་ཕྱོགས་གཅིག་ཏུ་བསྡུས་རྗེས
ཁྱེད་ཀྱིས་ཤོད་དང རྒྱ་མཚོ་ལགས
བདག་ཁྱེད་ཀྱི་པང་ཁུགས་སུ་བཞུར་འོང་ན་ཆོག་གམ

 


བཙོན་མ།
༼སྲིན་པོས་བསྒྱུར།༽

གལ་ཏེ་ཁྱེད་ཀྱི་སེམས་ནི་བཙོན་ཁང་ཞིག་ཡིན་ཚེ
ང་ནི་བཙོན་མ་ཞིག་ཏུ་འགྱུར་ན་མོས་ཤིང
ཚེ་གང་བོར་གནས་དེ་ནས་བཙོན་དུ་འཇུག་འདོད



སྐྱེལ་མ།
༼སྲིན་པོས་བསྒྱུར༽

ཁྱེད་རང་ཆས་སོང
བདག་གིས་ཁྱེད་ལ་སྐྱེལ་མ་མཛད
ཁྱེད་ཀྱི་ལམ་བུ
བདག་གིས་མིག་རྒྱང་གིས་ལྟེབས་ཤིང
ཁྱེད་རང་དྲན་དུས་སུ
བདག་གནས་དེར་འགྲེང་ནས་རྒྱང་བལྟ་བྱེད་ངེས
ཁྱེད་ཀྱིས་ཕྱིར་བལྟས་ཐེངས་གཅིག་བྱས་ན
མཚན་མོ་དེར བདག་གིས་རྨི་ལམ་སྐྱིད་པོ་ཞིག་རྨི་ངེས

གལ་ཏེ ནམ་ཞིག་ན་ང་རང་ཁྱེད་དང་ཁ་འབྲལ་དགོས་ཚེ
བདག་གིས་རེ་བ་ཡིན་ན ཁྱེད་ཀྱིས་ཀྱང་དེ་འདྲའི་མིག་རྒྱང་ཞིག་གིས
བདག་རྒྱང་དུ་སྐྱེལ་རོགས
རྒྱུ་མཚན འཇིག་རྟེན་འདིར་ལམ་མེད་ན་ཆོག་མོད
འོན་ཀྱང་མཛའ་བརྩེ་མེད་ན་མི་ཆོག



སྙན་ངག་གི་སྨྲས་པ།
༼སྲིན་པོས་བསྒྱུར༽

ང་ནི་མེ་མིན་པས
ངས་ཁྱེད་ལ་འོད་སྣང་དང་དྲོད་ཁོལ་སྦྱིན་མི་ནུས
དེ་བཞིན ང་ནི་མུན་ནག་ཀྱང་མིན་པས
ངས་ཁྱེད་ཀྱི་འོད་སྣང་ལ་གསལ་སྤྲས་བྱེད་མི་ནུས
ང་ནི་ཆུ་མིན་པས
ངས་ཁྱེད་ཀྱི་སྐམ་རིད་དུ་གྱུར་བའི་མཆུ་སྒྲོས་སུ་ནེམ་ཐིགས་སྦྱིན་མི་ནུས
ང་ནི་མེ་ཏོག་མིན་པས
ངས་ཁྱེད་ཀྱི་ཁེར་རྐྱང་གི་འཚོ་བར་མཛེས་སྡུག་སྤུད་མི་ནུས
ང་ནི་ཅི་ཞིག་ཡིན་ནམ ང་ནི་ཅི་ཞིག་ཡིན་ནམ
རྨི་ལམ་ལ་དབྱིབས་མེད་པ་བཞིན
མཁའ་དབུགས་ལ་མདོག་མེད་པ་བཞིན
ང་ནི་ཁྱེད་ཀྱི་རྟོག་འཆར་གྱི་ཀློང་གི་ཡོལ་བ་ཞིག་སྟེ
ཁྱེད་ཀྱིས་ཚེ་སྲོག་གི་གཟི་དཔལ་གྱི་བརྟོལ་དགོས་ཤིང
གལ་ཏེ ཁྱེད་ཀྱི་ནང་སེམས་ཀྱི་མེ་ལྕེ་དེ
སྔ་ས་ནས་གཟིམས་སོང་ཚེ
ཁྱེད་ཀྱིས་ཡོལ་བ་དེའི་སྐྱ་མདོག་གི་ངོས་སུ་ལེ་བདའ་མི་གཏོང་རོགས
སྐབས་གཉིས་པའི་ལུའུ་ཞུན་རྩོམ་རིག་གི་བྱ་དགའ་ཐོབ་པའི་བརྩམས་ཆོས་སྐོར་ཞིག



ལྷ་ས།
༼སྲིན་པོས་བསྒྱུར༽

གླག་རྒོད་ཅིག
གངས་ཐང་གི་རི་རྩེ་ནས་ལྡིང་སྐོར་རྒྱག་གྱིན
ང་ཚོ་ལ་ཐུར་ལྟ་ཡང་ཡང་བྱས
པོ་ཏ་ལས
ལྗིད་ཏིག་ཏིག་གི་གྲོང་ཁྱེར་གྱི་ངལ་བ་དང་དུ་བླངས
སྤྲིན་དཀར་རེ་རེས
སྟོང་ལྷང་ལྷང་གི་ཁྲོམ་སྲང་བརྒལ
དེ་ནི་རྨི་ལམ་རེ་རེ་དང་འདྲ་བར
ང་ཚོ་སད་པར་དལ་གྱིས་ངང་སྒྲུག་བྱས
མ་གཞི་ང་ཚོ་ལ་འདི་ལྟར་བྱེད་མི་འོས་སྟེ
ལག་ཟུང་གི་སྣེ་མོར་གྲུབ་པའི་གྲོང་ཁྱེར་འདི
མེ་ལྟར་འབར་བའི་ཤོག་བྱ་བཞིན
གླག་རྒོད་དེའི་ཆེས་ཁེར་རྐྱང་ཡིན་པའི་དུས་ཚིགས་སུ་བཞུར


བརྩེ་དུང་།
༼སྲིན་པོས་བསྒྱུར།༽

རྒྱབ་འགལ་བྱེད་པའི་མི་ཨ
ངའི་སེམས་པ
ལོ་ཏོག་བསྡུས་ཟིན་པའི་སྟོན་ཁ་རེད
འདས་ཟིན་པའི་བྱུང་བ་ཡོད་ཚད་ལས་དབང་དུ་བསྒོམས
ཡིན་ཡང ངས་གཏན་ནས་རྒྱབ་འགལ་བྱེད་མ་མྱོང
ཨ དུས་ཚོད་ལ་མི་དབང་བའི་བརྩེ་དུང
ཅིའི་ཕྱིར ཏག་ཏག་དུས་ཚོད་ཀྱི་ཁྲོད་ནས་བཞུར་དགོས་པ་རེད

 

ལྕགས་རི་རིང་མོ།
༼སྲིན་པོས་བསྒྱུར༽

བཏུལ་དྲག་པའི་གྲི་རྩེར
བཙའ་ཡིས་བཟུང་འདུག
ལྟོས་དང ངའི་རྐང་ཞབས་ཀྱི་ས་སེར་ཨ
འཚེར་སྣང་སྐྱེས་པའི་ཕྱེ་ལེབ་ཁྱུ་གཅིག
མདུན་ཕྱོགས་ནས་འཕུར་ཡོང

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།