ཨ་ཁུ་ཁྱི་སྐྱག་རྟ་ལ་དགའ།
རྩོམ་པ་པོ།  བཀྲ་བྷ།    སྤེལ་དུས།  2012-10-16 21:22:45    རྡེབ་ཚད།     ཡོང་ཁུངས། ༢༠༠༤ལོའི《སྦྲང་ཆར》དེབ་གཉིས་པ།

 

ཨ་ཁུ་ཁྱི་སྐྱག་རྟ་ལ་དགའ།
 
བཀྲ་བྷས་བརྩམས།
 
སྦག་སྦག་འཁོར་ལོ་དང་རླངས་འཁོར་སོགས་འཕྲུལ་འཁོར་མང་པོ་ཚོང་ར་བརྒྱུད་དེ་དམངས་ཁྲོད་ལ་དར་ཅིང་མི་སྒེར་ལ་དབང་བ་ན། ཡུལ་ཁམས་འདིའི་འབྲོག་པ་སྐོར་དང་རིམ་པ་ཞིག་གིས་རྟ་ཟེར་བ་ཕལ་ཆེར་བརྗེད་འགྲོ་བ་འདྲ་བའི་ཚུལ་ལ་བསླེབས་མོད། ཨ་ཁུ་ཁྱི་སྐྱག་གིས་རྟ་ནི་བརྗེད་མི་སྲིད། གཏན་ནས་བརྗེད་མི་སྲིད།
ཨ་ཁུ་ཁྱི་སྐྱག་རྟ་ལ་དགའ།
ཨ་ཁུ་ཁྱི་སྐྱག་ཧ་ཅང་ཆུང་བའི་དུས་ནས་རྟ་ལ་དགའ།
ཨ་ཁུ་ཁྱི་སྐྱག་རྟ་ལ་ཧ་ཅང་དགའ་བས། ཡུལ་མི་རྣམས་ཀྱིས་ཁོ་ལ་ཁྱི་སྐྱག་རྟ་དགའ་ཞེས་འབོད་བཞིན་ཡོད།
ཨ་ཁུ་ཁྱི་སྐྱག་མི་ཡུལ་ལ་བསླེབས་སྐབས། ཁོ་ཚང་གི་སྦྲ་ནག་ཧྲུལ་པོ་དེ་འབྲོག་དགོན་གྱི་ཐང་སྟོང་ཞིག་ལ་འབྱར་འདུག་པས། ཁོ་ཚང་ནི་རོང་འབྲོག་གཉིས་ལས་འབྲོག་པ་ཡིན་དགོས་མོད། སྦྲ་ནག་རལ་པོ་དེ་ཡི་ཉེ་འཁོར་དུ་ནོར་ལྷས་མེད། ལུག་ལྷས་མེད། རྟ་ར་ནི་དེ་བས་ཀྱང་མེད། ཁོ་ཚང་གི་སྒོ་ཕྱུགས་ཡོད་ཚད་ནི་ར་མ་འགའ་དང་ར་ཕོ་གཅིག་པུ་དེ་ཡིན། དུད་འགྲོ་དེ་དག་གི་སུག་བཞི་ལ་བརྟེན་ནས་ཕྱུགས་ལྷས་མིང་དོན་མཚུངས་པ་ཞིག་བཅགས་ཤུལ་ཐེབས་མ་ཐུབ་པ་ན། ཨ་ཁུ་ཁྱི་སྐྱག་ཚང་ནི་ནམ་ཡང་འབྲོག་ཁྱིམ་ལྷས་མེད་ཅིག་ཡིན་དགོས་བྱུང་།
དེ་དུས། ཨ་ཁུ་ཁྱི་སྐྱག་ཚང་ནི་ཧ་ཅང་དབུལ་རུང་སེམས་ཁོང་ནི་ཧ་ཅང་ཕྱུག མེས་པོ་བཀའ་དྲིན་ཅན་གྱིས་བཞག་པའི་བྱས་རྗེས་དང་ཁོང་ཡང་ཡང་བླངས་པའི《ཇག་གླུ་ཆུ་བོ་དལ་འབབ》གཉིས་ལ་བརྟེན་ནས། མི་སེམས་ན་རྟ་ཁྱུ་མང་པོ་ཕྱྭ་གཡང་དང་བཅས་འཕེལ་བཞིན་ཡོད་པས། ཁྱིམ་མི་ཀུན་གྱི་སེམས་ཁོང་ལ་སྟོབས་འབྱོར་དང་མངའ་ཐང་རྒྱས་འདུག
ཁོ་ཚང་ལ་ཁོ་ཚང་གཅིག་པུར་དབང་བའི་ངག་རྒྱུན་ཞིག་མཆིས་ལ། ཁོ་ཚང་གི་མི་སེམས་ཀྱི་འབྱོར་བ་དེ་ནི་ཁོ་ཚང་གི་ངག་རྒྱུན་དེ་ལས་བྱངུ་བ་ཡིན། ངག་རྒྱུན་ལྟར་ན། ཁོ་ཚང་གི་མེས་པོ་ཞིག་གི་མིང་ལ་རྟ་མགྲིན་མགོན་པོ་ཟེར་ཞིང་། མེས་པོ་དེ་ལ་དཔའ་རྩལ་འཛོམ། སྤྱང་གྲུང་ལྡན། སྐད་ངག་བདེ། གཏན་ལ་མཁས། མདོར་ན་ཁོ་ནི་ཕོ་རབ་ཀུན་འཛོམ་ཞིག་ཡིན། མེས་པོ་དེའི་མེས་པོའི་དུས་སུ། ཁོ་ཚང་ནི་འབྲོག་དགོན་ན་གནས་པའི་འབྲོག་པ་ཡིན་རུང་། སྦྲ་སྒོ་ན་འབྲོག་ཁྱི་ཞིག་ལས་སྲོག་ལྡན་གཞན་པ་གཅིག་ཀྱང་མེད། མེས་པོ་དེས་དཔའ་རྩལ་དང་བློ་ཇུས་གཉིས་ལ་བརྟེན་ནས། ཡུལ་གྲུ་གཞན་གྱི་རྟ་ཁྱུ་རྣམས་རང་ཟོག་ལྷས་ལ་སྐྱིལ་བ་ལྟར་དེད་ཡོང་བ་ན། རིམ་གྱིས་ཁོ་ཚང་ལ་འབྱོར་བ་ལྡན་སོང་། ཁོ་ཚང་གི་སྙན་གྲགས་རྒྱས་སོང་།
ཐེངས་ཤིག་ལ། ཁོ་ཚང་གི་མེས་པོ་བཀའ་དྲིན་ཅན་དེ་བྱང་གི་ཡུལ་གྲུ་ཆེན་པོ་ཞིག་ལ་ཕེབས། ཡུལ་གྲུ་དེའི་སྤང་གཤོང་ཞིག་ནས། ཁོས་འདོ་རིག་རྟ་ཕོའི་ཁྱུ་སྣེ་བཅད་དེ་གློག་འཁྱུག་པ་ལྟར་ཡོང་། སྐད་འགྲགས་ཀྱི་ཀི་རྒྱངས་ཁྲོད་དུ། རྟ་མང་དག་གི་རྨིག་པས་འཛིན་མ་རྔ་བོ་ལྟར་བརྡུངས་ཏེ་མདུན་ལ་བང་གིས་མཆོངས། འཇིགས་ཡེར་བའི་ཀི་རྒྱངས་ཁྲོད་དུ། རྟ་མང་དག་གིས་རྔོག་མ་གཡོ་བཞིན་མདུན་ལ་བང་གིས་མཆོངས། ཉག་ཆེན་ཞིག་རྒྱབ་ལ་བསྐྱུར། ཆུ་ཆེན་ཞིག་འཕྲེད་ལ་བཅད། བྱང་གི་དུག་ཐང་རིངམོ་ཟེར་བའི་ཐང་ཆེན་གཡེར་མོ་དེ་ལ་བསླེབས་པ་ན། མེས་པོས་རང་ཡུལ་ཕྱོགས་ཀྱི་རི་ཉག་དེ་དམིགས་ནས་རྟ་ཁྱུ་མདུན་ལ་ཡུན་གྱིས་དེད། སྐབས་དེར། ཁོས་ལུས་སྟོབས་གསོ་བཞིན་ར་མདའ་རྗེས་གཅོད་རྣམས་ཨེ་འོང་ལ་བསྒུགས་ནས་བསྡད། གལ་སྲིད་ཨ་ཐང་ཆད་འདུག་སྐབས་དཔའ་རྩལ་དང་དཔུང་བ་འགྲན་དགོས་ན། ཇག་པ་རྟ་འདེད་ཕམ་པ་དང་ར་མདའ་རྗེས་གཅོད་རྒྱལ་བ་ལས་ཅི་ཡང་མེད།
ཁོས་རྟ་ཁྱུ་ཡུན་གྱིས་མདུན་ལ་དེད།
ར་མདའ་རྗེས་གཅོད་བསླེབས་བྱུང་། ཕོ་རྒོད་བཅུ་གཅིག་རྒྱ་སྟག་མཆོང་བ་ནང་བཞིན་བསླེབས་བྱུང་། ཁོ་ཚོའི་རྟ་རྒྱབ་ན་མེད། མི་ལུས་ན་གོས་མེད།
སྐྱ་མི་དེ་རྣམས་དམར་ཐེར་ཐེར་དུ་མཆོངས་ཡོང་བ་མཐོང་འཕྲལ། མེས་པོ་བཀའ་དྲིན་ཅན་གྱིས་བྲོས་པས་ཐར་ལམ་མེད་པ་དང་འགྲན་ན་དོ་ཡ་མི་ཡོང་བ་ཤེས་ཏེ། ཅི་བསམ་འདི་བསམ་མེད་པར་རྟ་ལ་ཡོབ་རྡེབ་བྱེད་སྐབས། རང་ཉིད་ཀྱི་གླུ་སྐད་ལ་གནམ་འོག་ཏུ་འགྲན་ཟླ་མེད་པ་དེ་དྲན་པས། ངག་གི་སྒོ་མོ་ཡངས་པོར་ཕྱེ་སྟེ་ཇག་པའི་བདེ་སྡུག་གླུ་རུ་ལེན་བཞིན་དལ་བུར་མདུན་ལ་སོང་། འཇིགས་སྔངས་མེད་པར་མདུན་ལ་སོང་། ཕྱིར་བལྟས་མེད་པར་མདུན་ལ་སོང་བ་ན། 《ཇག་གླུ་ཆུ་བུ་དལ་འབབ》ཟེར་བ་མེད་པ་ནས་ཡོད་པར་གྱུར།
ཁོ་རི་ཉག་དེ་ཡི་ཚུ་རོལ་ལ་སོན་སྐབས། རང་རློམ་ཆེན་པོ་དང་བཅས་རྒྱབ་ཕྱོགས་ལ་ལྟ་ཙམ་བྱས་པ་ན། ར་མདའ་རྗེས་གཅོད་གཅིག་ཀྱང་མ་མཐོང་བས། དགའ་སྤྲོས་ཀི་རྒྱངས་བྱེད་བཞིན་རྟ་རྣམས་གློག་འཁྱུག་པ་ལྟར་རང་ཡུལ་ལ་དེད།
དེའི་རྗེས་སུ། ཁོ་ཇག་ལ་ཡང་ནས་ཡང་དུ་ཆས། ར་མདའ་རྗེས་གཅོད་བསླེབས་སྐབས། ཇག་གླུ་དབྱངས་སུ་གྱེར་པ་ན། དཔའ་རྩལ་དཔུང་བ་གཏུག་མཁན་གཅིག་ཀྱང་མ་བྱུང་ལ། 《ཇག་གླུ་ཆུ་བོ་དལ་འབབ》ཟེར་བ་དེའང་ཆ་མི་ཚང་བ་ནས་ཆ་ཚང་བ་དང་ཡིད་དབང་ཀུན་ནས་འཕྲོག་པ་ཞིག་ཏུ་གྱུར།
མེས་པོ་བཀའ་དྲིན་ཅན་དེ་ནམ་ཞིག་ཚེ་འཇིག་རྟེན་ཕྱི་མར་ཆས་རྗེས། མི་རབས་རྗེས་མ་རྣམས་ལ་ཇག་ཕར་འགྲོ་བྱེད་པའི་སྤོབས་པ་མེད་པར་མ་ཟད། དགྲ་ཚུར་འོང་གིས་རང་རྟ་དེད་ན་ར་མདའ་འགྲོ་མཁན་ཡང་མེད་པས། ལ་ལོ་ཇག་པས་ཁུགས་གཅོད་ཐེངས་མང་ལ་བྱས་ནས་དེད་དེ། རིམ་གྱིས་རྟ་ཁྱུ་ནི་སྨོས་ཅི་དགོས། ཐ་ན་རྟ་རོ་ཙམ་ཡང་མེད་པར་གྱུར།
ཨ་ཁུ་ཁྱི་སྐྱག་གི་ཨ་ཕའང་རྟ་ལ་དགའ།
ཨ་ཁུ་ཁྱི་སྐྱག་གི་ཨ་ཕའང་ཆུང་བའི་དུས་ནས་རྟ་ལ་ཧ་ཅང་དགའ།
ཡུལ་མི་ཀུན་གྱི་མཐོང་སྣང་ལ། ཨ་ཁུ་ཁྱི་སྐྱག་གི་ཨ་ཕ་ནམ་ཡང་ར་རྫི་ཡིན་མོད། དོན་དམ་དུ། ཁོ་ལུས་ནི་ར་རྫི་ཡིན་རུང་། སེམས་ཀྱིས་རྟ་ཡི་ཁྱུ་ཆེན་རི་ལ་འདེད་ཅིང་རི་ནས་འཚོས་ཏེ་ཇག་ལ་འཛེམ་བཞིན་ཡོད།
ཨ་ཁུ་ཁྱི་སྐྱག་གིས་སྐད་ཆ་ལྡབ་ལྡིབ་བཤད་ཤེས་པ་དང་གོམ་པ་ཁྱར་ཁྱོར་སྤོ་ནུས་སྐབས། ཆར་བ་བབས་ན་འདྲ། ལྷགས་རླུང་འཚུབ་ན་ཆོག ཨ་ཕས་ནམ་རྒྱུན་ཁོ་འཁུར་ཞོར་དང་འཁྲིད་ཞོར་བྱས་ཏེ་ར་རྫིར་འགྲོ་ངེས།
ར་རྫིར་སོང་ཐེངས་རེར། ཨ་ཕ་ས་ཆ་མཐོ་ས་ཞིག་ནས་ལྗིད་ཏིག་གེར་བསྡད་དེ《ཇག་གླུ་ཆུ་བོ་དལ་འབབ》དབྱངས་སུ་གྱེར་པ་ན། ཁོའི་མགྲིན་དབྱངས་སྙན་ཞིང་ཇག་གླུ་དེའི་དབྱངས་འགྲོས་ལེགས་པས། ཉན་གྱིན་ཉན་གྱིན་ཨ་ཁུ་ཁྱི་སྐྱག་གི་བྱིས་བློ་དྲི་མ་མེད་པ་དེའང་རང་དབང་མེད་པར་བཟི་འགྲོ། འོན་ཀྱང་། ཇག་གླུ་དེ་སྐྱོ་གདུང་གིས་བླངས་ཏེ་སྐྱོ་གདུང་གིས་མཇུག་བསྡུས་སྐབས། ཨ་ཕས་མཚམས་རེར་མཆི་མ་འདོན་པ་དང་། སྐབས་རེར་སྐད་ཕྱུང་ནས་ངུ་རྒྱངས་བྱེད་པས། ཁོ་ཞེད་སྣང་དང་བཅས་འཁུམས་ནས་འདུག་པ་ལས་འཆར་སྒོ་དང་ཚོར་སྣང་ཅི་ཡང་མེད་པར་འགྱུར་ངེས།
ཚིག་ཕར་བཤད་ཀྱི་སྨྲ་དག་པ་དང་གཏན་ཚུར་བཤད་ཀྱི་དོན་གོ་སྐབས། ཨ་ཕས་སྔར་བཞིན་ཨ་ཁུ་ཁྱི་སྐྱག་ར་རྫིར་ཁྲིད་བཞིན་འདུག སྐབས་དེར། ཨ་ཕས་མེས་པོའི་བྱས་རྗེས་ཆེན་པོ་བཞག་རབས་དེ་ཐེངས་ཤིག་བཤད་རྗེས། 《ཇག་གླུ་ཆུ་བོ་དལ་འབབ》དབྱངས་སུ་གྱེར་པ་ན། ཁོའི་སེམས་ཁོང་གི་དྲན་གདུང་དང་སྨོན་འདུན་དེ་རིམ་གྱིས་གཤེར་གཟུགས་སུ་གྱུར་ཏེ། མིག་ཟུང་ལས་ཤྭ་འོད་བརྡོལ་བ་ལྟར་བཞུར་ཡོང་བ་དང་། གཤེར་གཟུགས་དེ་ཡི་དོད་ལ་རྟ་ཁྱུ་མང་པོ་ངང་གིས་སེམས་ཁོང་དུ་འཁོར་ཡོང་།
མཆི་མ་ཇི་ལྟར་བཞུར་ན་མེས་པོའི་བཀའ་དྲིན་དེ་ལྟར་དྲན་པ་དང་། མཆི་མ་ཇི་ལྟར་བཞུར་ན་སེམས་ཁོང་གི་རྟ་ཁྱུའི་གྲངས་ཀ་དེ་ལྟར་འཕེལ་ཡོང་ལ། སེམས་ཁོང་གི་རྟ་ཁྱུ་དེ་ཕྱཱ་གཡང་དང་བཅས་འཕེལ་བ་དང་བསྟུན་ནས། ཕ་བུ་གཉིས་ཀ་ར་རྫིར་འགྲོ་དུས། ཨ་ཁུ་ཁྱི་སྐྱག་གིས་ཀྱང་ལུས་ཀྱིས་ར་མ་འདེད་བཞིན་ཡོད་རུང་། སེམས་ཀྱིས་ལ་ལོ་འཚོ་བཞིན་མཆིས། སྐབས་དེར། ཨ་ཕས་ཨ་ཁུ་ཁྱི་སྐྱག་གཅིག་པུ་ར་རྫིར་མངགས་ཏེ། རང་ཉིད་ཀྱིས་སྤྲོ་སྣང་གིས་ཕྱུང་བའི་འཛུམ་མདངས་དང་བཅས་ཇག་གླུ་ལེན་བཞིན་ངལ་གསོ་བྱེད་མགོ་བརྩམས། དེ་དུས། ཁོ་ལ་ཧ་ཅང་མཁོ་བ་ནི་ཉི་འོད་དང་འོ་ཇ་ཡིན།
ཨ་ཕའི་གཟུགས་གཞི་དེ་ཇག་གླུ་ལེན་པའི་དུས་ཡུན་ཁྲོད་ནས་རྒས་སོང་།
ཨ་ཁུ་ཁྱི་སྐྱག་གི་ལང་ཚོ་དེ་ཇག་གླུའི་ཁྲོད་ནས་དར་ལ་བབ།
སྐབས་ཤིག་ལ། ཨ་ཁུ་ཁྱི་སྐྱག་མེས་པོའི་རྗེས་སུ་འབྲངས་ཏེ་ཇག་ལ་འགྲོ་གྲབས་བྱས་མོད། ཨ་ཕའི་ཆོག་མཆན་མ་ཐོབ།
ཟླ་འོད་མེད་པའི་མཚན་མོ་ཞིག་ལ། ཨ་ཕ་གློ་བུར་དུ་མལ་ནས་ལངས་ཏེ་ཇག་གླུ་ལེན་མགོ་བརྩམས། རེ་ཞིག་གི་རྗེས་སུ། ཨ་ཕས་ཇག་གླུ་ལེན་བཞིན་ལྔ་ལམ་དུ་བུད་སོང་བས། ཨ་ཁུ་ཁྱི་སྐྱག་གིས་ཇག་གླུ་ལེན་བཞིན་ཨ་ཕ་རི་བོ་མཐོན་པོ་དེའི་ཡང་རྩེར་བསྐྱལ་པ་དང་། ཇག་གླུ་ལེན་བཞིན་ཨ་ཕའི་འབྱུང་ལྔའི་ཕུང་ཁམས་ཐང་དཀར་རྒོད་པོར་ཟས་སུ་སྦྱིན།
ཨ་ཕ་ཕྱི་མར་སོང་རྗེས། ཨ་ཁུ་ཁྱི་སྐྱག་ནི་སྦྲ་ནག་རལ་པོ་དེའི་བདག་པོ། ཇག་གླུ་སྙན་མོ་དེའི་བདག་པོ། གཟུགས་མེད་ཀྱི་རྟ་ཁྱུ་གྲངས་མེད་དེའི་བདག་པོ། མདོར་ན་དུད་ཁྱིམ་དེ་ལ་ཅི་ཡོད་ཐམས་ཅད་ཀྱི་བདག་པོ་ནི་ཁོ་ཡིན་མོད། ར་མ་རྩྭ་ཁར་འདེད་པ་ལས་བྱ་བ་གཞན་པ་ཅི་ཡང་མེད།
ཁོ་ས་ཆ་མཐོ་ས་ཞིག་ནས་ས་ལ་བསྡད་དེ། ར་མ་མིག་གིས་འཚོ་བཞིན《ཇག་གླུ་ཆུ་བོ་དལ་འབབ》དབྱངས་སུ་གྱེར་པ་ན། མེས་པོ་བཀའ་དྲིན་ཅན་གྱི་བྱས་རྗེས་དང་མེས་པོ་དྲིན་ཅན་གྱི་རྟ་ཁྱུ་དེ་གཟུགས་རིས་དང་འགུལ་འཁྱུག་བཅས་ཡིད་ལ་འཕོས་ཡོང་བས། སེམས་པ་སྐྱིད་སྣང་གིས་བཟི་འགྲོ། ལུས་ཀུན་བདེ་སྣང་གིས་ཁེབས་འགྲོ་མོད། སྐབས་རེར། སྐྱ་མི་ཞིག་མཐོང་ལམ་ལ་འབྱོར་པ་ན། སེམས་ཀྱི་རྟ་ཁྱུ་དེ་འཇའ་ཚོན་བཞིན་དུ་ཡལ་འགྲོ་བར་མ་ཟད། མེས་པོའི་བྱས་རྗེས་དེའང་ཡིད་ལ་གཏན་ནས་འགུགས་མི་ཐུབ།
སྐྱ་མི་མང་པོ་རིམ་གྱིས་མཐོང་བ་དང་བསྟུན་ནས། ཨ་ཁུ་ཁྱི་སྐྱག་གི་སེམས་སུ་དངོས་ཡོད་ཀྱི་རྟ་དེ་མེད་ན་དངོས་མེད་ཀྱི་རྟ་ཡིས་ཅི་ཡང་མི་ནུས་སྙམ་སོང་། སྐྱ་མི་མང་པོ་རིམ་གྱིས་མཐོང་བ་དང་བསྟུན་ནས། རྟ་རྒྱབ་ཀྱི་སྐྱིད་སྣང་མྱོང་རྒྱུ་དེ་ནི་ཨ་ཁུ་ཁྱི་སྐྱག་གི་ཉིན་གྱི་ཕུགས་རེ་དང་མཚན་གྱི་རྨི་ལམ་དུ་གྱུར། རྟ་རྒྱབ་ཀྱི་བདེ་སྣང་མྱོང་ཆེད། ཁོས་ལྐོག་ཏུ་ཕ་བོང་རྟ་འདྲ་ཞིག་ལ་བཞོན་ནས་ཡོབ་རྡེབ་འདྲ་བ་ཞིག་བྱས་མོད། འཕོངས་ཚོས་ན་བ་ལས་བདེ་སྣང་ཅི་ཡང་མ་བྱུང་། ལྐོག་ཏུ་སྤོ་ཐོ་རྟ་འདྲ་རེ་ལ་བཞོན་ནས་ཡོབ་རྡེབ་བྱས་མོད། སྔར་བཞིན་འཕོངས་ཚོས་ན་བ་ལས་ཚོར་སྣང་ཅི་ཡང་མ་བྱུང་བས། ཁོ་ཡང་འུ་ཐུག་སོང་། སེམས་འཁྱགས་སོང་། ཅི་བྱ་གཏོལ་མེད་དུ་གྱུར་སོང་།
ཅི་བྱ་གཏོལ་མེད་དུ་གྱུར་ནས་ཡུན་རིང་འགོར་པ་ན། ཨ་ཁུ་ཁྱི་སྐྱག་གི་ཡིད་ལ་འཆར་སྒོ་གློ་བུར་བ་ཞིག་སྐད་ཅིག་ཉིད་ལ་འཕོས་བྱུང་། འཆར་སྒོ་དེ་ཡིད་ལ་འཕོས་མ་ཐག ཁོས་མྱུར་སྟབས་ཀྱིས་ར་ཕོ་གཅིག་པུ་དེ་བཟུང་བ་དང་། ར་ཕོ་གཅིག་པུ་དེ་བཟུང་མ་ཐག་མྱུར་སྟབས་ཀྱིས་ར་རྒྱབ་ལ་བཞོན་ཏེ་ཤུགས་ཀྱིས་ཡོབ་རྡེབ་ལན་ཞིག་བྱས་པ་ན། ར་ཕོའི་སྐེད་པ་བཅག་ནས་འབའ་རྒྱངས་ཡང་ཡང་བྱས།
དེའི་རྗེས་སུ། ར་ཕོ་ཚེ་ལས་འདས། ར་མ་ཡུགས་སར་ལུས།
དེའི་རྗེས་སུ། ཨ་ཁུ་ཁྱི་སྐྱག་གིས་ནམ་རྒྱུན་དངོས་ཡོད་ཀྱི་རྟ་ལ་རེ་བྱས།
དེའི་རྗེས་སུ། ཨ་ཁུ་ཁྱི་སྐྱག་གིས་དངོས་ཡོད་ཀྱི་རྟ་ལ་རེ་བའི་ཞོར་དུ་དངོས་ཡོད་ཀྱི་ཆུང་མ་ཞིག་ལའང་རེ་བ་བྱས་མོད། བསམ་དོན་གཏན་ནས་མ་འགྲུབ་པས། འུ་ཐུག་པའི་ངང་སླར་ཡང་སེམས་ཁོང་གི་རྟ་ཁྱུ་དེ་རྣམས་འཚོ་དགོས་བྱུང་།
ཨ་ཁུ་ཁྱི་སྐྱག་ཚང་ནི་འབྱོར་མེད་ནང་གི་འབྱོར་མེད་ཡིན། འབྱོར་མེད་གྲལ་རིམ་ལ་བརྩེ་བའི་སྲིད་གཞུང་གསར་བ་དེ་བཙུགས་པ་ན། ས་གནས་སྲིད་གཞུང་གིས་ཕྱུག་པོ་ཚང་གི་གཡོག་མོ་ཞིག་ཨ་ཁུ་ཁྱི་སྐྱག་ལ་ཆུང་མར་མངགས། ཕྱུག་པོ་ཚང་གི་སྐྱས་རྟ་ཞིག་ཨ་ཁུ་ཁྱི་སྐྱག་ལ་ཞོན་པར་གནངས་པས། ཁོའི་བསམ་དོན་ཡོངས་སུ་གྲུབ་སྟེ་ཧམ་སེམས་ཅི་ཡང་མེད་པར་གྱུར།
སྐྱས་རྟ་དེ་ཧ་ཅང་གཡུང་། འོན་ཀྱང་། ཨ་ཁུ་ཁྱི་སྐྱག་ནི་རྟ་ལ་དགའ་བ་མ་གཏོགས། རྟ་ལ་ཆ་རྒྱུས་ཅི་ཡང་མེད་པས། ཐོག་མའི་དུས་སུ་རྟ་ཡི་གན་ལ་གཅར་མི་ཕོད། དེ་ཡི་རྗེས་སུ་ཞོན་ཕོད་པ་འདྲ་ཡང་ཇི་ལྟར་ཞོན་དགོས་པ་མི་ཤེས། ཉིན་ཞིག་གི་སྔ་དྲོར། ཅིས་ཀྱང་རྟ་ལ་ཞོན་ཐབས་བྱ་དགོས་སྙམ་སྟེ། འབྱོར་མེད་གྲལ་རིམ་ལ་གནངས་པའི་རྟ་སྒ་དེ་མགོ་མཇུག་བརྗེས་ཏེ་རྒྱབ་ལ་བསྟད་པ་ན། རྨེད་ནི་གང་ལ་སྐོན་དགོས་པ་མ་ཤེས་པས། རྟ་ལ་གཡས་སྐོར་དང་གཡོན་སྐོར་བྱེད་བཞིན་བསམ་གཞིག་གི་ངང་དུ་ལུས། ཆུང་མས་ཚུལ་དེ་མཐོང་བ་ན། འབྱོར་མེད་གྲལ་རིམ་ནི་དངོས་འབྲེལ་འབྱོར་མེད་གྲལ་རིམ་རེད་ཟེར་བཞིན་བརྒྱུགས་ཡོང་སྟེ་སྒ་སྟོད་རོགས་བྱས་ཤིང་སྟོད་ཚུལ་བཤད། རྟ་ལ་སྲབ་བསྐོན་རྗེས། ཁོ་རེ་ཨ་མའི་བུ། རྟ་ལ་འདི་ལྟར་ཞོན་དགོས་ཟེར་ནས་སྲབ་དཀྱོག་དང་སྲབ་མདའ་བཟུང་འདུག་པའི་གཡོན་ལག་སྔ་རུའི་སྒ་ཁུང་ལ་འཇུས། གཡས་ལག་ཕྱི་རུ་ལ་འཇུས། དེ་ནས་གཡོན་རྐང་ཡོབ་ཆེན་ལ་སྤོས་ཏེ་ལྡེམ་མྱུར་དང་བཅས་རྟ་ལ་བཞོན།
ཆུང་མའི་ལག་གི་སྲབ་མདའ་དེ་བླངས་པ་ན། ཨ་ཁུ་ཁྱི་སྐྱག་ལ་གདེང་ཚོད་ཅི་ཡང་མེད་མོད། ངོ་ཚས་རྒྱབ་ནས་དེད། ཁོག་དཔུང་གིས་མདུན་ནས་འཐེན་པས། ཅི་བསམ་འདི་བསམ་མེད་པར་ཆུང་མ་ལ་ལད་མོ་ཐེངས་ཤིག་བྱས་མོད། ཁོས་ལུས་ཤུགས་ལ་ཚོད་འཛིན་བྱེད་ལུགས་མི་འགྲིག་པས། རྟ་ལ་གཡས་ནས་བཞོན་མ་ཐག་སྐད་ཅིག་ལ་གཡོན་ཕྱོགས་སུ་ལྷུང་སོང་།
རྟ་ཐོག་གི་བདེ་སྣང་དེ་ཡོངས་སུ་མྱངས་རྗེས། ཨ་ཁུ་ཁྱི་སྐྱག་རྟ་ལ་བཞོན་ན་སེམས་ཀྱིས་མི་བཟོད་པས། ས་ཆ་གང་ལ་འགྲོ་དགོས་ཀྱང་རྟ་ནི་ཁྲིད་དེ་རྐང་ཐང་ལ་འགྲོ་བཞིན་ཡོད།
ཆར་བ་བབས་ན་རང་ལུས་ཀྱི་གོས་ཕུད་དེ་རྟ་རྒྱབ་འགེབ་བཞིན་ཡོད།
ཆུང་མ་ཁྱིམ་ན་མེད་དུས། རྩམ་ཁུག་ལས་རྩམ་པ་བརྐུས་ཏེ་རྟ་ལ་སྟེར་བཞིན་ཡོད།
གོང་རིམ་གྱིས་ཨ་ཁུ་ཁྱི་སྐྱག་རྟ་ལ་དགའ་བ་ཤེས་རྗེས། དགའ་སྤྲོ་དང་བཅས་ཁོ་རྟ་རྫིར་མངགས། སྐབས་དེར། ཐོན་སྐྱེད་རུ་ཁག་གི་ལ་ལོ་དེ་མི་ངན་རིགས་བཞི་རྣམས་ཀྱིས་ཀྱང་འཚོ་འདོད་མེད་མོད། ཁོས་དངོས་མེད་ཀྱི་རྟ་ཁྱུ་དེ་སེམས་ཀྱིས་འཚོ་མ་དགོས་པར་དངོས་ཡོད་ཀྱི་ལ་ལོ་དེ་ལུས་སེམས་གཉིས་ཀྱིས་འཚོ་བའི་གོ་སྐབས་བྱུང་བ་ན། དགའ་སྤྲོ་ཟད་མི་ཤེས་པ་ཞིག་སྐྱེས་པ་དང་། དགའ་སྤྲོ་དེ་དང་བསྟུན་ནས་ཉིན་གྱི་དྲན་པ། མཚན་གྱི་རྨི་ལམ། ཉིན་མཚན་བར་གྱི་འཆར་སྒོ་ཐམས་ཅད་ལ་ལོའི་ཕྱོགས་སུ་འཁོར་སོང་བས། ཁྱིམ་ཚང་མི་མཁོ་བར་གྱུར། ཆུང་མ་མི་མཁོ་བར་གྱུར། གསར་བརྗེ་མི་མཁོ་བར་གྱུར། གྲལ་རིམ་མི་མཁོ་བར་གྱུར། འཐབ་རྩོད་མི་མཁོ་བར་གྱུར། ཆུང་མས་བྱིས་པ་ཞིག་བཙས་པ་ན་དེའང་མཐོང་མི་འདོད་པར་གྱུར།
ཨ་ཁུ་ཁྱི་སྐྱག་གིས་ལུས་སེམས་གཉིས་ཀས་རྟ་ཁྱུ་དེ་འཚོས།
ལ་ལོའི་ཤ་ཤེད་ལེགས་པས། གོང་རིམ་གྱིས་ཁོ་ལ་གཟེངས་བསྟོད་བྱས།
ལ་ལོའི་འཕེལ་ཁ་བཟང་བས། གོང་རིམ་གྱིས་ཁོ་ལ་བྱ་དགའ་གནངས།
རྟ་ཁྱུའི་རྟ་རྒྱུད་ཇེ་ལེགས་སུ་གཏོང་བ་དང་གྲུབ་འབྲས་སྔར་ལས་ཆེ་བ་ཞིག་ལེན་ཆེད། ཨ་ཁུ་ཁྱི་སྐྱག་གིས་མེད་པོའི་སྤྱོད་པ་ལ་ལད་མོ་ཐེངས་ཤིག་བྱས། ཁོས་ཐོན་སྐྱེད་རུ་ཁག་གཞན་པའི་རྟ་གསེབ་ཅིག་བརྐུས་ཡོང་སྟེ་རྟ་ཁྱུ་ནས་འཚོས་པ་ན། མེས་པོ་ལྟར་མཚན་སྙན་རྒྱས་པ་ཕར་ཞོག་ཁྲིམས་ལ་འགལ་ཏེ་ཁྲིམས་ཁང་དུ་ལོ་འགར་འདུག་དགོས་བྱུང་།
བཙོན་ཁང་ནས་ཁྱིམ་ལ་འཁོར་སྐབས། ཨ་ཁུ་ཁྱི་སྐྱག་ལ་གོམས་སྲོལ་གསར་པ་ཞིག་ཆགས། ཁོས་ཟ་མ་ཟ་སྐབས། ཐོག་མར་ཅི་ཞིག་འཆད་བཞིན་རྩོམ་པ་བརྫིས་ཏེ་རྟ་ཡི་གཟུགས་མང་པོ་ལས་པ་དང་། དེ་ནས་ཅི་ཞིག་འཆད་བཞིན་རྟ་མགོ་བཅད་དེ་ཟས་སུ་ཟ་བ་ཡིན། ཚུལ་དེ་མཐོང་བས། གོང་རིམ་གྱིས་ཁོ་སྨྱོས་འདུག་སྙམ་སྟེ་རྟ་རྫིར་མངགས་མོད། མི་བཞིའི་ཚོགས་ཁག་རྡུལ་དུ་བརླགས་པ་དང་བསྟུན་ནས། སྲིད་ཇུས་ཇེ་བཟང་ལ་སོང་སྟེ་མི་སྒེར་ལའང་སྒོ་ཕྱུགས་ཉུང་ཤས་ཡོད་ཆོག་པར་གྱུར་པ་ན། ཨ་ཁུ་ཁྱི་སྐྱག་གིས་རྟ་དང་རྒོད་མ་འགའ་ཉོས་ཏེ་རང་ཁྱིམ་གྱི་རྟ་རྫ་བྱས།
སྐབས་ཤིག་ལ། བུ་གསུམ་ནང་གི་ཆུང་བ་དེས་ཁོ་སློབ་གྲྭར་འགྲོ་འདོད་ཡོད་པའི་ཚུལ་དེ་ཕ་ལ་བཤད། ཨ་ཁུ་ཁྱི་སྐྱག་གིས་སློབ་གྲྭར་སོང་ན་རྗེས་སུ་ལས་བྱེད་པ་བྱེད་དགོས། ལས་བྱེད་པ་བྱས་ན་རྟ་མཆོག་གཞན་ན་མེད་པ་རྣམས་ལ་ཞོན་ཐུབ་སྙམ་ནས་བུ་ལ་ཆོག་མཆན་བཀོད། བསམ་ཡུལ་ལས་འདས་པ་ཞིག་ནི། བུ་ཆུང་གིས་སློབ་ཆུང་དང་སློབ་འབྲིང་བརྒྱུད་དེ་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་རྗེས། གྲོང་ཁྱེར་དུ་ལས་ཀ་གཉེར་བ་ན། རྟ་ཐོག་ནས་བྱ་བ་གཉེར་བའི་གོ་སྐབས་མ་ལྡན་པས། ཨ་ཁུ་ཁྱི་སྐྱག་གི་སེམས་པ་འཁྱགས་སོང་། སེམས་པ་གཏན་ནས་འཁྱགས་སོང་།
བུ་དེའི་མིང་ལ་རྟ་མགྲིན་དབང་ཕྱུག་ཟེར་ཞིང་། ད་ལྟ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་རོལ་མོ་ཞིབ་འཇུག་པ་ཡིན། ཁོས《ཇག་གླུ་ཆུ་བོ་དལ་འབབ》ཀྱི་དབྱངས་རྟ་དང་གླུ་ཚིག་ཡི་གེར་བཀོད་འདུག
གཞུང་གི་ཕྱུགས་ཟོག་སྒེར་ལ་བགོད་སྐབས། བུ་ཆེ་བ་དེ་ནི་ཁྱིམ་ཚང་གཞན་ཞིག་གི་བཟའ་དཔོན་ཡིན་པས། ཁོའི་ཁྱིམ་དོན་ལ་ཕ་མས་ཐེ་གཏོགས་བྱེད་མི་ཐུབ་མོད། ཨ་ཁུ་ཁྱི་སྐྱག་བཟའ་ཟླ་གཉིས་ཀས་བུ་འབྲིང་བ་དེ་འཁྲིས་སུ་བཞག་ནས་རྒས་ཁའི་ཚེགས་ལེན་དང་འཆི་ཁའི་སྐྱོར་མར་རེ་ཡོད་པས། ཨ་ཁུ་ཁྱི་སྐྱག་གིས་རང་ལ་དབང་བའི་ནོར་ལུག་ཚང་མ་རྟ་དང་རྒོད་མར་བརྗེས། གལ་སྲིད་མནའ་མས་ལྐོག་ཏུ་ཨ་ཕ་རྟ་ལ་ཧ་ཅང་དུངས་པར་གཞིགས་ན། ཁོའི་སྐྱེ་བ་སྔོན་པ་ནི་རྟ་གསེབ་ཅིག་ཡིན་པ་འདྲ་ཞེས་མ་བརྗོད་ཚེ། ཁོས་ནོར་ལུག་ཡོད་ཚད་རྟ་ལ་བརྗེས་ཚར་ཟིན།
ནོར་ལུག་ལ་ཡོང་སྒོ་མང་བས། དུད་ཁྱིམ་གཞན་པ་རྣམས་ཇེ་ཕྱུག་ནས་ཇེ་ཕྱུག་ཏུ་གྱུར།
ལ་ལོར་ཡོང་འབབ་མེད་པས། ཨ་ཁུ་ཁྱི་སྐྱག་ཚང་ནི་ཇེ་དབུལ་ནས་ཇེ་དབུལ་དུ་སོང་།
བུ་དང་མནའ་མ་གཉིས་ཀས་རྟ་རྣམས་ལུག་ལ་བརྗེ་དགོས་པའི་རེ་བ་བཏོན་མོད། ཨ་ཁུ་ཁྱི་སྐྱག་གཏན་ནས་མ་འཐད།
དུས་དེ་ནི་ཡོད་ཚད་སྒེར་ལ་བགོད་པའི་དུས་རིམ་ཞིག་སྟེ། སྡེ་མིའི་ཁྲོད་དུ། འབྱོར་མེད་གྲལ་རིམ་གྱི་གོ་གནས་ནི་གཞན་དག་དང་འདྲ་མཉམ་དུ་འགྲོ་བཞིན་པའི་དུས་སྐབས་ཤིག་ཡིན། ཕྱུགས་ཟོག་བགོས་པར་མ་ཟད། རྩྭ་སའང་སྒེར་ལ་བགོས་པ་ན། རྟ་ཁྱུ་ལལ་དབང་བའི་རྩྭ་ས་ཞིག་མེད་པར་གྱུར་པས། དུད་ཁྱིམ་གཞན་པ་རྣམས་ཀྱིས་རྟ་དང་རྒོད་མ་ཐམས་ཅད་བཙོང་ཅི་ཐུབ་དང་བརྗེ་ཅི་ཐུབ་བྱས་པ་ན། ཁོ་ནི་བསམ་དབང་དྲན་དབང་ཙམ་ཡང་མ་ཡོད་པར་རྒས་སོང་། བུ་དང་མནའ་མ་གཉིས་ཀས་རྟ་དང་རྒོད་མ་ལུག་ལ་བརྗེ་དགོས་ཞེས་ཨུ་ཚུགས་ཡང་ཡང་བྱས་པས། ཁོ་གློ་བུར་དུ་རྒས། རྒས་ཏེ་རིམ་གྱིས་སུག་པས་ལུས་ཀྱང་མི་ཐེག་པའི་ཚད་ལ་བསླེབས།
སྐབས་ཤིག་ལ། ཁོ་ཚང་གི་ལུག་ནི་ཇེ་མང་ནས་ཇེ་མང་རེད།
སྐབས་ཤིག་ལ། བུ་ཡིས་སྦག་སྦག་འཁོར་ལོ་གསར་པ་ཞིག་ཉོས་བྱུང་།
ཨ་ཁུ་ཁྱི་སྐྱག་གིས་རྟ་ཁྱུ་དེ་གང་ན་ཡོད་ཅེས་དྲིས་ཚེ། བུ་དང་མནའ་མ་གཉིས་ཀས་ཐག་རིང་ཐག་རིང་ཞིག་ལ་བཅོལ་ཡོད་ཅེས་བཤད། ཁོ་སྐད་ཆ་དེ་ལ་ཡིད་མི་ཆེས་མོད། ཐག་རིང་ཐག་རིང་དེ་ལ་འགྲོ་མི་ཐུབ་པས། དངན་པའི་རྗེས་ལ་ཇག་གླུ་དེ་མཐུད་ནས་མི་འདུག་ཀ་མེད་བྱུང་།
སྐབས་ཤིག་ལ། ཨ་ཁུ་ཁྱི་སྐྱག་གིས་རྟ་མགྲིན་དབང་ཕྱུག་ཨ་མེ་རི་ཀར་འགྲོ་གྲབས་ཡོད་པའི་གཏམ་དེ་གོ་འཕྲལ། གློ་བུར་དུ་ཅི་ཞིག་དྲན་པ་ལྟར་ཚ་བོ་མདུན་ལ་བོས་ཏེ། རེ་ལྟོས་ཆེན་པོ་དང་བཅས་མེས་པོའི་བྱས་རྗེས་དེ་དག་ཡང་ནས་ཡང་དུ་བཤད་མོད། ཚ་བོའི་ཡིད་སེམས་ནི《བྱི་ལ་དང་ཅི་གུ》ཞེས་པའི་འགུལ་རིས་བརྙན་འཕྲིན་ཟློས་གར་དེས་ཕྲོགས་འདུག་པས། སྤོ་བོས་ཅི་བཤད་ཐམས་ཅད་རྣ་བ་གཡས་པས་ཉན་མ་ཐག་རྣ་བ་གཡོན་པས་རླུང་ལ་སྤུར་སོང་།
ཨ་ཁུ་ཁྱི་སྐྱག་གི་ཡིད་སེམས་རབ་ཏུ་ཕམ།
ཡིད་སེམས་ཇི་ལྟར་ཕམ་རུང་། ཨ་ཁུ་ཁྱི་སྐྱག་གིས་ནམ་རྒྱུན་རྟ་ཁྱུ་དེ་དྲན་གྱིན་གདའ། རྟ་ཁྱུ་ཇི་ལྟར་དྲན་ན་ཇག་གླུ་དེ་ལྟར་ལེན་དགོས།
ཡིད་སེམས་ཇི་ལྟར་ཕམ་རུང་། ཨ་ཁུ་ཁྱི་སྐྱག་གིས་རྟ་དེ་དྲན་ནས་འདུག་མི་བཟོད། རྟ་ཁྱུ་དྲན་ནས་འདུག་མ་བཟོད་ན། ཇག་གླུ་དེ་སྐྱོ་གདུང་དང་བཅས་ཡང་ནས་ཡང་དུ་ལེན་དགོས།
མཚན་མོ་ཞིག་ལ། ཨ་ཁུ་ཁྱི་སྐྱག་གིས་སྐྱོ་གདུང་དང་བཅས《ཇག་གླུ་ཆུ་བོ་དལ་འབབ》དབྱངས་སུ་གྱེར་བྱུང་། ཇག་གླུ་དེ་དབྱངས་སུ་གྱེར་གྱིན་གྱེར་གྱིན་རྟ་མགྲིན་དབང་ཕྱུག་ཡིད་ལ་ཤར། རྟ་མགྲིན་དབང་ཕྱུག་ཡིད་ལ་འཕོས་པ་དང་བསྟུན་ནས། གལ་སྲིད་ད་ལྟ་གཅེས་ཕྲུག་དེ་རང་གི་གན་དུ་ཡོད་ན། དོན་དག་མང་པོ་ཞིག་ལ་སེམས་ཁུར་བྱེད་མི་དགོས་སྙམ། འོན་ཀྱང་། སྐབས་དེར། རྟ་མགྲིན་དབང་ཕྱུག་གིས་ཨ་མེ་རི་ཀའི་སློབ་གྲྭ་ཆེན་མོའི་སློབ་མ་སྐོར་ཞིག་ལ《ཇག་གླུ་ཆུ་བོ་དལ་འབབ》ལེན་བཞིན་གདའ། ད་ལོའི་རྒྱལ་སྤྱིའི་རོལ་མོ་དཔྱད་གླེང་ཚོགས་འདུའི་སྐབས་སུ། རྟ་མགྲིན་དབང་ཕྱུག་གིས《<ཇག་གླུ་ཆུ་བོ་དལ་འབབ>ཀྱི་བྱུང་འཕེལ་དང་དེའི་རོལ་མོའི་ཁྱད་ཆོས》ཞེས་པ་སྒྲོག་འདོན་བྱས་པར། འབྲེལ་ཡོད་མཁས་པས་འཛམ་གླིང་ཡོངས་ན་ཇག་གླུ་ཟེར་བ་ལ《ཇག་གླུ་ཆུ་བོ་དལ་འབབ》གཅིག་པུ་ལས་མི་འདུག་ཅེས་བརྗོད་དེ། ཁོའི་དཔྱད་རྩོམ་ལ་བསྟོད་བསྔགས་ཡང་ཡང་བྱས། ཁོ་དང་ཁོ་ཡི་མེས་པ་ལ་བཀའ་དྲིན་ཡང་ཡང་ཞུས་པ་ན། ཁོ་དང《ཇག་གླུ་ཆུ་བོ་དལ་འབབ》གཉིས་ལ་གྲགས་པ་གློ་བུར་བ་ཞིག་བྱུང་སྟེ། ཁོ་སློབ་གྲྭ་ཆེན་མོ་ཞིག་གིས་གདན་དྲངས་ཏེ་ཐུ་བྷོད་ཀྱི་རོལ་མོ་འཆད་ཁྲིད་བྱེད་དགོས་བྱུང་།
ནམ་གུང་གི་སྐབས་སུ། ཨ་ཁུ་ཁྱི་སྐྱག་གིས་ཇག་གླུ་ལེན་བཞིན་འཇིག་རྟེན་ཕྱི་མའི་ཡུལ་ལྗོངས་ལ་ལྟ་སྐོར་དུ་ཆས་སོང་། དེ་དུས། ནམ་མཁའ་ནས་སྐར་མདའ་ཞིག་གློ་བུར་དུ་མཆེད་མོད། ཡུལ་གྲུ་དེ་ལ་གྲག་འགུལ་ཅི་ཡང་མ་བྱུང་།
ཨ་ཁུ་ཁྱི་སྐྱག་མི་ཡུལ་ན་འཚོ་སྐབས། ཁོའི་བེམ་པོ་རྟ་གོང་ནས་དུར་ཁྲོད་ལ་འདྲེན་དགོས་ཚུལ་བཤད་ཡོད་མོད། བུ་གཉིས་ཀར་སྦག་སྦག་འཁོར་ལོ་ལས་རྟ་ནི་མེད་པས། ཨ་ཕའི་ཁ་ཆེམས་བཞིན་དུ་སྒྲུབ་མ་ནུས།
ཨ་ཁུ་ཁྱི་སྐྱག་མི་ཡུལ་ན་འཚོ་སྐབས། ཁོའི་ཤ་ཁྲག་ཇག་གླུ་ལེན་བཞིན་ཐང་དཀར་རྒོད་པོར་ཟས་སུ་སྦྱིན་དགོས་པར་བཤད་མོད། བུ་གཉིས་ཀས《ཇག་གླུ་ཆུ་བོ་དལ་འབབ》ཀྱི་ངག་རྟ་ཙམ་ལས་གླུ་ཚིག་མགོ་རྔ་ཅན་ཞིག་མི་ཤེས་པས། ཨ་ཕའི་ཁ་ཆེམས་བཞིན་དུ་སྒྲུབ་མ་ནུས།
 
༢༠༠༤ལོའི《སྦྲང་ཆར》དེབ་གཉིས་པའི་སྟེང་བཀོད།
支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།