དྲན་གླུ་ཆུང་ཐོས་པ་འཛུམ་ཤོར།
རྩོམ་པ་པོ།  གཅན་བུ་དགའ་སྐྱིད།    སྤེལ་དུས།  2017-06-29 19:26:54    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

         

གཡང་ས་ནས་ལོ་མང་བསྡད་དེ།།

ཉིན་རེ་རེ་ཕར་ལ་བསྐྱལ་ཡང་།།

ངའི་ཕ་ས་ལྷ་ཡུལ་འདྲ་བོ།།

ནམ་ཡིན་རུང་བརྗེད་ཐབས་མེད་ཁུ།།

 

སྤང་མེ་ཏོག་སྣ་བརྒྱའི་དགའ་ཚལ།།

འབུ་སྦྲང་མའི་གཤོག་གླུ་ལེན་ས།།

ནགས་རྒྱ་རྫོང་ཡག་གི་དཀྱིལ་འདི།།

བྱ་ཁུ་ལོའི་གསུང་སྐད་སྙན་ས།།

 

ཐང་ཡངས་མོ་བ་ཚྭའི་གཞུང་པ །།

རྟ་འདོ་བའི་གོམ་ལག་གཤིབ་ས།།

འབྲི་ཐུལ་མའི་ནུ་ཁ་ལྷོད་ས།།

ཡུལ་སྐྱིད་པོ་དགའ་བས་ཁྱབ་ཡོད།།

 

གནག་ནོར་ཁྱུ་རི་ནས་བཤར་ན།།

སྤྲིན་ནག་པོ་ཐང་ལ་ལྷུང་འདྲ།།

ལུག་གཡང་དཀར་སྤང་ལ་བཀྲམ་ན།།

སྤྲིན་དཀར་པོའི་གོས་གདན་བཏིངས་འདྲ།།

 

ལོ་ཆུང་ཆུང་བསམ་མེད་ཡིན་དུས།།

ངའི་ཕ་ཡུལ་སྐྱིད་ནོ་མ་ཤེས།།

ཡུལ་ཕ་མས་གཅེས་ནོ་མ་ཚོར།།

དུས་ད་ལྟ་སེམས་ནས་འགྱོད་ཁུ།།

 

        

ཞོགས་པའི་ཉི་གཞོན་དབང་ཕྱོགས་མཁའ་མཐའ་ནས་འཆར་དུས།།

སྤང་ཐང་ཡངས་པོའི་བདེ་བའི་རྨི་ལམ་དེ་དཀྲོགས་པའི། །

བྱེའུ་ཚོགས་རྣམས་གྱ་གྱུའི་གྲེ་འགྱུར་དང་འགྲོགས་ནས།།

བཞོ་གླུ་ངག་ལ་འགུགས་པའི་ན་ཆུང་དེ་དྲན་ཡོང་། ། 

 

བྱེའུ་ཆུང་གྲེ་འགྱུར་སྙན་པའི་འབྲོག་ཐང་གི་ཕྱོགས་ནས། །

རྫི་བོ་དགའ་མར་འཁྲེང་བའི་རྒྱང་འབུད་ཀྱི་དབྱངས་སྙན །།

ཨ་ཅེ་འབྲོག་མོའི་རྣ་བར་ལྷོད་ལྷོད་དུ་གྲགས་དུས།།

འབྲོག་མོའི་སེམས་རྩ་དྲོ་བའི་སྣང་བ་ནི་སྐྱིད་པ།།

 

རི་མཐོ་ས་གཙང་གཙང་ཆབ་སྟོང་ལྡན་གྱི་འབྲོག་ཡུལ། 

ཤ་མར་ཐུད་གསུམ་ཟས་ནོར་མཆོག་གྱུར་གྱི་འབྱུང་ཡུལ།།

བལ་དཀར་ཀོ་བའི་གོས་རིགས་རྩ་ཆེན་གྱི་འབྱུང་ཡུལ། 

གཡང་ས་མཐོང་བ་ཀུན་སྨོན་འབྱོར་ལྡན་གྱི་འབྲོག་ཡུལ  

ལ་ལུང་དགུ་ཕྲག་བརྒྱབ་ཀྱང་ཞེ་མཐུན་གྱི་རོགས་ལོར། 

རོགས་རྟགས་གདུ་བུ་འདང་གི་མཚོན་རྟགས་སུ་ཕུལ་ནས། 

ཞེ་འདང་འགྱུར་མེད་དམ་བཅའ་བོར་མེད་དུ་བརྩི་བའི།།

གཡང་ས་འབྲོག་གི་རོགས་འདང་རྨི་ལམ་བཞིན་དྲན་འོང་།།

 

རྒྱ་ཡུལ་གྲོང་ན་རྒྱགས་པའི་རྒྱ་མོ་དེས་བཤད་ན། 

འབྲོག་པ་གཙང་མ་མིན་ཚུལ་དེབ་ཐར་ཞིག་ཡོད་འདུག།།

མར་ཆུར་འོ་མར་བཅུད་གྱི་རུ་མ་ཞེས་སྒྲོགས་དུས། །

ཐོན་ཁུངས་འབྲོག་ཡུལ་ཡིན་པ་སེམས་ངོ་ན་མི་འདུག།།

 

བཅུ་དྲུག་ལང་ཚོས་སྒེག་པའི་འབྲོག་ཐང་གི་ཕོ་གསར།།

ཕོ་གསར་འཚར་སའི་སྣོད་བཅུད་བཏང་སྙོམས་ཀྱི་མཛེས་པ།།

མཛེས་ལྗོངས་རི་མོར་འགྲེམས་ལ་བདག་སེམས་ཀྱི་དྲན་གླུ །

དྲན་གླུ་ཐོས་པ་འཛུམ་ཤོར་དབང་མེད་དུ་ཤོར་ཐལ།།

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།