བཙོན་ནས་ཧོར་ཁང་ལ་གནང་པའི་ཕྱག་བྲིས།
རྩོམ་པ་པོ།  དགེ་འདུན་ཆོས་འཕེལ།     སྤེལ་དུས།  2016-04-02 13:26:56    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

ཡི་མུག་པའི་དུས་འདི་འདྲར་ཡང་ཐོག་མའི་ཐུགས་བསམ་མ་བཏང་བ་ངོ་མཚར་ཆེ། རྒྱལ་རབས་འདི་ལ་བར་ཆད་འབྱུང་སྙམ་པ་དང་བོ་ནས་བློ་ལ་ཡོད་ཀྱང༌། བར་ཆད་འདི་ཙམ་ཧ་ཅང་ཐལ་བ་ལགས། འོན་ཀྱང་རྗེ་མི་ལས། བླ་མའི་གདམས་ངག་མི་ཟབ་ན། བདུད་ཀྱི་བར་ཆད་ཅི་ལ་འོང་གསུངས་པ་ལྟར་ལགས། ལྷ་བཙན་པོ་རྣམས་ལ་འགོ་བའི་ལྷ་ཞིག་དང༌། ལྷ་དེ་ཚོ་ལ་ནུས་པ་ཞིག་ཡོད་ན་ད་དུང་ཡང་རྒྱལ་རབས་འདི་(དེབ་ཐེར་དཀར་བོ)འགྲུབ་པའི་རེ་བ་ཙམ་ཡོད། དེ་མིན་ཁོ་བོ་ལ་ནི་སྐྱོབ་མཁན་སུ་ཡང་མེད། ཁ་སང་ཞུ་བ་ལེན་སྐབས་ཀྱང་ཁོ་བོས་བོད་ལ་སེམས་ནག་མེད་པའི་རྒྱུ་མཚན་དུ་རྒྱལ་རབས་འདི་འདྲ་ཡོད་ཚུལ་ཞུས་པར། ཁོང་རྣམས་ཀྱིས་ཀྱང་ཚིག་ལ་ངར་བཏགས་ཏེ་རྒྱལ་རབས་འདི་འདྲས་རྒྱལ་ཁབ་ལ་ཕན་ཚབ་དང༌། རབ་དགའ་ལ་གནས་ཚུལ་དཀྱུས་མའི་མིག་འགྲུལ་འགའ་ཙམ་བྱས་པའི་གནོད་ཚབ་གཉིས་ཀྱི་ནང་ནས་གལ་གང་ཆེ་མཁྱེན་ངེས་པས་སོགས་ཡིག་ཐོག་ཏུ་བཀོད་འདུག རྒྱལ་རབས་དུམ་བུ་དེ་ཙམ་ལུས་པ་བྱུང་ནས་ཀྱང་ད་ལན་གྱི་ཁོ་བོའི་ནག་ཉེས་ཆེ་ཆུང་ཅི་འདྲ་ཡིན། བོད་ཤེས་ལྡན་ཡོངས་ཀྱི་མདུན་དུ་མ་འོངས་པ་ན་ཐག་ཆོད་པ་ཞིག་འོངས་ངེས་པས་སྙིང་དེ་ལས་ཚིམ་པ་ཞིག་དང་བློ་ཁ་དེ་ལས་ཁེངས་པ་མ་མཆིས། གལ་སྲིད་ཁོ་བོས་ཡུལ་འདིར་དམིགས་མེད་དུ་བྱས་པའམ། ཡང་ན་རྒྱལ་རབས་ཀྱི་ས་བོན་ཟིན་བྲིས་རྣམས་མེད་པར་བྱས་ན་ནི་མང་སྲོང་བར་གྱི་རྒྱལ་རབས་གང་ཡོད་གྲུབ་ཟིན་པས་ཚིག་མཚམས་གང་ཡིན་གྱི་མཐར། རང་སྡེའི་རིགས་ལ་ཞེན་པ་དཀར་བོའི་མདངས། ། རང་བྱུང་སྙིང་གི་དབུས་ན་གནས་པ་འདིས། ། རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། ། རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ། ། ཅེས་བྱ་བ་ནི་རྒྱལ་རབས་རྩོམ་འཕྲོ་ཅན་དེ་རེ་ཞིག་རྫོགས་སོ། ། དེའི་མཇུག་ཏུ་ཁོ་བོ་བར་ཆད་ཀྱི་དབང་དུ་གྱུར་ཚུལ་སོགས་གཞན་ལ་ཕོག་ཐུག་མེད་པ་ཞིག་སྐུ་ཉིདཀྱིས་མཛད་དེ་བསམ་ཡས་དང་སྐར་ཅུང་གི་རྡོ་རིང་གཉིས་ཀ་བཀོད། སྐར་ཅུང་གི་ཡི་གེ་ལ་བཤད་པ་ཞིག་ཀྱང་མཛད་དེ་མཇུག་རྫོགས་པ་བྱེད་དགོས། དེ་ཡང་སྐར་ཅུང་གི་རྡོ་རིང་ཡི་གེ་འདི་ལ་བརྟེན་དེ་རྒྱལ་རབས་ཀྱི་ནོར་བ་མང་ཙམ་སངས་རྒྱུ་ཡོད། ནོར་བ་ཆེན་པོ་གཅིག་ནི། ཀུན་མཁྱེན་བུ་སྟོན་དང༌། ལྔ་བ་ཆེན་པོ། འབྲུག་པ་པད་དཀར་སོགས་ཕྱིས་ཀྱི་མཁས་པ་ཐམས་ཅད་ཞལ་མཐུན་པར་ཁྲི་ལྡེ་སྲོང་བཙན་དང་རལ་བ་ཅན་གཉིས་དོན་གཅིག་ཡིན་པར་བཞེད། རལ་བ་ཅན་ནི་གླང་དར་གྱི་སྤུན་ཡིན་ཞིང༌། ཁྲི་སྲོང་ནས་གདུང་རབས་གཉིས་གསུམ་ཞིག་གི་རྗེས་སུ་བྱུང་བ་ཡིན། ཁོང་རྣམས་རལ་བ་ཅན་དང་ཁྲི་ལྡེ་སྲོང་བཙན་གཅིག་ཏུ་ནོར་བའི་རྒྱུ་མཚན་ནི། རལ་བ་ཅན་གྱི་གསུང་རབ་རྣམས་ལ་སྐད་གསར་བཅད་བྱས་ཞེས་ཡོངས་སུ་གྲགས་པ་ལ་སྒྲ་སྦྱོར་བམ་གཉིས་དེ་རལ་བ་ཅན་གྱིས་བཀས་བཅད་པའི་གསར་བཅད་ཀྱི་གཞུང་དེ་ཡིན་སྙམ་པ་དང༌། བམ་གཉིས་ཀྱི་མགོར། རྟའི་ལོ་ལ། བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་འོན་ཅང་རྡོ་ན་བཞུགས། སྟོད་སྨད་ཀྱི་རྐུན་ཇག་བཏུལ། གར་ལོག་གི་ཕོ་ཉས་ཕྱག་འཚལ། བློན་ཆེན་པོ་ཞང་ཁྲི་ཟུར་རམ་ཤག་དང༌། མང་རྗེ་ལྷ་འོད་ལ་སོགས་པས་རྒྱལ་ས་གནད་མང་བོ་བཅད་དེ་རྔ་རྟ་དང་བ་མར་ཕལ་མོ་ཆེ་ཕྱག་ཏུ་ཕུལ། ཞང་བློན་མན་ཆད་སོ་སོས་བྱ་དགའ་སྩལ་བའི་ལན་ལ་སོགས་བྲིས་པས་འོན་ཅང་རྡོ་རལ་བ་ཅན་གྱིས་བཞེངས་པ་ཡིན་པ་སོགས་གོང་བསྒྲིགས་ཏེ་ཁྲི་ལྡེ་སྲོང་དོ་བརྩོན་རལ་བ་ཅན་གྱི་མཚན་ཡིན་སྙམ་ནས་འཁྲུལ་བར་སྣང༌། འདིར་ཕོ་བྲང་འོན་ཅང་རྡོར་བཞུགས་པའི་བྱ་བ་དེ། ལོ་དེར་བཙན་པོའི་བཞུགས་སྒར་འོན་ཅང་མདོ་ལ་བཏབ་པ་ཙམ་ཡིན་པར་སྣང༌། དེས་ན་སྐར་ཅུང་གི་རྡོ་རིང་ལ་རྒྱལ་བོ་གོང་མ་གསུམ་ལ་མེས་བཙན་པོ་ཞེས་བྲིས་ནས་ཁྲི་སྲོང་ལ་ཡབ་ཁྲི་སྲོང་ཞེས་སྨྲས་པས་ཁྲི་ལྡེ་སྲོང་བཙན་ཁྲི་སྲོང་གི་སྲས་ཡིན་པ་གསལ་བས་རལ་བ་ཅན་མིན་པར་ཤེས། དེར་མ་ཟད་རྦ་བཞེད་དང་རྒྱལ་བོའི་ཐང་ཡིག་ཏུ་ཁྲི་ལྡེ་སྲོང་བཙན་མུ་ཏིག་བཙན་པོའི་མཚན་དུ་བཤད་པ་དང༌། སྐར་ཡིག་རྣམས་ཕན་ཚུན་ར་འཕྲོད། སྐར་ཆུང་ལྷ་ཁང་མུ་ཏིག་བཙན་པོས་བཞེངས་པ་ཡོངས་གྲགས་ཡིན་ལ། རྡོ་རིང་གི་ཡི་གེར་ཁྲི་ལྡེ་སྲོང་བཙན་གྱིས་སྐར་ཅུང་བཞེངས་ཞེས་བཤད་པས་ཀྱང་དེ་གཉིས་རྒྱལ་པོ་གཅིག་གི་མཚན་ཡིན་པ་ཤེས། དེར་མ་ཟད་ཁྲི་ལྡེ་སྲོང་བཙན་གྱི་བཀས་བཅད་སྒྲ་སྦྱོར་བམ་གཉིས་སུ། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་རྒྱ་གར་གྱི་མཁན་པོ་ཤནྟ་རཀྵི་ཏ་(ཞི་བ་འཚོ་)སོགས་ལོ་པཎ་རྣམས་ཀྱི་མཚན་ཐོ་བཀོད་པ་ཀུན་ཁྲི་སྲོང་གི་དུས་ཀྱི་ལོ་པཎ་ཤ་སྟག་ཏུ་འདུག་པས་ལྷ་སྲས་ཡབ་བྱ་བ་ཡང་ཁྲི་སྲོང་ལ་ཟེར་བར་འདུག་ཅིང༌། འདིས་ཀྱང་ཁྲི་ལྡེ་སྲོང་བཙན་ཁྲི་སྲོང་གི་སྲས་ཡིན་པ་ལས་རལ་བ་ཅན་མིན་པ་ཤེས་ཐུབ།

ཡང་སྐར་ཡིག་ཏུ། ཁྲི་འདུས་སྲོང་གིས་གླིང་གི་ཁྲི་རྩེར་གཙུག་ལག་ཁང་བརྩིགས་བྱ་བ་འདི་ཡང་རྒྱལ་རབས་རྣམས་ལ་མི་གསལ་བའི་གཏམ་གལ་ཆེན་ཡིན།

ཡང་སྐར་ཡིག་ཏུ། ཡབ་ཁྲི་སྲོང་གི་རིང་ལ་ཚེས་མི་བཤེས་པའི་མནའ་བསྐྱལ་ཚུལ་སྨྲས་ནས་བསམ་ཡས་རྡོ་རིང་གི་ཡིག་ཕྲེང་གཉིས་ལུང་དྲངས་འདུག་པས་བསམ་ཡས་རྡོ་རིང་འདི་ཁྲི་སྲོང་གི་ཡིན་པ་ཤེས། དེས་ན་ལྷོ་བྲག་ཆོས་འབྱུང་དུ་བསམ་ཡས་རྡོ་རིང་དེ་མུ་ཏིག་བཙན་པོའི་རིང་ཡིན་ཁུལ་དུ་བྲིས་འདུག་པ་དེ་ཡང་ནོར། ནོར་བའི་རྐྱེན་ཀྱིས་ཁོང་གི་བསམ་ཡས་དཀོར་མཛོད་དུ་མུ་ཏིག་བཙན་པོས་ཆོས་མི་འཇིག་པའི་མནའ་ཡིག་རྒྱས་པ་དངོས་སུ་གཟིགས་ཚེ་ཕྱིའི་རྡོ་རིང་ལ་གཙིགས་ཀྱི་ཡི་གེ་ཞིབ་མོ་ནི་གུད་ན་མཆིས་སོ་བྱ་བའི་ཡི་གེ་དེ་འདི་ཡིན་འདུག་སྙམ་དུ་དགོངས་ཤིང་རྡོ་རིང་དེ་ཡང་མུ་ཏིག་བཙན་པོའི་ཡིན་ཤག་ཏུ་མཛད་མོད། ཁོང་གིས་གཟིགས་པའི་ཡི་གེ་དེ་སྐར་ཅུང་རྡོ་རིང་བཙུགས་དུས་ཀྱི་ཡི་གེ་ཡིན་འདུག་སྙམ། འོན་ཀྱང་དོགས་པ་ཅུང་ཟད་ཡོད་པས་ལྷོ་བྲག་ཆོས་འབྱུང་རང་ལ་གཟིགས་པར་ཞུ། ཀུན་བདེ་གླིང་ལ་ཕྱག་དཔེ་དེ་ཡོད་སྙམ།

དེས་ན་བསམ་ཡས་རྩེ་ཞོལ་གཉིས་ཀའི་རྡོ་རིང་ཁྲི་སྲོང་གི་ཡིན་ཅིང༌། ལྷ་སའི་རྡོ་རིང་གི་ཡང་ཡི་གེ་ལ་བལྟས་ན་ཁྲི་སྲོང་རང་གི་ཡིན་པར་སྣང་མོད་རལ་བ་ཅན་གྱི་ཡིན་པ་ཡོངས་གྲགས་ཡིན།

སྐར་ཅུང་རྡོ་རིང་ཕལ་ཆེར་གོ་སླ་ཞིང་བཙན་པོ་དབོན་སྲས་སྐུ་ཆུང་ངུར་བཞུགས་པ་ཡན་ཆད་ཆབ་སྲིད་ཀྱི་མངའ་བདག་མཛད་པ་མན་ཆད་ཆོས་ཐུགས་སུ་ཅི་ཆུད་དུ་སློབ་བྱ་བ་འདི་ལ་གོ་ལུགས་གཉིས་ཡོད། གང་ཟག་གཅིག་གི་དབང་དུ་བྱས་ནས་རྒྱལ་བོ་དགུང་ལོ་ཆུང་ངུ་ནས་རྒྱལ་སྲིད་སྐྱོང་བའི་བར་དུ་ཆོས་སློབ་བྱ་བའམ། ཡང་གང་ཟག་ཐ་དད་ཀྱི་དབང་དུ་བྱས་ཏེ་རྒྱལ་བོའི་སྲས་ཚ་ཆུང་ངུ་རྣམས་ནས་བཟུང་རྒྱལ་བོ་རྒན་པོའི་བར་ཐམས་ཅད་ཀྱིས་ཆོས་སློབ་བྱ་བའི་དོན་ཡིན། སྐར་ཅུང་གི་གནས་ཤུལ་ཡང་རྡོ་རིངའདི་ལ་བརྟེན་ནས་ངོས་ཟིན་ལ། ཁྲི་ལྡེ་སྲོང་བཙན་གྱིས་སྐར་ཅུང་བརྩིགས་བྱ་བ་དེ་ཆ་གཞན་ཞིག་ཏུ་བརྩིགས་བྱ་བ་ཡིན་ནམ་དོགས་ན་ཡང་མི་སྲིད་དེ། རྡོ་རིང་གང་དུ་བསླང་པའི་ལྷ་ཁང་དེ་ཉིད་ཀྱི་མིང་ནི་རྡོ་རིང་ལ་ངེས་པར་གསལ་དགོས་པ་ལ་འདིར་སྐར་ཅུང་གི་རྗེས་སུ་གོང་གི་མིང་ཡང་མི་སྣང་བས་སོ།

སྐར་ཅུང་གི་ལྷ་ཁང་དེའི་རྒྱ་ཁྱོན་ཡང་སྐར་མ་ཆུང་ངུ་ཞིག་གི་ཚད་དུ་བརྩིགས་ཟེར་བས་དེ་ཡང་གནམ་གྱི་སྐར་མ་དངོས་ལ་ཆ་འཇོག་མི་ནུས་མོད། མཛོད་ཀྱི་སྐར་མ་ལ་ཆ་འཇོག་དགོས་པས་སྐར་ཅུང་རེ་ལ་རྒྱང་ཕྲག་གཅིག་རེ་ཡོད་དམ་སྙམ་པས་དགེ་བཤེས་ལགས་ལ་བཀའ་འདྲི་གནང་འཚལ། དེ་སོགས་ཀྱི་དཔྱད་པ་འདི་རྣམས་ལ་ཚིག་སྦྱོར་ཁ་གསལ་འབྲེལ་ཆགས་ཞིག་མཛད་དེ་རེའི་རྒྱལ་རབས་དཀོན་པོ་དེ་ཙམ་འཕྲོ་ལུས་པ་དེའི་མཐའ་ལ་འཇོག་པར་ཞུ། འདི་སྐར་ཅུང་གི་ཤུལ་ཡིན་པ་ཏཱ་ར་ནཱ་ཐའམ་ཨོ་རྒྱན་རིན་དཔལ་གྱི་རྣམ་ཐར་ཞིག་ན་ཡང་གསལ་མོད་ཕྲན་བུའི་ཡིད་ལ་དེ་ཙམ་མ་ངེས།

ཁྲི་ལྡེ་གཙུག་བཙན་གྱི་གསུང་མགུར་བློ་ལ་འཇགས་པ་ཞིག་ཀྱང་ཚིག་སྦྱོར་བྱས་ཏེ་ཁ་སང་རྩ་ནས་བྲིས་པ་ཉིད་ལ་འབུལ་བས། ཕྲན་ཐག་ཆོད་པའི་རྗེས་སུ་ཤེལ་སྒྲོམ་ཞིག ་ཏུ་ཡི་གེ་དེ་འཇོག་པར་ཞུ། རྒྱལ་རབས་འདི་སྐུ་ཉིད་ཀྱིས་སྐྱོང་ཐུབ་པའི་རྟེན་འབྱུངང་དགེ་མཚན་ཐོག་མ་ཉིད་ནས་གཞན་དང་མི་འདྲ་བར་བཟང་ཞིང༌། འདི་གར་ཡང་སྐུ་ཉིད་དང་འབྲེལ་བའི་རྨི་ལྟས་ཤིན་ཏུ་ལེགས་པ་ཞིག་དང་དཀྱུས་མ་གཅིག་སྟེ་གཉིས་བྱུང༌། རྒྱལ་རབས་དེ་ལ་རོགས་རམ་ཐུབ་ན་ཕྲན་ལ་རོགས་རམ་ཅི་ཡང་མ་དགོས། རེ་ཞིག་བར་ངོ་གནོང་དང་དོགས་པའི་ངང་ནས་འདུག་དགོས་པ་འདི་ལྟར་ལགས་མོད། མ་འོངས་པ་ན་ངོ་སོ་དང་བཅས་བསྟན་ཆོག་པའི་དུས་ཞིག་འབྱུང་ངེས་པ་ལགས།

ཁོ་བོའི་སེམས་ལ་སྐུ་ཉིད་ཀྱང་སྒྱིད་ལུག་དང་ཡིད་མུག་གི་ངང་དུ་རྒྱལ་རབས་སོགས་བརྗེད་ནས་ཡོད་ངེས་སྙམ་ཡང་དེ་འདྲ་མ་གནང་ཤིན་ཏུ་ངོ་མཚར་ཆེ། རོ་དང་མཚུངས་པའི་ལུས་པོ་འདི། ག་དུས་ཤི་ཡང་མི་འགྱོད་དེ། གསེར་དང་མཚུངས་པའི་རྣམ་དཔྱོད་དག མཉམ་དུ་ཤི་ན་ཤིན་ཏུ་ཕངས། དེས་ན་ཡིད་མུག་སྒྱིད་ལུག་དང༌། ཞུམ་པའི་སྐྱོན་གྱིས་མ་ནོན་པར། ཁྱོད་ཀྱིས་འབད་པའི་དགེ་བ་དེས། མངའ་བདག་རྒྱལ་བོ་མཉེས་གྱུར་ཅིག བཀྲ་ཤིས། །

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།