འཁོར་བའི་ཐོལ་མགུར།
རྩོམ་པ་པོ།   ཁྲི་གླིང་པདྨ་ཡང་གསང་། ལྷ་ས།    སྤེལ་དུས།  2014-03-28 21:43:19    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

                                                                                           ༡
             དགའ་སྐྱོ་རྣམ་རྟོག་གི་སྒ་ཡོབ།།
             ཉོན་མོངས་རྟ་རྒོད་ལ་བསྟད་དེ།།
             སུམ་ཅུའི་མེ་ཏོག་གི་ལང་ཚོ།།
             འཁོར་བའི་བྱང་ཐང་ནས་ཟད་སོང་།།
                             ༢
             ཞོགས་ཀའི་དགྱེས་འཛོམས་ཀྱི་དགོད་སྒྲ།།
             དགོང་གར་གྱེས་བྲལ་གྱི་མིག་ཆུ།།
             མ་ངེས་འདུ་འབྲལ་གྱི་ཀློང་ནས།།
             ཚོགས་གཉིས་ལམ་སྣ་ཡང་མ་ཟིན།།
                             ༣
             ལས་འབྲས་སྒྱོགས་ཆེན་གྱི་འབེན་ས།།
              ཚེ་འདིར་རང་ལུས་སུ་བབས་ན།།
             དབེན་པར་ཏིང་འཛིན་ལ་ཞུགས་ཏེ།།
             ཕྱི་མའི་ལམ་གྲོ་རེ་བསྒྲུབ་འདོད།།
                             ༤
             རིགས་བཟང་ཨ་གར་གྱི་ཚལ་བུ།།
             མྱ་ངན་མཚོ་ངོགས་ན་འཕྱོ་ཡང་།།
             ལས་སྨོན་གཟིངས་དཀར་དེ་མེད་ན།།
              སྐྱོབ་པའི་ཐབས་ཤེས་རང་མི་འདུག།
                             ༥
             བསྐྱར་ཟློས་དོན་ཆུང་གི་ལམ་བུ།།
             སྲིད་པའི་སྐ་རགས་ལས་རིང་བ།།
             ཨ་ཐང་སྙིང་ཁོང་ནས་ཆད་ཀྱང་།།
             གོམ་ཁ་སྤོ་དགོས་རང་བྱུང་སོང་།།
                             ༦
             ཙག་ཙིག་ཁོམ་མེད་ཀྱི་བྱ་བས།།
             དགེ་སྒྲུབ་ལས་སྐལ་ཡང་འཕྲོག་སོང་།།
             སེམས་པ་འོ་མཚོ་རུ་སྤྲུལ་ན།།
             ཕྱིས་ཀྱི་བཞུད་ལམ་དེ་བདེ་འམ།།       
                                 ༧
             དལ་འབྱོར་ལུས་རྟེན་གྱི་དྭངས་མ།།
             ཆོས་བརྒྱད་ཆང་གསར་ལ་བཅོལ་བའི།།
             འཁོར་བའི་གར་མཁན་གྱི་ལས་ལ།།
             བསམ་ཞིང་སྙིང་བོ་རེ་མི་འདུག།
                            ༨
             ནེ་ཙོའི་མ་ཎི་ལ་མི་འཇོན།།
             ཟག་བཅས་དགེ་སྒྲུབ་ལ་མི་ཁོམ།།
             དོན་ཆུང་ལྷག་བསམ་ལ་བརྒྱུས་ན།།
             ལན་རེར་སྐྱིད་སྣང་རེ་འབྱུང་གི།།
                             ༩
             ཕྱི་གཟུགས་ཆུ་སྐྱེས་ཀྱི་འཛུམ་རིས།།
             མི་རྟག་ཆར་རྗེས་ཀྱི་འཇའ་ཚོན།།
             ནང་སེམས་འོ་སྤྲིས་སུ་ཆགས་ན།།
             གསོན་པའི་མཛེས་སྡུག་རང་ཡིན་འགྲོ།།
                             ༡༠
             ལོངས་སྤྱོད་ལྗོན་ཚལ་གྱི་ཟིལ་བར།།
             བདག་འཛིན་ཞེན་ཆགས་དེ་མ་ལྕི།།
             དོན་དམ་ཉི་ཐིགས་རེ་ཕོག་ཚེ།།
             སྙིང་ཁོང་སྟོང་བ་ལས་མ་མཆིས།།      
                             ༡༡
             འཁོར་བ་ཆུ་གཏེར་གྱི་ཀློང་ནས།།
             དོན་གཏམ་ཞུ་ས་ཞིག་མ་རྙེད།།
             དབང་བཙན་ཆུ་སྲིན་དང་འཕྲད་ཚེ།།
             གནས་ལུགས་ཤེལ་སྒོང་ཡང་མུད་འགྲོ།།
                             ༡༢
             འཚོ་གནས་ཁྲམ་ཤིང་གི་ངོས་ལ།།
             བདེན་པའི་གསང་ཚིག་ཅིག་བརྐོས་ཡོད།།
             ལོ་དང་ཟླ་བ་ལ་བསྒུགས་ཏེ།།
             རྟོགས་མཁན་སྙིང་ཐུབ་ལ་རེ་ཡོད།།        
                                 ༡༣
             དམ་པའི་ལྷ་ཆོས་ཀྱང་མ་འགྲུབ།།
             འཇིག་རྟེན་མི་ཆོས་ཀྱང་མ་འཁྱོངས།།
             སྒྲིབ་གཉིས་རྨི་ལམ་གྱི་ཀློང་ནས།།
             ནམ་ཟླ་དབྱར་གཞུང་དེ་ཚར་སོང་།།
                              དབུས་ཉི་མ་ལྷ་ས་ནས་སེམས་ཚོར་ཙམ་ཤོག་ངོར་འཁོད་པའོ།།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།