རྩེ་གཞུང་བུ་མོ།
རྩོམ་པ་པོ།   གཅན་ཕག་མོའམ་གཅན་བུ་དགའ་སྐྱིད།    སྤེལ་དུས།  2013-06-19 16:57:54    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

 རྩེ་གཞུང་བུ་མོ།

                                                   གཅན་ཕག་མོའམ་གཅན་བུ་དགའ་སྐྱིད།

 ཁྱོད་ལུས་ཆུ་སྐྱེས་པད་མ ། །
ཁྱོད་ཞལ་དུང་མདོག་ཟླ་བ ། །
ངའི་ཡིད་སྦྲང་ཆུང་གཞོན་ནུ ། །
ཁྱོད་ཀྱི་ཕྱོགས་སུ་ཤོར་སོང་ ། །
 
གཤིས་རྒྱུད་བལ་དཀར་འཇམ་པོ ། །
ངང་རྒྱུད་འོ་མའི་རང་མདངས ། །
ཁ་ཚིག་རྗེ་བཙུན་མགུར་མ ། །
ངའི་སེམས་འཕྲོག་པའི་གཞི་མ ། །
 
འགྲོ་བའི་གོམ་པ་སྤོ་སྟངས ། །
མཛེས་པའི་འཛུམ་མདངས་ངོམས་ཚུལ ། །
ཡ་ཆུང་གངས་དཀར་སེམས་ན ། །
ད་དུང་གསལ་བོ་ཡིན་འདུག །
 
མ་བྲལ་ཉིན་འགའི་སྔོན་ལ ། །
སློབ་རའི་གྲུ་ཟུ་ཞིག་ནས ། །
བརྩེ་བའི་ཁ་བརྡ་བྱས་པ ། །
དྲན་པའི་གཞི་རུ་གྱུར་ཡོད ། །
 
བྲལ་བའི་ཉིན་མོ་དེ་ནས ། །
ཉིན་མཚན་དུས་དྲུག་ཀུན་ཏུ ། །
ཡིད་འཕྲོག་བུ་མོ་ཁྱོད་ཉིད ། །
ཡ་ཆུང་སེམས་ནས་མ་བོར ། །
 
དགའ་བ་དགའ་བ་ཟེར་ནས ། །
ཁྱོད་ལ་བཤད་ཐེངས་གཅིག་མིན ། །
དུང་བ་དུང་བ་ཟེར་ནས ། །
དུང་སེམས་ཁྱེད་ལ་ཤོར་སོང་ ། །
 
ལན་རེར་གླེང་མོལ་ནང་ནས ། །
ལུས་པོ་བདེ་ཐང་ཡིན་མིན ། །
བྱ་བ་ཡར་འགྲོ་ཡིན་མིན ། །
འདྲི་རྒྱུ་མ་གཏོགས་ཐབས་མེད ། །
 
མཚམས་རེར་ཁ་པར་སྣེ་ནས ། །
འདས་སོང་སློབ་མའི་འཚོ་བར ། །
ཕྱིར་དྲན་བྱེད་པ་ཙམ་ལས ། །
ལྷན་འཛོམས་དུས་ཤིག་མ་མཆིས ། །
 
མྱུར་དུ་འཕྲད་དགོས་བསམ་ན ། །
ཁྱོད་ནི་ཕ་མའི་གམ་རེད ། །
ང་ནི་སྒྲིག་ལམ་འོག་རེད ། །
འུ་གཉིས་རང་དབང་ཆུང་འདུག །
 
ཕ་ཡུལ་གཅན་ཚའི་གྲོང་ན ། །
ཁ་ཡ་ན་ཟླ་མང་རུང་ ། །
བུ་ངའི་སེམས་པ་ཡོད་ཚད ། །
རྩེ་གཞུང་བུ་མོར་འཁྲེང་ཡོད ། །
 
མྱི་ཁ་མེ་ལྕེ་འབར་བ ། །
འཇིག་རྟེན་འཁོར་བའི་དཔེ་རེད ། །
ཁྱོད་ལ་དགའ་བའི་སེམས་པ ། །
མྱི་ཁ་བསྒྱུར་བའི་དཔེ་མེད ། །
 
支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།