ཚེ་དབང་རྣམ་རྒྱལ་གྱིས་བྲིས་པའི་སྙན་རྩོམ་ཁག་གཉིས།
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2013-05-12 22:54:49    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

 

ང་སྐྱིད་གི་བསམ་མམ་སྡུག་གི་བསམ།


ང་དང་མ་བེའུ་རྫི་ཡིན་དུས་ན།།
ང་འོ་མའི་རྒྱ་མཚོར་བསྐྱལ་མྱོང་ཟིག།
ང་འོ་སྤྲིའི་རི་བོར་འཛེགས་མྱོང་ཟིག།
ངས་མེ་ཏོག་ཞྭ་མོ་གྱོན་མྱོང་ཟིག།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།

ང་དེང་སང་སློབ་མ་ཡིན་དུས་ན།།
ངས་བཏུང་རྒྱུ་དྭངས་མོ་ཆུ་སྐྱ་རེད།།
ངས་བཟའ་རྒྱུ་སྲ་མོ་གོ་སྐྱ་རེད།།
ངའི་མལ་གོས་ཤིག་གི་ཚང་མལ་ཡིན།།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།

ང་དང་མ་རེའུ་རྫི་ཡིན་དུས་ན།།
ང་འགྲོ་བྱེད་ར་ཐུང་རྒྱ་རིལ་ཡིན།།
ང་འདུག་ས་གཡུ་ལོའི་གདན་སྟེང་ཡིན།།
ངའི་རྩེད་གྲོགས་ཕྱེ་ལེབ་ཁྲ་ཁྲ་ཡིན།།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།

ང་དེང་སང་སློབ་མ་ཡིན་དུས་ན།།
ང་འགྲོ་བྱེད་རང་གི་རྐང་བ་ཡིན།།
ང་འདུག་ས་སྲ་མོ་རྡོ་ཁང་ཡིན།།
ངའི་རྩེད་གྲོགས་ཡི་གེ་ནག་ནག་ཡིན།།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།

ང་དང་མ་ལུག་རྫི་ཡིན་དུས་ན།།
ང་དབྱུག་པའི་རྟ་ཕོ་ཞོན་མྱོང་ཟིག།
ངས་མེ་ཏོག་བག་མ་བླངས་མྱོང་ཟིག།
ངས་རྡེའུའི་སྒོ་ཕྱུགས་འཚོ་མྱོང་ཟིག།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།

ང་དེང་སང་སློབ་མ་ཡིན་དུས་ན།།
ངའི་དཔེ་ཁུག་སྒྱུད་པའི་ཁུགས་ན་ལྕི།།
ངའི་ལས་བྱ་སྨྱུ་གུའི་རྩེ་ན་ལྕི།།
སྤྱིར་སྦྱངས་འབྲས་སེམས་པའི་ཁ་ན་ལྕི།།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།

ང་དང་མ་ཡུལ་ན་ཡོད་དུས་ན།།
རྟ་འདོ་རིག་འདོམ་གྱི་རྩེད་ཆས་ཡིན།།
གླུ་ལ་གཞས་ཁ་ཡི་རླངས་པ་ཡིན།།
བོའུ་ཁྲ་རིང་ཕྲག་གི་རྒྱན་ཆ་ཡིན།།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།


ང་དེ་རྗེས་སློབ་གྲྭར་སོང་བ་ནས།།
རྟ་བོང་བུའི་དབྱེ་བ་མི་འཁོར་གི།
གླུ་ལ་གཞས་ངག་ནས་མི་འཁྲོལ་གི།
བོའུ་ཁྲ་རིང་ཕྲག་ནས་མི་འཁྱགས་གི།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།

ང་དང་མ་ཡུལ་ཡོད་དུས་ན།།
ཤ་བྲང་མགོ་ཚོན་པོ་ཟོས་མྱོང་ཟིག།
མར་རྩམ་པ་གཡས་སུ་བསྐོར་མྱོང་ཟིག།
ཇ་འོ་མ་ཧུབ་ཀྱིས་འབྱོང་མྱོང་ཟིག།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།

ང་དེ་རྗེས་སློབ་གྲྭར་སོང་བ་ནས།།
ཤ་བྲང་མགོ་རིག་ན་མགོ་འདར་གི།
མར་རྩམ་པ་རྫི་དུས་འཁོབ་འགྲོ་གི།
ཇ་འོ་མ་གཏད་ན་ཞེ་མཇེད་གི།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།

ང་དང་མ་ཡུལ་ན་ཡོད་དུས་ན།།
ངས་བཤད་རྒྱུ་ཕ་སྐད་གཙང་མ་ཡིན།།
ངའི་གོན་རྒྱུ་སློག་པ་སྣུམ་ལོག་ཡིན།།
ངས་བསམ་རྒྱུ་ཡབ་མེས་རྣམ་ཐར་ཡིན།།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།

ང་དེ་རྗེས་སློབ་གྲྭར་སོང་བ་ནས།།
ངས་བཤད་རྒྱུའི་སྐད་རིགས་འདྲེས་མ་ཡིན།།
ངས་གོན་རྒྱུའི་ལྭ་བ་གཡར་མ་ཡིན།།
ངས་བསམ་རྒྱུའི་རྣམ་ཐར་བཅོས་མ་རེད།།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།

ང་དང་མ་ཡུལ་ན་ཡོད་དུས་ན།།
གཏམ་གནས་ལུགས་ཤོད་ན་རིག་བཟང་ཡིན།།
རྟ་འདོ་བ་ཐུལ་ན་བུ་རབ་ཡིན།།
བོའུ་ཁྲ་རིང་ཐེགས་ན་དཔའ་རྒོད་ཡིན།།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།

ང་དེ་རྗེས་སློབ་གྲྭར་འགྲིམས་པ་ནས།།
ངག་ལྐུགས་པར་བཅོས་ན་ཡ་རབས་རེད།།
ལུས་ཞ་བོར་བཅོས་ན་སྤྱོད་བཟང་རེད།།
ཡིད་བསམ་རྒྱུ་མེད་ན་གཞུང་དྲང་རེད།།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།

ང་དང་མ་ཡུལ་ན་ཡོད་དུས་ན།།
མའི་ངག་ན་མ་གྱུར་སེམས་ཅན་ཡིན།།
ཕའི་སེམས་སུ་འཚེ་མེད་ཞི་བདེ་ཡིན།།
ངའི་སེམས་འཁྲུས་གསོལ་གནང་མཁན་ཡིན།།

ང་དེ་རྗེས་སློབ་གྲྭར་འགྲིམས་པ་ནས།།
གོང་རྒན་གྱིས་འགྲན་རྩོད་དུས་རབས་ཟེར།།
བར་གྲོགས་ཀྱིས་སྐབས་གླགས་གསེར་ཡིན་ཟེར།།
ངའི་སེམས་པར་འདབ་ལག་བདོ་ས་ཡིན།།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།

ང་དང་མ་ཡུལ་ན་ཡོད་དུས་ན།།
ང་དད་ས་ཐུབ་པའི་རིང་ལུགས་ཡིན།།
ངས་ཉན་ས་ཕ་མ་སྤུན་མཆེད་ཡིན།།
ང་འདུག་ས་མཐའ་མེད་རྩྭ་ཐང་ཡིན།།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།

ང་དེ་རྗེས་སློབ་གྲྭར་ཡོང་བ་ནས།།
ང་རིང་ལུགས་དམར་པོར་དད་དགོས་གི།།
ངས་ཉན་ས་དགེ་རྒན་གཅིག་པུ་རེད།།
ང་འདུག་ས་གུ་དོག་སློབ་ཁང་རེད།།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།

ང་དང་མ་ཡུལ་ན་ཡོད་དུས་ན།།
ང་དགའ་ས་ན་སྤང་གཡུ་མོ་ཡིན།།
ང་དུང་ས་ན་ཆུང་རོགས་ལོ་ཡིན།།
ང་ཞེན་ས་མེ་ཏོག་སྐྲ་ལོ་ཡིན།།
ང་སྐྱིད་གི་བསམ་མམ་སྡུག་གི་བསམ།།

ང་དེ་རྗེས་སློབ་གྲྭར་སོང་བ་ནས།།
ང་དགའ་ས་སྐར་མའི་ཁ་གྲངས་ཡིན།།
ང་དུང་ས་རྒྱུགས་ཤོག་གྲུ་བཞི་ཡིན།།
ང་ཞེན་ས་རྒན་གྱི་གཟེངས་བསྟོད་ཡིན།།

ད་དེང་སང་ཡུལ་ན་ཡོད་རྒྱུ་ན།།
སྐད་གཙང་མ་ངག་ནས་ཆུ་བཞུར་བཞུར།།
ལྭ་གཙང་མ་ལུས་ན་འོད་ཀྲིག་ཀྲིག།
སེམས་གཙང་མ་ཁོག་ན་དམར་ལྷོག་ལྷོག།
བོད་སྒང་བའི་ཉམས་ཤིག་གསལ་ལྷང་ངེ་།།

ད་དེང་སང་བྱེས་ནས་ལུས་སོང་བས།།
སྐད་གཙང་མའི་ངར་བཅུད་ཤོར་སོང་ཟིག།
ལྭ་གཙང་མའི་སྲུབས་ཀ་འཐོར་སོང་ཟིག།
སེམས་གཙང་མའི་གསོན་ཤུགས་འགགས་སོང་ཟིག།
བོད་ཡིན་པའི་ཉམས་སྣང་མི་རྙེད་གི།

ཨ་ཤུ་རེ་བཙན་པོའི་དམག་རྒྱུད་ཚོ།།
ཨ་ལ་ལ་གཞན་རིགས་ཟེར་བ།།
ཨ་ཁ་ཁ་འུ་ཚོའི་ཚུགས་ཀ་ཞེས།།
ཨ་ཚ་ཚའི་ལ་རྒྱའི་མེ་དཔུང་ཁྲོད།།
ཨ་གསར་ཞིག་ཡིན་ཀྱང་མི་སྐྱེས་སམ།།

སློབ་ཆེན། སློབ་ཆེན། སློབ་ཆེན།
           ཚེ་དབང་རྣམ་རྒྱལ། ༼པེ་ཅིན།༽
ཁྲ་ཆུང་མིག་གི་རྣོ་དབལ་དཔེ་སྲུབས་ནས་ཟད་ཐལ།།
དྭངས་གཙང་སྐད་ཀྱི་ལྕེ་རྩེ་གཞན་ཡུལ་ནས་འཁྱིགས་ཐལ།།
ང་རྒྱལ་སྟོབས་ཀྱི་མགོ་བོ་བར་སྣང་ནས་ལྷུང་ཐལ།།
ཚེ་གཅིག་ལུས་ཀྱི་སྒལ་ཚིགས་སློབ་གྲྭ་ནས་བསྒུར་ཐལ།།
སློབ་ཆེན་སློབ་ཆེན་ཁྱེད་ཀྱི་ཆེ་ས་དེ་གང་ཡིན།།

ཕོ་ལོ་ཉི་ཤུའི་རྒྱ་སྟག་མལ་ཁང་ནས་གཉིད་ཐལ།།
མོ་ལོ་ཉི་ཤུའི་མེ་ཏོག་སློབ་ཁང་ནས་རུལ་ཐལ།།
སེམས་པ་གངས་རི་དཀར་པོ་གྲོང་ཁྱེར་གྱིས་སྦགས་ཐལ།།
རིགས་ཞེན་ལུས་ཀྱི་དར་ཆ་ས་མཐའ་ནས་ཐེད་ཐལ།།
སློབ་ཆེན་སློབ་ཆེན་ཁྱེད་ཀྱི་ཆེ་ས་དེ་གང་ཡིན།།

གངས་དཀར་ཏི་སེ་ཡ་ཆུང་སྙིང་ཁོང་ནས་བཞུས་ཐལ།།
མ་ཕམ་གཡུ་མཚོ་རྒྱང་གཟིགས་མིག་ཀོང་ནས་སྐམ་ཐལ།།
ཀ་ཁ་ག་ང་ABCDཡིས་བགམས་ཐལ།།
ཐུབ་བསྟན་རིང་ལུགས་མར་ལེ་རིང་ལུགས་ཀྱིས་ཟོས་ཐལ།།
སློབ་ཆེན་སློབ་ཆེན་ཁྱེད་ཀྱི་ཆེ་ས་དེ་གང་ཡིན།།

མགོ་ནག་བོད་པའི་ནག་མདངས་གཞན་མདོག་གིས་བསྒྲིབས་ཐལ།།
གདོང་དམར་བོད་པའི་དམར་ཤ་མཁུར་རྩེ་ནས་ཡལ་ཐལ།།
སྟག་ཤར་ཨ་ཕོའི་སྙིང་རྩ་ཇེ་ལྷོད་དུ་བུད་ཐལ།།
སྨན་ཤར་བུ་མོའི་སྨན་གཡོག་ཇེ་ཐུང་དུ་བུད་ཐལ།།
སློབ་ཆེན་སློབ་ཆེན་ཁྱེད་ཀྱི་ཆེ་ས་དེ་གང་ཡིན།།

རྒྱུགས་ཤོག་གྲུ་བཞི་སེམས་ཀྱི་ནམ་མཁའ་རུ་ཕུབ་ནས།།
མི་རྟག་སྐར་མ་ཐར་ཐོར་སྒོ་ཟོག་ཏུ་འཚོ་བ།།
འཛིན་ཡིག་ལག་མཐིལ་འདྲ་བའི་ཆོ་ལོ་དེ་མིན་ན།།
ང་གསོན་ཁྱོད་ཤིའི་ལ་རྒྱ་སྨྱུག་རྩེ་ནས་རྩོད་དམ།།
སློབ་ཆེན་སློབ་ཆེན་ཁྱེད་ཀྱི་ཆེ་ས་གང་ཡིན།།

ཐ་སྙད་ཨོང་བ་སྐམ་པོ་སེམས་པ་རུ་སྒྲུག་བཞིན།།
ལ་ལུང་དེབ་ཀྱི་འབྲོག་ཐང་ཨུ་ཚུགས་ཀྱིས་རྒལ་དུས།།
རྒྱུགས་གཞི་ཅེ་སྤྱང་འཚོགས་པའི་ཞེད་སྣང་དེ་མིན་ན།།
བློ་རིག་ལུག་ཆུང་ངལ་བས་གཟིར་དོན་ཞིག་ཅི་ཡོད།།
སློབ་ཆེན་སློབ་ཆེན་ཁྱེད་ཀྱི་ཆེ་ས་དེ་གང་ཡིན།།

གླེགས་བམ་རི་བོ་འདྲ་ཞིག་ཕྲག་སྟེང་དུ་ཉིལ་འོང་།།
འཆད་ཁྲིད་ཆུ་བོ་འདྲ་ཞིག་སེམས་ཁོང་དུ་བསྐྱིལ་འོང་།།
སྦྱོང་ཚན་གཡུལ་གྱི་དུ་སྤྲིན་ཇེ་སྟུག་ནས་ཇེ་སྟུག།
རང་དབང་ནམ་མཁའི་རྒྱ་ཁྱོན་ཇེ་དོག་ནས་ཇེ་དོག།
སློབ་ཆེན་སློབ་ཆེན་ཁྱེད་ཀྱི་ཆེ་ས་དེ་གང་ཡིན།།

ཁ་སང་ཅི་བྱུང་དེ་རིང་བསྐྱར་འབྲི་ཞིག་བྱས་ཤིང་།།
དེ་རིང་ཅི་བྱུང་སང་ལ་བསྐྱར་དཔར་ཞིག་བརྒྱབ་རྗེས།།
ལས་འགན་གང་ཞིག་འགྲུབ་པའི་རང་རློམ་གྱི་མགོ་བོ།།
ཚི་དྲེག་སྣུམ་ས་ཞིག་ཏུ་ལྗིད་ཏིག་གེར་ལྷུང་སོང་།།
སློབ་ཆེན་སློབ་ཆེན་ཁྱེད་ཀྱི་ཆེ་ས་དེ་གང་ཡིན།།


སློབ་ཐུན་དང་པོར་མཆིལ་མའི་ཆར་བ་ཞིག་གཏོར་སོང་།།
སློབ་ཐུན་གཉིས་པར་ས་སྨྱུག་ས་རྡུལ་དུ་བརླགས་སོང་།།
སློབ་ཐུན་གསུམ་པར་འཁྲབ་སྟོན་སྣ་མང་ཞིག་བསྟན་སོང་།།
སློབ་ཐུན་བཞི་བར་ང་རང་རྩ་བ་ནས་གཉིད་སོང་།།
སློབ་ཆེན་སློབ་ཆེན་ཁྱེད་ཀྱི་ཆེ་ས་དེ་གང་ཡིན།།


བུ་ཆུང་ཕུགས་བསམ་མ་ཡུམ་སློབ་གྲྭ་རུ་ཤོར་སོང་།།
མ་ཡུན་སློབ་གྲྭ་ཟང་ཟིང་ཚོང་ལས་ལ་ཤོར་སོང་།།
ཚོང་ལས་ཡོང་སྒོ་སློབ་གཙོའི་ཁུག་མ་རུ་ཤོར་སོང་།།
སློབ་གཙོའི་ཁུག་མ་ཆུང་མའི་སྤར་ཀོང་དུ་ཤོར་སོང་།།
སློབ་ཆེན་སློབ་ཆེན་ཁྱེད་ཀྱི་ཆེ་ས་དེ་གང་ཡིན།།


ཆང་ཁང་དམར་པོར་བུ་མོའི་ལང་ཚོ་དེ་ཤོར་སོང་།།
བུ་མོའི་ལང་ཚོ་རྒུན་ཆང་དམར་པོ་དེར་ཤོར་སོང་།།
བརྒྱ་ཤོག་དམར་པོ་རྒུན་ཆང་དམར་བོ་དེར་ཤོར་སོང་།།
རྒུན་ཆང་དམར་པོ་བུ་མོའི་འདོམ་འོག་ནས་ཤོར་སོང་།།
སློབ་ཆེན་སློབ་ཆེན་ཁྱེད་ཀྱི་ཆེ་ས་དེ་གང་ཡིན།།

ཕ་རྒན་མི་ཚེ་རི་མགོའི་ལུག་རྫི་ནས་ཤོར་སོང་།།
གཡང་དཀར་ལུག་ཁྱུ་སྒོར་མོའི་ལྟེབ་ཁུགས་སུ་ཤོར་སོང་།།
སྒོར་ཤོག་མཐུག་པོ་བུ་ཡི་ལག་པ་རུ་ཤོར་སོང་།།
བུ་ཡི་ལག་པ་མཛའ་མོའི་རྐུབ་འོག་ལ་ཤོར་སོང་།།
སློབ་ཆེན་སློབ་ཆེན་ཁྱེད་ཀྱི་ཆེ་ས་དེ་གང་ཡིན།།

མ་ལོའི་མིག་འོད་བུ་མོའི་འཁྲེང་སེམས་ལ་ཤོར་སོང་།།
བུ་མོའི་འཁྲེང་སེམས་སྦྱིན་བདག་རླངས་འཁོར་དུ་ཤོར་སོང་།།
སྦྱིན་བདག་ཆེན་པོ་ལྕམ་མོའི་ཁྲིམས་འོག་ཏུ་ཤོར་སོང་།།
སྒེག་ལྡན་ལྕམ་མོ་ས་མཐའི་བུ་མོའི་སྟེང་ཤོར་སོང་།།
སློབ་ཆེན་སློབ་ཆེན་ཁྱེད་ཀྱི་ཆེ་ས་དེ་གང་ཡིན།།

ད་དུང་ཤོར་སོང་ཤོར་སོང་མང་བོ་ཞིག་ཤོར་སོང་།།
ཁ་སང་རྙེད་པ་མང་བོ་དེ་རིང་ལ་ཤོར་སོང་།།
དེ་རིང་ཅི་རྙེད་སང་ཉིན་ཤོར་ཉེན་དེ་ཆེ་ཡང་།།
མལ་གྲོགས་ཚང་མ་དོ་དགོང་ཆང་ཁང་དུ་ཤོར་སོང་།།
སློབ་ཆེན་སློབ་ཆེན་ཁྱེད་ཀྱི་ཆེ་ས་དེ་གང་ཡིན།།

བརྩོན་འགྲུས་མི་ལའི་ཤ་རུས་ངའི་སྟེང་ནས་སྐམ་ཡང་།།
ཚེ་གཅིག་ལུས་གཅིག་སངས་ནི་ང་རང་ཡང་མ་རྒྱས།།
སྔོན་བྱོན་མཁས་པའི་སྨྱུག་རྩེ་ངའི་ལག་ནས་ཟད་ཀྱང་།།
བཅུ་ཕྲག་རིག་པའི་ཁོ་ལག་ང་རང་ལ་མ་རྫོགས།།
སློབ་ཆེན་སློབ་ཆེན་ཁྱེད་ཀྱི་ཆེ་ས་དེ་གང་ཡིན།།

རྒྱུགས་སྐར་རྒྱུ་སྐར་འདྲ་ཞིག་གྲོང་ཁྱེར་ནས་དེད་དེ།།
འཛིན་ཡིག་གཡག་ཁལ་འདྲ་ཞིག་མགོ་སྦྲ་རུ་ཕུབ་ཀྱང་།།
འཚོ་རྟེན་གོ་ཁ་ཆུང་ངུའི་ཐལ་ངོགས་དེ་རེག་རྒྱུ།།
དགའ་ལྡན་གསེར་ཁྲིར་འཛེགས་ལ་ཁྱད་པར་རང་མི་འདུག
སློབ་ཆེན་སློབ་ཆེན་ཁྱེད་ཀྱི་ཆེ་ས་དེ་གང་ཡིན།།

སློབ་ཆེན་ཞེས་པར་དངོས་འབྲེལ་ཆེན་པོ་རང་ཡོད་དེ།།
སློབ་གཙོའི་དབང་ཆ་རྒྱལ་བོའི་བཀའ་ཁྲིམས་ལས་ཆེ་ཞིང་།།
སློབ་མའི་ན་ཚོད་དགེ་བའི་བཤེས་གཉེན་ལས་ཆེ་ལ།།
སློབ་ཡོན་འགྲོ་སྒོ་ཁྱིམ་གྱི་ཡོང་སྒོ་ལས་ཆེ་བས།།
སློབ་ཆེན་སློབ་ཆེན་ཟེར་བའི་ཆེ་ས་དེ་འདི་འོ།།

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།