སྦྲ་ནག་གི་གཤོག་སྒྲ།
རྩོམ་པ་པོ།  ཚེ་དབང་རྣམ་རྒྱལ།     སྤེལ་དུས།  2013-04-26 18:38:12    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

      ཁྱེད་ནི་གང་ནས་འཕུར་འོང་བའི་རྒོད་པོ་ཞིག་གི་འབབ་སྟངས་སམ། ཡང་ན། གང་ཞིག་ལ་འཕུར་བར་རྩོམ་པའི་རྒོད་པོ་ཞིག་གི་གཤོག་སྒྲ་ཡིན། དུས་ཚུགས་རྙིང་བ་ཞིག་གི་འཁྲེང་ཞེན་གཤོག་འོག་ཏུ་ཉར་ནས། དྲག་ཏུ་འཐབ་པའི་རླུང་འཚུབ་དམར་པོ་འདིའི་རྔམས་ཁ་ན། ཅི་ཞིག་ལའང་ཐུགས་ཁྲེལ་འཁྲུང་གིན་པའི་སྤྱན་འོད་རྣོན་པོ་དེས། རྩྭ་ཐང་གིས་མཉན་པར་འོས་པའི་བསླབ་གདམས་གང་ཞིག་གསུང་གིན་ཡོད་ཨང་། སྦྲ་ནག་ལགས། ངའི་ཆེས་མཐའ་མའི་ན་ཟུག་གི་འཕག་འཚག
     ཚི་དྲག་རྙིང་བ་ཞིག་གི་གཏམ་རྒྱུད་ལ་རིན་ཐང་གི་ཡང་ལྕི་ངེས་ཅན་ཞིག་འཇལ་བཞིན། ཁྱོད་ནི་དེ་རིང་གི་དབྱར་གཞུང་ན་ཁ་སང་གི་དགུན་ལྷགས་ཇི་ལྟར་བརྒལ་བར་གཟི་བརྗིད་ཀྱིས་ངོམས་ནས་ཡོད་དུས། བུ་ཆུང་སྣབས་ལུག་དེའི་ཁ་ནང་གི་སེའུ་ལ་གཞི་ནས་གསར་རྙིང་གི་འགྱུར་བ་བྱུང་འདུག་པར་ཁྱེད་ཀྱིས་ཐུགས་མཉམ་ཅི་ཡང་མ་མཛད། ཏག་ཏག་ན་ནིང་གི་དགུན་ས་ནས་དེ་རིང་གི་དབྱར་ས་འདིར་ཅིའི་ཕྱིར་སྤར་བར་དོགས་གཞིགས་ཀྱི་སེམས་ཁ་ཡང་ཡང་འཕྱོ་བཞིན། སང་ཉིན་གྱི་སྟོན་ས་ཡང་བསྐྱར་གནས་གང་ཞིག་ཏུ་སྤར་དགོས་པར་བྲེལ་དངངས་ཀྱི་གཤོག་རླབས་ལྷབ་ལྷུབ་འདར། གཡུ་ལྗང་གི་འདུན་མ་ལྟེམ་ལྟེམ་འཁྱོམས་པའི་རླབས་ངོགས་ན། གཡང་དཀར་དང་གནག་ཕྱུགས་ཀྱི་རྨི་ལམ་ཟེགས་མར་འཐོར་བཞིན། ཁྱེད་ཉིད་ཡང་སྙིང་ཕྱོགས་གང་ཞིག་ཏུ་འཕུར་དགོངས་ལགས། སྦྲ་ནག
     རྩྭ་ཐང་ལ་གཞི་ནས་དཔྱིད་དཔལ་བསླེབས་ཟིན་པའི་གཏམ་རྒྱུད། ཁྱེད་ཀྱི་ཡ་ཕུགས་ཀྱི་གཡང་མདའ་དེ་དང་ཆབས་ཅིག་ཚི་དྲག་གིས་ཟོས་སོང་ཡང་། རེ་བཞག་གསར་བ་ཞིག་གི་འབའ་སྒྲ་རྫི་བོ་དང་ལུག་ཁྱུའི་མཐའ་ནས་རྒྱང་རིང་གི་རི་བོའི་ཕ་རོལ་བརྒལ་ཚར་བ་ཁྱེད་ཀྱིས་ཀྱང་གསན་པ་ལོས་བྱུང་། རླུང་འཚུབ་དང་སྤྲིན་ནག་གི་འགྱུར་བག་བསྐྱེན་ཅིང་། གློག་ཞགས་དང་ཐོག་ཆར་གྱི་གླེང་ཕྱོགས་རྒོད་པའི་ད་ལོའི་ནམ་ཟླར་ཡང་། ལྷོ་འབྲུག་གི་ཀི་བསྭོ་ལྷང་ལྷང་རེ་བསྒྲགས་འོང་ན། ཁྱོད་ཀྱིས་རང་གི་ཡིན་སྙམ་པའི་ནམ་མཁའ་ཞིག་ལ་བདག་འཛིན་གནང་ལོས་ཆོག
      དོ་དགོང་། ཨ་མེས་ཀྱིས་ཁྱོད་ཀྱི་ལོ་ཟླ་མ་ཎི་འཁོར་ལོ་རུ་ཅི་ཙམ་བསྐོར་བ་གནའ་གཏམ་དུ་འཆད་དུས། ཚ་བོས་ད་དུང་ཁྱོད་ཀྱི་ཁ་ཚབ་ཀྱི་བར་སྣང་ན་སྐར་ཕྲན་ག་ཚོད་ཀྱིས་མིག་འཛུམ་དགོད་བཞིན་པར་རྩིས་འབྲས་ཅི་ཡང་མ་རྙེད། དེ་རིང་གི་ངལ་དུབ་གཅིག་པུས་མི་རབས་གསུམ་བཞི་ཙམ་སང་ཉིན་གྱི་ནམ་ལངས་ལ་སྟ་གོན་ཅི་ཡང་མེད་པར་གཉིད་དུ་ཡུར་མུས་པ་མཐོང་བའི་ཚེ། ཁྱོད་ཀྱིས་བྲེལ་དངངས་ཀྱི་གཤོག་སྡེབ་ཅི་ཙམ་བྱས་ཀྱང་། རང་ཉིད་ཀྱེན་དུ་འབུབས་བྱེད་ཀྱི་ཆོན་ཐག་མ་གཞི་སའི་གཏིང་རིམ་ཞིག་དུ་བཏགས་འདུག་པ་ད་གཟོད་རྟོགས། འོན་ཏེ། ཁྱོད་ནི་རྩྭ་ཐང་གི་སེམས་ཁ་ན་འཕྱོ་བའི་ཕུགས་བསམ་དང་། ཕུགས་བསམ་དེས་བསྒོམས་པའི་བར་སྣང་གང་ཞིག་གི་འཕུར་སྟངས་དངོས་མ་དེ་ཡིན་པ་སུ་ཡིས་བསྙོན།
     སྦྲ་ནག དུས་ཚིགས་ཀྱི་རླུང་འཚུབ་དམར་པོ་འདིའི་ཁ་གཏད་དུ། ཁྱོད་ཀྱིས་གསར་བ་དང་རྙིང་བ་ཡང་ཡང་སྤྲུགས་ཤིང་། འདས་དོན་དང་འོངས་དོན་ཐེངས་འགར་བརྡབས་རྗེས། ཡང་སྙིང་ནམ་མཁའ་གང་ཞིག་གི་སྤྲིན་རིམ་ནས་རྩྭ་ཐང་གི་གཤོག་རླབས་བསྒྱུར་འདོད་པ་ཡིན།

 

 

 

༢༠༡༢ ༢ ༥ མཁའ་མཐའི་སྐར་ཕྲན་གྱི་ཁྲེལ་དགོད་ལ་ཤར་མར་བྲིས།

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།