སྒོ་ཁྱིའི་ལས་དབང་།
རྩོམ་པ་པོ།  སྟག་རིག་འབྲུག་ཐར།    སྤེལ་དུས།  2012-12-24 23:21:50    རྡེབ་ཚད།     ཡོང་ཁུངས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས།

གནམ་སྔོན་པོའི་འགྱུར་མེད་བགོ་སྐལ་ཞིག་གིས།།

ཚེ་སྐྱེ་བ་འདི་ལ་ཁྱི་ལུས་བླངས་སོང༌།།

མི་མགོ་ནག་ཟེར་བའི་བྲན་གཡོག་གྱུར་སོང༌།།

སྲ་ལྕགས་ནག་ཨ་ལོང་སྐེ་ལ་དཔྱངས་ཡོད།།

ཚེ་གང་བོའི་བསྟི་གནས་སྒོ་ཁར་བཅོས་ཡོད།།

དུས་ཉིན་མཚན་གཉིས་ཀར་འགན་འཁྲིའི་མནན་ཡོད།།

ངས་བདག་པོའི་བཀའ་གསུང་དང་དུ་བླངས་ཡོད།།

མགྲོན་ཆ་མེད་རྒྱུས་མེད་ཟུག་བརྡ་བཏང་ཞིང༌།།

རྐུན་ཇག་པ་འཁྱམ་པོར་རྒོལ་ལན་སྤྲད་དེ།།

ཁྱིམ་བཟའ་ཚང་གང་བོར་བག་བདེ་བྱིན་ནས།།

དུས་རྣམ་ཀུན་བྱ་རའི་འགན་ཁུར་བརྗེད་མེད།།

ཚེགས་ལྗིད་ཀྱང་མཐའ་དམན་ཁྱི་རྒན་ཟེར་ཞོར།།

གན་བདག་པོ་སེམས་མེད་བྱམས་མེད་གན་གིས།།

ལྟོ་ངན་ངོན་ཟ་འཕྲོ་འཐུང་འཕྲོ་ལྡུད་གི།།

ང་ལྟོགས་དུས་སྐྱོ་ཞིང་རྒྱགས་དུས་སྐྱིད་ཡོད།།

སྐྱིད་མི་སྐྱིད་སྡུག་བསྔལ་རེས་མོས་མྱངས་ཀྱང༌།།

ངའི་ཕྲག་གི་འགན་ཁུར་གཙིགས་སུ་བཟུང་ཡོད།།

བཙག་ལྷགས་རླུང་སྤུ་གྲིའི་དངོ་ཁ་བཙན་རུང༌།།

བྱམས་སྙིང་རྗེ་གཅེས་སྐྱོང་བྱེད་མཁན་ང་མེད།།

ཆར་སེར་བའི་འབབ་རྒྱུན་ཇི་འདྲའི་དྲག་རུང༌།།

བྱམས་བརྩེ་བས་སྐྱོང་མཁན་གཉེན་གཅིག་ང་མེད།།

ངས་ཕ་མེས་དྲན་པས་བཙལ་འདོད་སྐྱེས་རུང༌།།

འགྲོ་གོམ་པའི་རང་དབང་ང་ལ་མི་འདུག།

ཉིན་གང་བོར་ཡར་མཆོངས་མར་མཆོངས་བྱས་རུང༌།།

ངའི་དཀའ་སྡུག་མིག་གི་འཚོ་མཁན་སུ་ཡོད།།

སྨག་མཚན་མོར་ཟུག་སྐད་དགུང་ལ་བསྐུར་ཡང༌།།

ངར་ཨ་ལན་འདེབས་པའི་ཟླ་བོ་སུ་ཡོད།།

འདི་བསམ་ཞིང་བསམ་ན་སྐྱོ་བའི་གཞི་རེད།།

འདི་ཡང་ཡང་གླེང་ན་སྡུག་བསྔལ་མཚོ་རེད།།

ལས་བཙོག་པས་དུད་འགྲོའི་གྲལ་རྔར་མི་ཐེ།།

ཉམ་ཆུང་བས་མཐེ་བོང་སྟོན་མཁན་མི་འདུག།

དུས་ཉིན་བཟང་སྐར་བཟང་འགྲིག་དུས་ཤིག་ལ།།

གཏམ་ཆ་མེད་མགྲོན་པོ་གལ་ཆེན་ཞིག་གིས།།

འཕྲུལ་རླངས་འཁོར་རྒྱ་སྒོའི་འཁྲིས་སུ་སླེབས་ཏེ།།

ངར་འདྲིས་པའི་ཚུལ་གྱིས་ལག་བརྡ་སྟོན་གི།

ངར་དགའ་བའི་ཚུལ་གྱིས་ལྟོ་ཆས་འཕེན་གི།

ངའི་བདག་པོ་ཡོག་ལི་སེམས་མེད་གན་ཡང༌།།

འགྲོ་གོམ་ཁ་ཡང་ལེན་ངའི་གམ་བསྒྱུར་ནས།།

ངའི་མགོ་ལ་བྱིལ་བྱིལ་ལན་འགའ་བྱས་རྗེས།།

འཛོམས་མི་འཛོམས་དགེ་མཚན་འུད་ལ་སྒྲོག་ནས།།

སྟོབས་ལྡན་པའི་ཟོལ་གྱིས་བསྟོད་བསྔགས་བྱས་ཐལ།།

རྒྱུས་མངའ་བའི་ཚུལ་གྱིས་མཛེས་ལུགས་སྒྲོག་ཐལ།།

འདང་ཆེ་བའི་ཚུལ་གྱིས་ཡང་ཡང་འཐམ་གི།

དུས་དེ་རིང་ཉིན་སྐར་བཟང་བོའི་བར་ལ།།

གཏམ་འདི་འདྲའི་སྙན་མོ་གོ་སྐལ་མ་བྱུང༌།།

སྙིང་བརྩེ་བ་དྲོན་མོ་སྟོན་སྐལ་མ་བྱུང༌།།

དུས་དེ་རིང་རྩ་ཆེན་ནོར་བུ་ཡིན་ཞེས།།

དུས་དེ་རིང་རྒྱུ་ཆེན་གོང་ཆེན་ཡིན་ཞེས།།

རྒྱུ་མཐོ་དམའི་རིན་གོང་ཡར་མར་གཅོད་གི།

གཏམ་ཁུངས་མེད་ཉ་ཉོག་མང་བོ་ལབ་ཐལ།།

གན་སེམས་མེད་བདག་པོར་འཛུམ་ཞིག་ཕྱུང་གི།

ངའི་ཕྱོགས་ལ་མིག་ཞགས་ལན་གཅིག་འཕེན་གི།

ཤག་དི་རེ་ཚོང་བས་སྒོར་མོ་བརྩིས་ཐལ།།

ལོ་བཅུ་ཕྲག་དཀའ་སྡུག་མྱངས་བའི་ཐ་མ།།

རྒྱུ་མི་རྟག་ཤོག་བུའི་སྒོར་མོར་བརྗེས་ཐལ།།

གནས་འདི་ནས་མི་བྲལ་རང་དབང་མེད་ཐལ།།

ཁྱིམ་གྲུ་བཞིའི་སྒོ་འགྲམ་ཕྱིར་མིག་འཕངས་ཏེ།།

སེམས་མི་བདེ་མིག་ཆུའི་ཕྲེང་ཐག་ཆད་རུང༌།།

ཞེ་ཆགས་འདུག་སྒོ་ཁྱི་སྙིང་ལ་རྗེ་བོ།།

གནས་གཞན་ལ་མ་བཙོང་མ་སྐྲོད་ཟེར་ནས།།

ངའི་མཇུག་འབྲས་བསམ་གཞིགས་གནང་མཁན་སུ་ཡོད།།

ངའི་ཕྱོགས་ལ་སྙིང་རྗེ་སྐྱེས་མཁན་སུ་ཡོད།།

ངའི་བདག་པོའི་བསམ་སྤྱོད་ཚེར་མའི་རྩུབ་ཡིན།།

ངའི་བདག་པོའི་སྒྲུབ་ལུགས་སྲོལ་དང་མི་མཐུན།།

ཉིན་ཕྱེད་ཀའི་གླེང་མོལ་གྲོས་ཁ་བརྒྱུད་དེ།།

མདོག་ནག་པོའི་རླངས་འཁོར་གྲུ་བཞིར་བཅུག་སྟེ།།

ཉིན་ཁ་ཤས་ས་ཆ་མང་པོར་བརྒྱུད་ནས།།

མི་ཆ་མེད་རྒྱུས་མེད་མོད་པོར་སྟོན་གི།

རིན་མ་འཚམ་ལྕགས་ཐག་ཁྲོག་སེ་འཐེན་ནས།།

གནས་ངེས་མེད་ཡར་མར་ཤུགས་ཀྱིས་འདྲུད་གི།

ངའི་ལུས་སྟོབས་ཟད་ནས་དབང་ཤེས་ཉམས་ཐལ།།

ངའི་ཕོ་བ་ལྟོགས་ནས་ཚ་སྐོར་ལང་ཐལ།།

དོན་ངོ་མས་བདག་པོ་གང་ན་བཞུགས་ཡོད།།

གུས་ཞུམ་ཞུམ་བྱ་ར་སུ་ལ་བྱེད་དགོས།།

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།