བཻ་རོ་ཙ་ན་ཞིབ་འཇུག
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2019-08-03 21:31:20    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

         1.jpg

  སློབ་དཔོན་བཻ་རོ་ཙ་ན་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་སྐབས་ཀྱི་སད་མི་བདུན་དང་རྗེ་འབངས་ཉེར་ལྔ། ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་གྲས་སུ་ཡོད་ཅིང་། རྒྱ་གཞུང་མང་པོ་བོད་སྐད་དུ་བསྒྱུར་བའི་བསྟན་པ་སྔ་དར་སྐབས་ཀྱི་མི་སྣ་གལ་ཆེན་ཞིག་ཡིན་མོད། བསྟན་པ་ཕྱི་དར་གྱི་སྐབས་སུ་མཁས་ཆེན་མང་པོའི་བཀའ་ཤོག་དང་འབྱམས་ཡིག་བཀྲམས་ནས་ལོག་ཆོས་སུ་བརྩིས་པའི་རྙིང་མའི་ཆོས་རྫོགས་པ་ཆེན་པོ་དེ་ཡང་སློབ་དཔོན་བཻ་རོ་ཙ་ན་དང་འབྲེལ་བ་དམ་པོ་ཡོད། མིག་སྔར་སློབ་དཔོན་བཻ་རོ་ཙ་ན་དང་ཁོང་གི་མཛད་རྗེས་ལ་དཔྱད་པ་བགྱིས་པ་ཤིན་ཏུ་ཉུང་། ང་ཚོས་བོད་ཀྱི་ལོ་རྒྱུས་སྟེང་གི་མི་སྣ་གལ་ཆེན་དག་གི་རྣར་ཐར་དང་མཛད་རྗེས་ལ་དཔྱད་པ་བྱས་ན། སྐབས་ཐོག་དེའི་སྤྱི་ཚོགས་ཀྱི་གནས་བབ་དང་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་སོགས་རྟོགས་ཐུབ་པས། ཁོ་བོའི་ཆེད་དེབ་འདིའི་ནང་དུ་གཙོ་བོ་གཤམ་གྱི་ལྟ་བ་འདི་དག་བཏོན་ཡོད་དེ།

         2.jpg

  དང་པོ།སློབ་དཔོན་བཻ་རོ་ཙ་ན་ནི་བོད་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་སུ་སློབ་དཔོན་ཆེན་པོ་ཞིག་ཡིན་ལ། དུས་སྐབས་དེར་བོད་བཙན་པོའི་སྲིད་དབང་གི་མངའ་ཐང་ཤིན་ཏུ་དར་ཞིང་ཕྱོགས་བཞིའི་མཐའ་འབྲེལ་གྱི་རྒྱལ་ཁམས་དག་དང་འབྲེལ་ལམ་རྒྱ་ཆེན་པོ་བཙུགས་ནས་བོད་ཀྱི་སྤྱི་ཚོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། དེ་ལྟ་བུའི་ཁོད་ཡངས་ཀྱི་སྤྱི་ཚོགས་ནང་ཡུལ་ཕྱོགས་སོ་སོའི་རིག་གནས་མི་འདྲ་བ་མང་པོ་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་བོད་བཙན་པོའི་སྤྱི་ཚོགས་ཀྱི་ཁྲོད་དར་མགོ་བརྩམས་ཤིང་། ཁྱད་པར་དུ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐབས་སུ་དབུ་བརྙེས་པའི་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གཙོ་བྱས་པའི་སྲིད་འཛིན་མི་སྣ་དང་ཤེས་ལྡན་མི་སྣ་མང་པོ་ཞིག་གིས་རྒྱབ་སྐྱོར་བྱས་ཏེ། འཕེལ་རྒྱས་ཀྱི་སྐལ་བ་ལྡན་ཞིང་བཙན་པོའི་སྲིད་དབང་ནང་སྲོལ་རྒྱུན་ཆེ་བའིGreat triditionགོ་གནས་འཐོབ་པ་དང་། དེའི་སྔོན་གྱི་བཙན་པོའི་སྲིད་དབང་གིས་དང་ལེན་བྱས་ཡོད་པའི་བོད་ཀྱི་གདོད་མའི་རིག་གནས་ཏེ་བོན་ཆོས་ནི་སྔར་ཡོད་ཀྱི་སྲོལ་རྒྱུན་ཆེ་བའི་གོ་ས་ནས་ཕྱུང་པར་མ་ཟད་དེ་སྤེལ་མི་ཆོག་པའི་བཀའ་བསྒྲགས།  བཻ་རོ་ཙ་ནའི་ལས་དབང་ནི་སྐབས་དེའི་བོད་བཙན་པོའི་སྤྱི་ཚོགས་དང་འབྲེལ་བ་དམ་པོ་ཡོད་ཅིང་། དེ་ལྟ་བུའི་སྤྱི་ཚོགས་ཀྱི་འབྲེལ་བའི་ཁྲོད་སློབ་དཔོན་བཻ་རོ་ཙ་ན་སྟོད་རྒྱ་གར་དང་སྨད་རྒྱ་ནག བལ་ཡུལ། ལི་ཡུལ་སོགས་སུ་བཏང་ཞིང་སྤྱུགས་ཏེ་དཀའ་ཚེགས་གང་མང་མྱངས་མོད། སློབ་དཔོན་ཁོང་གི་རྣམ་དཔྱོད་ཀྱི་བློ་གྲོས་དང་། ཐུགས་རིག་ཟབ་མོ། དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ཀྱིས་རིག་གནས་ཀྱི་རྩོད་པ་དང་སྲིད་དབང་གི་འཕྲོད་རྩོད་ཁྲོད་ལས་མཐར་ཏེ། མི་ཚེ་ཧྲིལ་བོར་བོད་བཙན་པོའི་དུས་སྐབས་ཀྱི་ཆོས་ལུགས་དང་རིག་གནས་གོང་སྤེལ་ཐད་ལ་རང་ནུས་གང་ཡོད་ཀྱིས་སྲི་ཞུ་བསྒྲུབས།

        8.JPG

གཉིས་པ།ཆོས་འབྱུང་ལོ་རྒྱུས་རྣམས་སུ་བཻ་རོ་ཙ་ནའི་ཕའི་མིང་ལ་པ་གོར་ཧེ་འདོད་ཅེས་གྲགས་པར་བརྗོད་མོད།བཻ་རོ་རྣམ་ཐར་འདྲ་འབགདང་ཆོས་འབྱུང་ལོ་རྒྱུས་སོགས་ལ་ཞིབ་བསྡུར་བྱས་ཚེ། པ་གོར་ཧེ་འདོད་ནི་སློབ་དཔོན་བཻ་རོ་ཙ་ནའི་ཡབ་གན་ཆག་རྡོ་རྗེ་རྒྱལ་པོའི་ནུ་བོ་ཡིན་ལ། ཕ་གན་ཆག་རྡོ་རྗེ་རྒྱལ་པོ་འདས་རྗེས་བཻ་རོ་ཙ་ན་ཨ་ཁུ་དང་མཉམ་དུ་བསྡད་ཅིང་། སྐབས་དེར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་སུ་གདན་དྲངས་པས་ཆོས་འབྱུང་ལོ་རྒྱུས་རྣམས་སུ་ཡང་པ་གོར་ཧེ་འདོད་ཡབ་ཡིན་པར་ངོས་བཟུང་ཡོད། མའི་མིང་ཡང་མི་འདྲ་བ་འགའ་ཡོད་མོད་དོན་དམ་དུ་ཡིག་རྙིང་དང་གཏེར་མ་ཕལ་མོ་ཆེ་དབུ་མེད་ཡིན་པས། མ་ཕྱི་ཕབ་མཁན་ཚོའི་ཤེས་བྱའི་ཆུ་ཚད་དང་རང་རང་གི་སྣང་ཚུལ་ལྟར་བྲིས་པས་མའི་མིང་གི་ཡིག་འབྲི་རེ་གཉིས་མི་གཅིག་པ་མ་གཏོགས་གཞན་རྣམས་གཅིག་ཏུ་སྣང་ཞིང་། བཻ་རོ་ཙ་ནའི་མའི་མིང་ལ་བྲན་ཀ་བཟའ་སྒྲོན་མ་སྐྱིད་ཟེར་བ་ང་ཚོས་ལུང་རིགས་གཉིས་ཀས་བསྒྲུབ་ཐུབ་པ་དང་། སློབ་དཔོན་བཻ་རོ་ཙ་ནའི་ཆུང་དུས་ཀྱི་མིང་ལ་གན་ཇགས་ཐང་ཏ་དང་ག་ཇག་སྟག གན་ཆག་ཐང་ཏ་སོགས་ཀྱི་འབྲི་སྲོལ་འགའ་ཡོད་མོད། དཔྱད་རྩོམ་འདིའི་ནང་དུ་གན་ཆག་ཐང་ཏ་ཟེར་བའི་ལྟ་བ་བཏོན་ཡོད། སློབ་དཔོན་གྱི་འཁྲུངས་ཡུལ་ལ་དམངས་ཁྲོད་ཀྱི་ངག་རྒྱུན་དང་བཞེད་ཚུལ་གསུམ་མཆིས་ཤིང་། དེ་ལས་འཁྲུངས་ཡུལ་དངོས་ནི་ཉང་ཆབ་དང་གཙང་ཆབ་འཛོམས་པའི་ཡུལ་ཡིན་ཏེ། དགུང་ལོ་བརྒྱད་མ་སོན་པའི་སྔོན་ལ་ཕ་གན་ཆག་རྡོ་རྗེ་རྒྱལ་པོ་འདས་རྗེས་ཨ་ཁུ་ཧེ་འདོད་དང་མཉམ་དུ་སྙེ་མོའི་ཕྱོགས་ནས་ནར་སོན་བྱུང་། གཞན་སློབ་དཔོན་བཻ་རོ་ཙ་ནའི་འཁྲུངས་འདས་ཀྱི་ཐད་ལ་ཡང་ད་སྔ་ཡན་ཆད་དུ་ཁུངས་ལུང་བཙན་པོ་བཀོད་ནས་ཀུན་ལ་གཅིག་མཐུན་གྱི་ལྟ་བ་ཞིག་བྱུང་མེད་པས། ཆེད་རྩོམ་འདིའི་ནང་དུ་སློབ་དཔོན་བཻ་རོ་ཙ་ན་སྤྱི་ལོ་764ལོར་འཁྲུངས་ཤིང་།དགུང་ལོ་བརྒྱད་པ་སྟེ་773ལོ་བསམ་ཡས་སུ་གདན་ཞུ་ཞུས་པ། སྤྱི་ལོ་779ལོའི་སྔ་གཞུག་ཏུ་རྒྱ་གར་ཏུ་བཏང་བ་དང་། 793ལོའི་རྗེས་ཙམ་དུ་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པ། སྤྱི་ལོ་798ལོའི་སྔ་གཞུག་ཏུ་ཕྱིར་བསམ་ཡས་སུ་འབྱོར་བ། མཐར་བཙན་པོ་ཁྲི་གཙུག་ལྡེ་བཙན་གྱིས་སྲིད་བཟུང་བའི་སྐབས་སུ་སྐུ་གཤེགས་པའི་ལྟ་བ་བཏོན་ཡོད།
གསུམ་པ།བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་གཉིས་བོད་དུ་གདན་དྲངས་རྗེས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་དུ་དུས་རབས་བདུན་པ་ནས་རིམ་གྱིས་དར་བའི་སྔགས་ཀྱི་མཐུ་དང་སྒྱུ་འཕྲུལ་གྱིས་བོན་གྱི་ཡུལ་ལྷ་གཞི་བདག་རྣམས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་ཆོས་སྐྱོང་དུ་བཀུགས་ནས་བོད་ཀྱི་གདོད་མའི་དད་པར་འགྱུར་བ་ཅུང་ཙམ་བཏང་སྟ། བོད་འབངས་ཀུན་གྱིས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དང་ལེན་བྱེད་ཐུབ་པར་ནུས་པ་ཆེན་པོ་བཏོན་མོད། དེའི་ཡར་སྔོན་དུ་བོད་ནས་གཙོ་བོ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་མདོ་ཕྱོགས་ཆེན་པོ་དར་བ་ལས་སྔགས་ཀྱི་ཆོས་རྣམས་དར་ཐུབ་མེད་པ་དང་། ལྷག་པར་དུ་དེའི་ནང་དུ་བོན་ཆོས་དང་མཚུངས་པའི་ཆ་མང་པོ་ཡོད་སྟབས། མདོ་ཕྱོགས་དང་བོན་ཆོས་ལ་དད་པའི་མི་ཀུན་སྔགས་ཕྱོགས་ཀྱི་ཆོས་ལ་དོགས་པ་དང་ཐེ་ཚོམ་ཟས་ནས་སློབ་དཔོན་ལ་ངན་དམོས་གང་མང་བྱས། གནས་ཚུལ་དེ་འདྲའི་འོག་བོད་ཀྱི་ལོ་ཙཱ་བ་ཆེན་མོ་ཞིག་རྒྱ་གར་དུ་བཏང་སྟེ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྤེལ་བའི་ཆོས་དེ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་རྣལ་མ་ཡིན་མིན་བརྡར་ཤ་གཅོད་དུ་གཏོང་རྒྱུ་ལས་མ་མཆིས། དེ་བས་བཙན་པོས་ལོ་ཙཱ་བ་ཆེན་པོ་ཐོག་མར་བསམ་ཡས་སུ་གདན་དྲངས་ཏེ་སྒྲ་དང་ལོ་ཙཱ་བསླབས་རྗེས་རྒྱ་གར་དུ་ཆོས་སློབ་པར་བཏང་པ་དང་། རྒྱ་གར་དུ་དུས་རབས་བདུན་པའི་སྨད་ནས་བཟུང་རྒྱ་གར་གྱི་བྲམ་ཟེའི་ཆོས་དང་སངས་རྒྱས་ཆོས་གཉིས་གཅིག་ཏུ་བསྲེས་ནས་སྔགས་ཕྱོགས་ཀྱི་ཆོས་རྣམས་དར་ཡོད། སློབ་དཔོན་བཻ་རོ་ཙ་ན་རྒྱ་གར་དུ་སླེབས་རྗེས་ལོ་བཅུ་ལྷག་རིང་རྒྱ་གར་ནས་གསང་སྔགས་དང་རྫོགས་ཆེན་ཀྱི་ཆོས་ལ་སྦྱངས་ཤིང་ཕྱིར་བོད་དུ་ལོག་པ་དང་།  བོད་དུ་འབྱོར་རྗེས་མདོ་སྔགས་ཀྱི་ཆོས་སོགས་བོད་དུ་བསྒྱུར་མོད། བོན་གྱི་ཁ་འཛིན་དང་མདོ་ཕྱོགས་ཀྱི་ཆོས་ལ་སྦྱངས་པ་བྱེད་མཁན་རྣམས་ཀྱིས་སྒྲོ་འདོགས་དང་སྐུར་འདེབས་གང་མང་བྱས་ཏེ་མཐར་རྒྱལ་མོ་ཚ་བ་རོང་དུ་སྤྱུགས།
   3.jpg
སློབ་དཔོན་བཻ་རོ་ཙ་ན་ཤར་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་རྗེས་ཡུལ་དེའི་རྒྱལ་འབངས་ཐམས་ཅད་ཆོས་སུ་བཀུག་ཅིང་། ཁྱད་པར་དུ་བཙན་པོའི་དུས་སྐབས་ཀྱི་རྗེ་འབངས་ཉེར་ལྔའི་གྲས་ཀྱི་སློབ་དཔོན་གཡུ་སྒྲ་སྙིང་པོ་ཡང་ཁོང་ལས་རབ་ཏུ་བྱུང་། སློབ་དཔོན་གྱིས་ཆོས་མ་ལུས་གཡུ་སྒྲ་སྙིང་བོར་གསུངས་ཏེ་རྒྱལ་རོང་གཙོས་ཁམས་ཕྱོགས་སུ་བསྟན་པ་སྤེལ་ཞིང་། དེའི་རྐྱེན་གྱིས་བསྟན་པ་ཕྱི་དར་གྱི་སྐབས་སུ་ཁམས་ཕྱོགས་ནས་རྙིང་མའི་ཆོས་རྒྱ་ཆེན་པོ་དར་ཐུབ་སོང་བ་རེད། རྙིང་མའི་གྲུབ་མཐའི་བྱུང་འཕེལ་ལས་ཐོག་མར་གཉགས་ཛྙཱ་ན་ཀུ་མ་ར་ལ་བབས་ཅེས་གྲགས་ཤིང་། གཉགས་ཀྱིས་གསང་སྔགས་ཆོས་ཀྱི་ཡང་རྩེ་སྟེ་རྫོགས་པ་ཆེན་པོའི་ཆོས་གཙོ་བོ་སློབ་དཔོན་བཻ་རོ་ཙ་ན་དང་གཡུ་སྒྲ་སྙིང་པོ་གཉིས་ལས་གསན་ཞིང་དར་སྤེལ་དུ་བཏང་བ་རེད། དེ་བས་སློབ་དཔོན་བཻ་རོ་ཙ་ན་ནི་གསང་སྔགས་རྙིང་མའི་གྲུབ་མཐའི་མེས་པོ་ལྟ་བུར་གྱུར་ཡོད།
བཞི་པ། བཻ་རོ་ཙ་ནར་ཚེ་གཅིག་ལ་མཚན་ལྔ་ཐོགས་ཡོད་པའི་གནས་ཚུལ་དེས་ཕྱོགས་གཅིག་ནས་སྐབས་དེའི་བཙན་པོའི་སྤྱི་ཚོགས་ཤིན་ཏུ་རྙོག་འཛིང་ཆེ་བ་ཤེས་ཐུབ་ཅིང་། ཕྱོགས་གཞན་ཞིག་ནས་སློབ་དཔོན་བཻ་རོ་ཙ་ནའི་ཐུགས་རྒྱུད་ཀྱི་ཡོན་ཏན་རྟོགས་ཐུབ། སློབ་དཔོན་བཻ་རོ་ཙ་ནའི་མདོ་ཕྱོགས་ཀྱི་མཚན་ལ་ཡེ་ཤེས་སྡེ་ཞེས་བཏགས་ཤིང་། ཁོ་བོས་དཔྱད་པ་བགྱིས་པའི་མཐར་ཡེ་ཤེས་སྡེ་དང་བནྡེ་ཡེ་ཤེས་སྡེ་གཉིས་མི་གཅིག་ཡིན་ཞིང་། དེ་ང་ཚོས་དཔྱད་བྱ་གྱུར་བའི་སློབ་དཔོན་བཻ་རོ་ཙ་ན་ཡིན་འདུག  བཀའ་བསྟན་འགྱུར་དང་དཀར་ཆག་རྣམས་སུ་ཆོས་ཚན་ཤིན་ཏུ་མང་པོ་ཞིག་ཡེ་ཤེས་སྡེ་ཡིས་བསྒྱུར་བར་བརྗོད་ཡོད་ཅིང་། ཞང་ཡེ་ཤེས་སྡེས་བསྒྱུར་བའི་ཆོས་ཚན་རྣམས་སྐ་ཅོག་གཉིས་ལས་ཤིན་ཏུ་ཉུང་བར་འདུག རྔོག་ལོ་ཙཱ་བས་བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ།། སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་སྟེ།། ཞེས་བཀོད་པར་བལྟས་ན་ལོ་ཙཱ་བ་ཁོས་ཀྱང་བཻ་རོ་ཙ་ན་དང་ཡེ་ཤེས་སྡེ་གཉིས་མི་གཅིག་ཏུ་ངོས་བཟུང་ཡོད་པ་མིན་ནམ་སྙམ།
བོད་ཀྱི་ལོ་རྒྱུས་སྟེང་རྫོགས་ཆེན་གྱི་ཆོས་ལ་ཐེངས་གཉིས་སུ་གནོད་པ་ཐེབས་ཡོད་དེ། གཅིག་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་སུ་ཆོས་ཀྱི་མདུན་ས་ཞེས་པ་ཞིག་བཙུགས་ཤིང་། དེས་བྱ་རྒྱུད་དང་སྤྱོད་རྒྱུད་ཀྱི་ཆོས་ཚན་རྣམས་ལས་རྫོགས་ཆེན་གྱི་ཆོས་རྣམས་བསྒྱུར་བར་བཀག་འགོག་བྱས་པ་དང་། དེའི་སྟབས་ཀྱིས་སྒྲ་སྦྱོར་བམ་གཉིསདང་དཀར་ཆག་འཕང་ཐངསོགས་སུ་ཡང་རྒྱུད་ཀྱི་ཆོས་རྣམས་བཅུག་མེད། ཐེངས་གཉིས་པ་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་ལྷ་བླ་མ་ཡེ་ཤེས་འོད་དང་ཞི་བ་འོད། འགོས་ཁུག་པ་ལྷས་བཙས། ས་སྐྱ་པཎྚི་ཏ་ཀུན་དགའ་རྒྱལ་མཚན་སོགས་ཀྱིས་རྫོགས་ཆེན་ཆོས་ནི་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་མིན་པར་རྒྱ་གར་མུ་སྟེགས་ཆོས་ལུགས་སམ་བོན་ཆོས། ཡང་ན་རྒྱའི་བསམ་གཏན་པའི་ཆོས་སུ་ངོས་འཛིན་བྱས་ཡོད། དོན་དམ་པར་རྫོགས་ཆེན་ཆོས་ཀྱི་ཁུངས་ནི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་དུ་གནའ་བོའི་དུས་སུ་དར་ཡོད་པའི་བོད་ཀྱི་གདོད་མའི་རིག་གནས་ཤིག་ཡིན་ཞིང་། རིག་གནས་ཀྱི་ཁྱིམ་ར་གཅིག་ནས་རིམ་གྱིས་ཡུལ་ཕྱོགས་གཉིས་སུ་དར་ཏེ་སོ་སོའི་རང་བྱུང་ཁོར་ཡུག་དང་རིག་གནས་ཀྱི་རྨང་གཞི་མ་གཅིག་པའི་དབང་གིས་དེ་གཉིས་ཕན་ཚུན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་གཉིས་སུ་གྱེས་པ་དང་། སོ་སོར་གྱེས་པའི་ཆོས་གཉིས་སློབ་དཔོན་བཻ་རོ་ཙ་ནའི་འབད་པ་དང་བརྩོན་འགྲུས་ལ་བརྟེན་ནས་མཐར་བོད་བཙན་པོའི་ཡུལ་ཁམས་ནས་དར་བར་བྱས། ཡང་རྒྱའི་བསམ་གཏན་པའི་ཆོས་ལ་ཁོ་རང་མཚན་གྱི་ཁྱད་ཆོས་མང་པོ་ཞིག་ཡོད་རྐྱེན།བོད་བཙན་པོའི་སྤྱི་ཚོགས་ནང་རེ་ཞིག་དར་ཞིང་རྫོགས་ཆེན་ཆོས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད། སློབ་དཔོན་བཻ་རོ་ཙ་ན་རྒྱ་ནག་ཆིང་ཁྲེན་(青城)དང་གླང་ཆེན་འགྱིང་རི་(峨眉山)སོགས་སུ་ཕེབས་ནས་རྒྱའི་བསམ་གཏན་པ་དག་དང་བཀའ་སློབ་ཞུས་ཏེ་ཆོས་ལུགས་ཕན་ཚུན་བར་ལ་འབྲེལ་འདྲིས་ཟབ་མོ་བྱས་ཡོད། དེ་བས་རྫོགས་ཆེན་གྱི་ཆོས་ནི་རྒྱ་གར་འཕགས་པའི་ཡུལ་གྱི་སངས་རྒྱས་ཆོས་དང་བོན་ཆོས། རྒྱ་ནག་བསམ་གཏན་པའི་ཆོས་ལུགས་སོགས་གཅིག་ཏུ་འདུས་པའི་ཆོས་ཤིག་ཡིན་པ་ལས་ལོག་ཆོས་ཤིག་མིན་པར། དེ་ལས་ལྡོག་སྟེ་དེའི་ནང་དུ་བོད་ཀྱི་རིག་གནས་ཀྱི་རྨང་དང་མི་རིགས་ཀྱི་འཆར་སོ་མངོན་པར་བསྟིམས་ཡོད་པས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཁྱད་ཆོས་རྟོགས་ཐུབ། རྒྱའི་ཆོས་ལུགས་རིག་པའི་མཁས་པ་ཧྥང་ལེའེ་ཐེན་(方立天)གྱིས་ལོག་ཆོས་ནི་ཆོས་རྣལ་མ་མིན་མོད། དེར་གནས་པའི་རིག་གཞུང་གི་རིན་ཐང་ལ་གཏན་ནས་མཐོང་ཆུང་བྱ་མི་རུང་སྟེ། ལོག་ཆོས་ཁག་ཅིག་ཀྲུང་གོའི་སངས་རྒྱས་ཆོས་ལུགས་པ་ཚོས་ཆོས་ལུགས་དར་སྤེལ་གྱི་དགོས་པ་དང་མ་མཐུན་པར་བྲིས་པའི་བརྩམས་ཆོས་དག་ཡིན་ལ། དེ་ལས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དང་མི་མཐུན་པའི་ཀྲུང་གོའི་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་རྣམས་མངོན་ཐུབ། ང་ཚོས་བརྩམས་ཆོས་དེ་རྣམས་བེད་སྤྱད་ནས་ཀྲུང་གོའི་སངས་རྒྱས་ཆོས་ལུགས་ཀྱི་བསམ་བློའི་ཁྱད་ཆོས་ལ་འགྲེལ་བརྗོད་བྱས་ནས་རྟོགས་དགོསཞེས་བརྗོད་ཡོད།  སློབ་དཔོན་བཻ་རོ་ཙ་ནས་ད་དུང་གསོ་དང་རྩིས་ཀྱི་རིག་གནས་ཀྱང་དར་སྤེལ་དུ་བཏང་སྟེ་རྒྱུད་བཞིགཙོ་བྱས་པའི་སྨན་གཞུང་ཆེན་པོ་བོད་ནས་དར་བར་མཛད་རྗེས་བླ་ན་མེད་པ་བཞག་ཡོད།
   6.JPG
ལྔ་པ། བོན་བསྒྱུར་ནང་དུ་གན་ཆག་ཐང་ཏ་བྲིས་ཞེས་བརྗོད་ཡོད་པ་ནང་བཞིན་སློབ་དཔོན་བཻ་རོ་ཙ་ནས་བོན་ཆོས་མི་ཉམས་དར་སྤེལ་དུ་གཏོང་བར་ཡང་ནུས་པ་རྒྱ་ཆེན་པོ་བཏོན་ཡོད་དེ། བོད་བཙན་པོའི་རྒྱལ་རབས་ཀྱི་ཁྲོད་བན་བོན་བར་གྱི་འགལ་བ་ནི་ཤིན་ཏུ་རྣོ་ངར་ཆེ་ལ་བཙན་པོའི་སྲིད་དབང་གིས་ཐག་གཅོད་བྱེད་དགོས་པའི་ཁ་ཚ་དགོས་གཏུག་གི་དོན་གནད་དོན་ཞིག་ཏུ་གྱུར་ཡོད་དེ། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྲིད་དབང་ཡོངས་སུ་བཟུང་རྗེས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དེ་སྲིད་གཞུང་གི་ཆོས་སུ་བཀུར་བས་བོན་ཆོས་ལ་གྱོང་ཆེན་པོ་བཟོས་པ་དང་། སློབ་དཔོན་བཻ་རོ་ཙ་ན་ཆུང་བྱིས་དུས་སུ་བོན་ཆོས་རིག་གནས་ཀྱིས་རྐང་ཟིན་ཡོད་པའི་ཡུལ་ཕྱོགས་ནས་འཁྲུངས་རྐྱེན་ཆོས་ལུགས་དེས་ཁོང་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད། ཡང་ཁོང་གིས་རྒྱ་གར་གྱི་སངས་རྒྱས་ཆོས་ལའང་སྦྱངས་པ་བྱས་པས་བན་བོན་གཉིས་ཀྱི་རིག་གནས་ཀུན་ལ་མཁས་པའི་གྲུབ་མཐའ་རིས་མེད་ཀྱི་མཁས་པར་གྱུར། དེ་བས་བོན་ཆོས་བསྣུབས་པའི་སྐབས་སུ་ཁོང་གིས་བོན་གྱི་ཆོས་རྣམས་གཏེར་དུ་སྦས་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་སྤྱད་དེ་བོན་གྱི་བསྟན་པ་སྲུང་སྐྱོབ་བྱས་ཤིང་། ཕྱིས་སུ་བོན་ཆོས་སླར་གསོ་བྱེད་ཐུབ་པར་མཛད་རྗེས་བླ་ན་མེད་པ་བཞག་ཡོད། དེ་བས་ད་ལྟའི་ཆེད་མཁས་པ་ཚོས་སློབ་དཔོན་བཻ་རོ་ཙ་ན་ཉིད་གྲུབ་མཐའ་རིས་མེད་ཀྱི་མེས་པོར་ངོས་འཛིན་གྱིན་ཡོད། ང་ཚོས་སློབ་དཔོན་བཻ་རོ་ཙ་ནས་མཛད་རྗེས་ལ་ཞིབ་འཇུག་བྱས་རྗེས་སློབ་དཔོན་བཻ་རོ་ཙ་ན་ནི་གྲུབ་མཐའ་རིས་མེད་ཀྱི་མེས་པོ་ཡིན་པ་ལས་གཞན་ཁོང་གི་རྣམ་དཔྱོད་ཀྱི་བློ་གྲོས་དང་དཔའ་ངར་གྱི་སྙིང་སྟོབས་ཀྱིས་རྩལ་རྫོགས་ཤིང་། ཐུགས་རྒྱུད་ཀྱི་ཡོན་ཏན་གྱིས་ཀློང་བརྡོལ་བའི་མདོ་སྔགས་རྫོགས་གསུམ་དང་བོན་ཆོས། གསོ་དང་རྩིས། རྒྱའི་བསམ་གཏན་ཆོས་སོགས་ལ་མཁྱེན་རྒྱ་ཤིན་ཏུ་ཡངས་པའི་མཁས་པ་ཆེན་པོ་དང་ལོ་ཙཱ་བ་ཆེན་མོ། རྙིང་མའི་གྲུབ་མཐའ་དང་གྲུབ་མཐའ་རིས་མེད་ཀྱི་མེས་པོ་རུ་ངོས་བཟུང་ཡོད་དོ། །

        [CropImg]1.jpg

        3.jpg

           4.jpg

           5.jpg

 

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།