༄༅།།སྐྱབས་རྗེ་ཆེ་ཤོས་རིན་པོ་ཆེའི་རྣམ་ཐར་བསྡུས་པ་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། །  
རྩོམ་པ་པོ།   དཔལ་ལྡན་ཕུན་ཚོགས།     སྤེལ་དུས།  2020-07-02 19:55:15    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

  

༄༅།།སྐྱབས་རྗེ་ཆེ་ཤོས་རིན་པོ་ཆེའི་རྣམ་ཐར་བསྡུས་པ་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།།
                                                              དཔལ་ལྡན་ཕུན་ཚོགས།

  བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་དོན་གྱི་སླད་དུ་མཚན་ནས་སྨོས་པས་སྐྱབས་རྗེ་ཆེ་ཤོས་རྡོ་རྗེ་འཆང་སྐུ་ཕྲེང་བཞི་བ་རྗེ་བཙུན་བློ་བཟང་དཔལ་ལྡན་ལུང་རིགས་རྒྱ་མཚོ་དཔལ་བཟང་པོའི་ཞལ་སྔ་ནས་མཆོག་ནི།ཡུལ་མདོ་སྨད་ཀྱི་རྨ་ཀླུང་དལ་འགྲོ་རིང་མོའི་འགྲམ་རྒྱུད་སྲིད་པ་ཆགས་པའི་ལྷ་དགུའི་ནང་གསེས་རྒོད་རྩེ་ཞེས་པའི་ས་འཛིན་ཆེན་པོའི་ལྷ་ཞོལ་ཚེ་འགུ་མཐའ་འོག་ཟེར་བའི་ཕྱུགས་ཀྱི་འཚེར་སར་སྒོ་མེ་མཆོད་རྟེན་སྐེ་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་གི་སྐྱབས་མགོན་གྲུབ་པའི་དབང་ཕྱུག་ཆེན་པོ་མགོན་ཀྱཱ་བཙན་པོ་མ་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་རིགས་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ལོའི་ཧོར་ཟླ་བཅུ་བའི་ཚེས་བཅུ་ཉིན་ཏེ་མཁའ་འགྲོ་འདུ་བའི་དུས་བཟང་ཁྱད་པར་ཅན་ལ་སྐུ་བལྟམས།ཡབ་རྗེ་མཆོག་གིས་སྐྱེས་བུ་དམ་པའི་ཡང་སྲིད་དུ་མཁྱེན་ནས་དགོན་པར་སྤྱན་དྲངས་ཏེ་སྤྱན་གྱི་འབྲས་བུ་བཞིན་དུ་ལེགས་པར་བསྐྱེད་བསྲིངས།མི་རིང་པར་བདེ་ལྡན་ཞིང་མགོན་པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་དགུ་བ་རྗེ་བཙུན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་དཔལ་བཟང་པོས་སྐྱབས་རྗེ་ཆེ་ཤོས་རྡོ་རྗེ་འཆང་གི་ཡང་སྤྲུལ་དུ་ངོས་བཟུང་ནས་མཚན་གསོལ་བ་དང་བརྟན་བཞུགས་གསོལ་འདེབས་ཀྱང་དུས་གཅིག་ཏུ་གནང་།དེ་ནས་འཇམ་མགོན་བླ་མའི་གདན་ས་ཆེན་མོ་སྐུ་འབུམ་བྱམས་པ་གླིང་དུ་སྤྱན་དྲངས་ཏེ་སྐྱབས་རྗེ་གོང་མའི་ཆོས་ཀྱི་ཁྲི་འཕང་ཡངས་པོར་མངའ་གསོལ།ཡབ་རྗེ་མགོན་ཀྱཱ་རིན་པོ་ཆེའི་ཐུགས་བཀོད་བཞིན་མཆོད་རྟེན་སྐེའི་འདུལ་འཛིན་ཆེན་པོ་རྗེ་བློ་བཟང་སྦྱིན་པ་མཆོག་དགེ་རྒན་དུ་བསྟེན་ནས་དང་པོར་ཀློག་ལ་འཇུག་པ་སོགས་ཆོས་སྤྱོད་ཀྱི་རིགས་དང་བདེ་གསང་འཇིགས་གསུམ་གྱི་ཆོ་ག་རྣམས་མ་ལུས་པར་བསླབ།རྗེ་གོང་མའི་སྲས་ཀྱི་ཐུ་བོ་མི་ཉག་རྡོ་རྗེ་འཆང་ངག་དབང་ལེགས་བཤད་རྒྱ་མཚོ་ལས་རབ་བྱུང་དང་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་མདོ་སྔགས་ཀྱི་ཟབ་ཆོས་ཀྱང་མང་དུ་གསན།གོང་མའི་ཐུགས་སྲས་དམ་པ་ཨ་རོལ་རིན་པོ་ཆེ་རྗེ་བཙུན་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་དམ་ཆོས་སྒོ་སྐྱེལ་གྱི་ཚུལ་དུ་གདན་སར་བྱོན་པ་ལས་དབང་ལུང་མན་ངག་གི་གདམས་པའི་རྒྱུན་མང་དུ་གསན།འཇམ་མགོན་བསྟན་པའི་སྒྲོན་མེ་བླ་ཁོ་རྡོ་རྗེ་འཆང་རྗེ་བཙུན་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་ཞལ་སྔ་ནས་དང་པཎ་ཆེན་ཡོངས་འཛིན་རྗེ་འཇིགས་མེད་རྒྱ་མཚོ་དཔལ་བཟང་པོ་རྣམ་གཉིས་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེའི་སྐུའི་དོན་དུ་གདན་སར་བྱོན་པ་ལས་ཀྱང་སྔ་ཕྱིར་དབང་དང་རྗེས་གནང་ལུང་ཁྲིད་སོགས་མདོ་རྒྱུད་ཀྱིས་བསྡུས་པའི་ཟབ་ཆོས་འབྱམས་ཀླས་པ་གསན།དགུང་ལོ་བཅུ་གཉིས་པར་རྒྱ་ཆེ་བའི་གཞུང་ལུགས་བྱེ་བར་ཐོས་བསམ་གྱི་ཆེད་དུ་དབུས་སུ་ཕེབས།ཚེ་རབས་ཀྱི་ཕྲེང་བར་ཆོས་ཀྱི་འབྲེལ་བ་ཟབ་པ་སྐྱབས་མཆོག་ཕུར་ལྕོག་བྱམས་མགོན་རིན་པོ་ཆེ་རྗེ་བཙུན་ཐུབ་བསྟན་བྱམས་པ་ཚུལ་ཁྲིམས་བསྟན་འཛིན་དཔལ་བཟང་པོར་མཇལ།རྗེ་དེ་ཉིད་ལས་ཟབ་ཆོས་དུ་མ་གསན་ཅིང་ཐུགས་བཀོད་ལྟར་སེར་སྨད་ཐོས་བསམ་ནོར་བུའི་གླིང་དུ་ཞུགས།མཁྱེན་དཔྱོད་འགྲན་ཟླ་དང་བྲལ་བ་བྱང་རྩེ་ཆོས་རྗེ་ཐུབ་བསྟན་མཁས་བཙུན་མཆོག་དང་དགེ་བའི་བཤེས་གཉེན་དམ་པ་རྗེ་བློ་བཟང་ཆོས་གྲགས་རྣམ་གཉིས་དགེ་རྒན་དུ་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔར་གསན་བསམ་ཕུལ་དུ་ཕྱིན་པ་མཛད།བར་སྐབས་སུ་གངས་ཅན་འགྲོ་བའི་མགོན་པོ།རྒྱལ་དབང་ཡོངས་འཛིན་རྣམ་གཉིས།བྲག་རི་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་ལུང་རིགས་རྒྱ་མཚོ་དབང་རྒྱལ་སྡེ།ལྷ་བཙུན་རྡོ་རྗེ་འཆང་རྗེ་ངག་དབང་བློ་བཟང་ཐུབ་བསྟན་དགེ་ལེགས་རབ་རྒྱས་སོགས་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་ཟླ་དང་བྲལ་བ་རྣམས་ལས་མདོ་རྒྱུད་ཀྱི་ཟབ་ཆོས་མང་དུ་གསན།དགུང་ལོ་ཉི་ཤུ་པར་སྐྱབས་རྗེ་བྲག་རི་རྡོ་རྗེ་འཆང་ལས་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་མནོས།དགུང་ལོ་ཉེར་གཉིས་བཞེས་པ་རབ་རྒྱལ་མེ་སྤྲེལ་ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་མཁས་གྲུབ་གསེར་རིའི་ཕྲེང་བ་མངོན་པར་གཏམས་པའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔས་བསྡུས་པའི་རྒྱལ་བའི་བཀའ་རབ་འབྱམས་ལ་གྲྭ་སྐོར་གནང་སྟེ་ལྷ་རམས་པའི་མཚན་སྙན་ཐོབ།བཀྲ་ཤིས་ལྷུན་པོར་ཆེད་གཉེར་གྱིས་ཕེབས་ཏེ་སྣང་མཐའི་ཟློས་གར་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་རྗེ་བཙུན་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ལ་མཇལ་ཏེ་ཐོག་མའི་ཆོས་འབྲེལ་ཞུས།དགུང་ལོ་ཉེར་གཉིས་པར་ཕྱིར་མདོ་སྨད་རང་ཡུལ་དུ་ཆིབས་ཁ་བསྒྱུར།གདན་སར་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་གཞུང་ཆེན་བཀའ་པོད་རྣམས་ལ་བགྲོ་གླེང་གནང་སྟེ་ཆོས་ཀྱི་དགའ་སྟོན་སྤེལ།དེ་ནས་སྔོན་ཀྱི་བླ་མ་རྣམས་ལས་ཟབ་ཆོས་ཀྱི་སྐོར་མང་དུ་གསན།འདྲེན་མཆོག་ཨ་རོལ་རྡོ་རྗེ་འཆང་དང་སྐྱབས་རྗེ་ཁོ་ནག་རིན་པོ་ཆེ་རྗེ་བློ་བཟང་ཚུལ་ཁྲིམས་བསྟན་འཛིན་རྣམ་གཉིས་ལས་སྙན་ངག་སུམ་རྟགས་སོགས་ཐུན་མོང་གཙུག་ལག་གི་གཞུང་ཡང་ལེགས་པར་གསན།དགུང་ལོ་ཞེ་ལྔ་པར་བསྟན་པ་ཡང་དར་བྱུང་ནས་འཇམ་མགོན་བླ་མའི་གདན་ས་ཆེན་མོ་སྐུ་འབུམ་བྱམས་པ་གླིང་འཛིན་སྐྱོང་སྤེལ་གསུམ་སྒོས་བགྲང་བྱ་བཅུ་ཕྲག་གཅིག་དང་ཉག་མ་གསུམ་ལྷག་ལ་ཆོས་སྲིད་ཟུང་གིས་བསྐྱངས།དགུང་ལོ་ལྔ་བདུན་པར་རྒྱ་ནག་པེ་ཅིན་དུ་ཕེབས་ཏེ་བགྲང་བྱ་བཅུ་ཕྲག་གཅིག་ཙམ་ལ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་བདག་སྐྱོང་གི་སྒོ་ནས་སྐལ་ལྡན་གྱི་གདུལ་བྱ་རིས་སུ་མེད་པར་ཟབ་རྒྱས་ཆོས་ཀྱི་གྲུ་ཆར་ཕབ།དགུང་ལོ་རེ་བདུན་བཞེས་པ་ལྕགས་སྦྲུལ་ལོར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།མདོར་ན་རྗེ་བླ་མ་འདི་ཉིད་ལ་འཆད་རྩོད་རྩོམ་གསུམ་མཁས་བཙུན་བཟང་གསུམ་ཐུགས་རྒྱུད་བྱང་ཆུབ་ཀྱི་སེམས་ཀྱིས་ཕྱུག་པ་སོགས་སྐྱེས་བུ་དམ་པའི་རང་རྟགས་མཐོང་ཆོས་སུ་མངའ།མཁྱེན་དཔྱོད་ཀྱི་རྩལ་ལས་ཐོན་པའི་གསུང་རྩོམ་ཡང་པོད་གཉིས་ལས་ལྷག་པ་ཙམ་བཞུགས།

  དེ་ཡང་རྗེ་བཙུན་བླ་མ་མཆོག་གི་རིགས་ཀྱི་ཅོད་པཎ་དམ་པ་རྗེ་ཉིད་ལས་ཀྱང་ཟབ་ཁྲིད་གསན་པས་བླ་སློབ་གཉིས་ཀར་གཏོགས་པ་ནི་མདོ་རྒྱུད་མན་ངག་རྒྱ་མཚོའི་མངའ་བདག་རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་དངོས་སློབ་སེར་སྨད་སྐྱབས་རྗེ་ལྷ་བཙུན་རྡོ་རྗེ་འཆང་རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་དགེ་ལེགས་རབ་རྒྱས་དཔལ་བཟང་པོ་མཆོག་ཡིན་ལ།གཞན་རྗེ་ཉིད་ལས་ཟབ་ཆོས་གསན་ཏེ་གསུང་སྐྱེས་ཀྱི་སློབ་མར་གྱུར་བ་ནི།མཁས་པའི་དབང་པོ་བསེ་ཚང་རིན་པོ་ཆེ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ།སྐྱབས་རྗེ་ཕ་བོང་ཁའི་མཆོག་སྤྲུལ་རིན་པོ་ཆེ།ཕུར་ལྕོག་བྱམས་མགོན་རིན་པོ་ཆེའི་མཆོག་སྤྲུལ་བྱམས་པ་བསྟན་འཛིན་ཆོས་ཀྱི་དབང་ཕྱུག།གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་པོ་སེར་སྨད་དགེ་བཤེས་ཡེ་ཤེས་དབང་ཕྱུག།ནགས་ཚང་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་བྱམས་པ།ཧྭར་བ་འཇམ་དབྱངས་བློ་གྲོས་མཆོག་སྤྲུལ་རིན་པོ་ཆེ།ཨ་རོལ་རྡོ་རྗེ་འཆང་གི་མཆོག་སྤྲུལ་རིན་པོ་ཆེ།བྱ་ཁྱུང་གི་དགེ་བཤེས་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་ལུང་རྟོགས་དམ་ཆོས་རྒྱ་མཚོ།ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་ཉེ་གནས་མ་ཎི་མཆོག་སྤྲུལ་རིན་པོ་ཆེ་འཇིགས་མེད་ལེགས་བཤད་སྒྲ་དབྱངས།ངྷི་ཚའི་སྐུ་མཆེད་མཆོག་སྤྲུལ་རིན་པོ་ཆེ་ལུང་རྟོགས་ཡོན་ཏན་རྒྱ་མཚོ།ཨ་ལག་ཤ་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་བསྟན་འཕེལ་ཉི་མ།རྗེ་དམུ་དགེ་བསམ་གཏན་གྱི་དངོས་སློབ་རས་ཆུང་བ་ཤེས་རབ་རྒྱ་མཚོ།ཀོའུ་བ་མཆོག་སྤྲུལ་རིན་པོ་ཆེ།ཅོ་ནེ་དགེ་བཤེས་བྱམས་པ་བསམ་གཏན།པེ་ཅིན་ཡུང་དགོན་གྱི་དགེ་བའི་བཤེས་གཉེན་འཇམ་དབྱངས་ཐུབ་བསྟན།སྔ་འགྱུར་རིང་ལུགས་འཛིན་པ་ཨ་ལགས་རིན་ཆེན་རྣམ་རྒྱལ་ཚང་།བཀའ་རྒྱུད་པའི་དགེ་བའི་བཤེས་གཉེན་བསོད་ནམས་རྒྱ་མཚོ་ཚང་།གདན་ས་རང་དུ་མགོན་ཀྱཱ་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བཤད་སྒྲུབ་ཕུན་ཚོགས་རྒྱ་མཚོ།ནེའུ་ལུང་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་ལུང་རྟོགས་རྒྱ་མཚོ།ཡང་ཀྱཱ་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་ཐུབ་བསྟན་རྒྱ་མཚོ།གཟིམ་ཁང་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་དཔལ་ལྡན་བསྟན་པའི་རྒྱལ་མཚན།རྭ་ཁོ་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་པའི་དབང་ཕྱུག།རྒྱ་ཡག་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་དཔལ་ལྡན་ཆོས་ཀྱི་དབང་ཕྱུག།བསམ་འགྲུབ་གླིང་མན་འཇའ་སྤྲུལ་བའི་སྐུ་བློ་བཟང་ཐུབ་བསྟན་རྒྱ་མཚོ།ཨན་འཇའ་སུ་སྤྲུལ་སྐུ་བློ་བཟང་དཔལ་ལྡན་བསྟན་པའི་རྒྱལ་མཚན།གཞུང་བརྒྱའི་མངའ་བདག་དགེ་བའི་བཤེས་གཉེན་ཆེན་པོ་རབ་འབྱམས་པ་སྐལ་བཟང་ཆོས་བསྲུང་ལོ་ཡེ།རབ་འབྱམས་པ་བློ་བཟང་དམ་ཆོས་ལོ་ཡེ་ཚང་སོགས་དང་འདིར་མ་བཀོད་པའང་མང་དུ་ཡོད་དོ།།བསྟན་པ་དང་འགྲོ་བའི་དོན་དུ་རྒྱལ་ཁབ་ཀྱི་སྲིད་ཕྱོགས་ཀྱི་གོ་གནས་རིམ་པར་བཞེས་པ་ཡང་།སྐུ་འབུམ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་གཙོ་གཞོན་པ་དང་པོ།རྒྱལ་ཡོངས་སྲིད་གྲོས་སྐབས་དྲུག་པ།བདུན་པ།བརྒྱད་པའི་ཨུ་ཡོན་དང་རྗེས་སུ་རྒྱུན་ལས་ཨུ་ཡོན།ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་དང་ཚོགས་གཙོ་གཞོན་པ།རྒྱལ་ཡོངས་སྲིད་གྲོས་ཆོས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།ཧོང་ཀྲུང་རྫོང་མི་དམངས་འཐུས་ཚབ་ཚོགས་པའི་ཀྲུའུ་རིན་གཞོན་པ།ཀྲུང་གོའི་རྒྱལ་སྤྱི་མཉམ་འབྲེལ་གྲོས་ཚོགས་ཀྱི་ལས་འཛིན།ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་རིག་སློབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཨུ་ཡོན།བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཁང་གི་ཞིབ་འཇུག་པ།མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་ཞིབ་འཇུག་ཁང་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་བོད་ཀྱི་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཚན་ཁག་གི་ཞིབ་འཇུག་པ་རྣམས་སོ།།

       ཞེས་རྗེ་འདིའི་ཚ་བོ་སློབ་བུའི་ཐ་ཤལ་བ་བཙུན་གཟུགས་དཔལ་ལྡན་ཕུན་ཚོགས་ཀྱིས་སྐུ་འབུམ་ཆེ་ཤོས་བླ་བྲང་གི་རང་སྤྱིལ་རིག་པའི་ཉི་སྣང་འཁྱིལ་བར་ཉིས་སྟོང་གསུམ་ལོའི་ཧོར་ཟླ་བཅུ་བའི་ཚེས་བཅོ་ལྔ་དགེ་བར་བྲིས་པའོ།།

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།