ཞིབ་འཇུག་པ་ནོར་བུ་དབང་ལྡན།(པར)
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2013-05-11 20:37:45    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

1.jpg   

     ཞིབ་འཇུག་པ་ནོར་བུ་དབང་ལྡན་མཆོག་ནི་མཚོ་སྔོན་ཁྲི་ཀ་རུ་སྐྱེས་ཤིང་། ལོ་རབས་བརྒྱད་བཅུ་བའི་མཇུག་ཏུ་སློབ་ཆེན་ནས་མཐར་ཕྱིན་ཞིང་། སྤྱི་ཚོགས་ཚན་རིག་ཁང་དུ་བོད་ཀྱི་ཆོས་ལུགས་དང་སྤྱི་ཚོགས་རིག་གནས་སྐོར་ལ་ཞིབ་འཇུག་བགྱིས།
     ༡༩༩༠ལོའི་ནས་༡༩༩༡ལོའི་བར་དུ་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་བོད་ལྗོངས་ལས་ཁག་གི་ཞིབ་དཔྱད་ཆེད་མཁས་པའི་ལས་འགན་བཞེས། ༡༩༩༧ལོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་ནས་འབུམ་རམས་པའི་བསླབ་བྱ་ལ་སྦྱངས་པ་མཛད། ༡༩༩༧ལོ་ནས་༡༩༩༩ལོའི་བར་དུ་ཨོའོ་མིན་མཚོ་སྔོན་འབྲོག་ལས་གསར་སྤེལ་ལས་གཞི་ཡིས་ཞིབ་དཔྱད་ཆེད་མཁས་པའི་འགན་བཞེས། ༢༠༠༠ལོར་ཨ་རི་ཀི་ལོན་པི་ཡ་སློབ་ཆེན་ནས་རིག་གཞུང་གི་སྐོར་ལ་མཉམ་ཞིབ་མཛད། ༢༠༠༡ལོ་ནས་༢༠༠༦ ལོའི་བར་དུ་ཀྲུང་གོ་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་སྤྱིའི་རྩོམ་སྒྲིག་པ་དང་བོད་ཡིག་པར་མའི་རྩོམ་སྒྲིག་པའི་འགན་བཞེས། 

                                             3.jpg
     སྐུ་ཞབས་ནོར་བུ་དབང་ལྡན་སྔ་གཞུག་ཏུ་རྒྱལ་ཁབ་མང་པོ་ཕེབས་ནས་བོད་ཀྱི་རིག་གཞུང་གི་ཐད་ནས་འཆད་ཁྲིད་དང་བགྲོ་གླེང་བྱས་མྱོང། ད་ལྟ་ཁོ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་རྩོམ་རིག་ཚན་ཁག་གི་ཞིབ་འཇུག་པ་ཡིན་ཞིང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་མི་རིགས་རྩོམ་རིག་ཚན་ཁག་ཏུ་གཙོ་བོ་བོད་ཀྱི་གེ་སར་རིག་གནས་ཐད་ཞིབ་འཇུག་བྱེད་བཞིན་ཡོད།
     ཁོང་ནི་རྒྱལ་ཡོངས་གེ་སར་ཞིབ་འཇུག་བྱ་བའི་ཚན་ཁག་གི་འགོ་ཁྲིད་དང་། ཀྲུང་གོ་མི་རིགས་རིག་པའི་ཚོགས་པ་ཡི་དྲུང་ཡིག་གཞོན་པ། ཀྲུང་གོ་མི་རིགས་རྩོམ་རིག་ཚོགས་པའི་དྲུང་ཡིག་གཞོན་པ། གེ་སར་ཚོགས་པའི་དྲུང་ཡིག་ཆེན་མོ་སོགས་ཀྱི་འགན་ཅི་ལྕོགས་གིས་བཞེས་ཡོད། སྔ་གཞུག་ཏུ་རྒྱ་བོད་དབྱིན་གསུམ་སྟེང་ནས་དཔྱད་རྩོམ་བརྒྱ་ལ་ཉེ་བ་ཙམ་བརྩམས་བསྒྱུར་བྱས་ཡོད།

       《སྒྲུང་རྒྱུད་དང་གླིང་སྒྲུང་རིག་པའི་རྣམ་བཤད》ཅེས་པ་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས། དཔེ་དེབ་འདི་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རྒྱལ་ཁབ“211ལས་གཞིའི”སྐབས་གསུམ་པའི་འཛུགས་སྐྲུན་ལས་གཞིར་གཏོགས།

                                              2.jpg

      དཔེ་དེབ་འདིའི་ནང་སྒྲུང་དང་། སྒྲུང་གི་ནུས་པ། སྒྲུང་དང《གེ་སར》ལོ་རྒྱུས་སྙན་རྩོམ། གེ་སར་ལོ་རྒྱུས་སྙན་རྩོམ་གྱི་འབྱུང་རྐྱེན་དང་གྲུབ་ཚུལ། གེ་སར་ལོ་རྒྱུས་སྙན་རྩོམ་གྱི་འགྱུར་བ་དང་འཕེལ་རྒྱས། གེ་སར་སྒྲུང་བ་བཅས་ཁག་དྲུག་ཏུ་དབྱེ་ཡོད། དཔེ་དེབ་འདི་བརྒྱུད་དེ་རང་རེའི་བོད་པའི་སྒྲུང་རབས་དར་ཚུལ་དང་ཁྱད་པར་དུ་གེ་སང་སྒྲུང་གི་ཁྱད་ཆོས་དང་ད་ལྟ་གནས་བབ། མ་འོངས་པའི་འཕེལ་ཕྱོགས་བཅས་ལ་ངོས་འཛིན་གསལ་བོ་ཞིག་སྐྱེས་ཐུབ་བོ།།

    བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུ་ཞེས་པའི་དཔེ་དེབ་འདི་སྐུ་ཞབས་ནོར་བུ་དབང་ལྡན་གྱིས་རྒྱ་ཡིག་གི་ལམ་ནས་བྲིས་པའི་བརྩམས་ཆོས་ཤིག་ཡིན་ཞིང་། ༡༩༩༦ལོའི་ཟླ༡༠པར་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་དཔར།

                                             4.jpg

     འདིའི་ནང་དུ་གཙོ་བོ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་སྤྲུལ་སྐུ་ལམ་ལུགས་ལ་དཔྱད་པ་བཏང་ཡོད། རྩོམ་པ་པོ་ཁོང་ཉིད་ཀྱིས་གཙོ་བོ་ཕྱོགས་གསུམ་ནས་དཔྱད་པ་བྱས་ཡོད་དེ། ཐོག་མར་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གཞུང་དོན་ནས་སྤྲུལ་སྐུ་ལམ་ལུགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་འགྲེལ་བཤད་བྱས་ཡོད། དེ་ནས་སྤྲུལ་སྐུ་ལམ་ལུགས་བྱུང་བའི་ལོ་རྒྱུས་ཀྱི་གཞུང་ཐིག་དང་། སྤྲུལ་སྐུ་དག་ལ་འཛོམས་དགོས་པའི་ཐུགས་རྒྱུད་ཀྱི་ཡོན་ཏན་བཅས་ལ་དཔྱད་པ་བཏང་ཡོད། མཇུག་མཐར་ཀྲུང་དབྱང་སྲིད་གཞུང་གིས་སྤྲུལ་སྐུ་ལམ་ལུགས་ཐད་ལ་བཅོས་པའི་སྒྲིག་ཁྲིམས་དང་། བོད་རང་གི་སྲོལ་རྒྱུན་གྱི་ངོས་འཛིན་ཚུལ་སོགས་ཞིབ་མོར་གླེང་ཡོད་དོ།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།