སྨུག་པོ། ཁོའི་དངོས་མིང་ལ་སྙིང་ལྕགས་རྒྱལ་ཟེར་ཞིང་། གཡེར་ཆུང་སྙིང་ལྕགས་རྒྱལ་དུ་ཡང་འབོད། ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་རྫ་དམར་གཡུ་མཚོའི་འདབས་རོལ་ནས་སྐྱེས། ད་ལྟ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་གཙོ་གཞོན་པའི་འགན་ཁུར་ཡོད། སློབ་ཆེན་གྱི་དུས་ནས་ད་ལྟའི་བར་དུ་སྙན་ངག་སོགས་བོད་རང་གི་རྩོམ་ཡིག་གང་མང་བྲིས་མྱོང་། ༼ཉི་འོད་འཚོལ་བ༽ཞེས་པའི་བརྩམས་སྒྲུང་དེ་ལ་སོགས༼སྦྲང་ཆར༽གཙོ་བྱས་པའི་དུས་དེབ་དང་ཚགས་པར་མང་པོར་བཀོད།
ཁོའི་སྙན་ངག་བརྩམས་ཆོས།
རྟིང་སྐུལ།
མགོ་བོ་དགྱེ་རོགས།
མིག་ཆུ་གཏོང་མི་སྲིད་པའི་ཁྱོད།
ཕྲག་ཏུ་བབས་པ་ནི་རྡོག་ཁྲེས་ག་ལ་ཡིན།
དེ་ནི་མ་འོངས་བ་སྟེ།
ལྗིད་ཏིག་ཏིག་གི་རེ་བ་དང་།
གསེར་མདོག་གི་སྟོན་ལྗོངས་གང་ཞིག་གི་གཡབ་མོ་མིན་ནམ།
མགོ་བོ་དགྱེ་རོགས།
མིག་ཆུ་གཏོང་མི་སྲིད་པའི་ཁྱོད།
མཚན་མོའི་གཉིད་ཀྱང་འཕྲོག་འགྲོ་བ་དེ་རྨི་ལམ་ག་ལ་ཡིན།
དེ་ནི་འཚོ་བ་དང་བྱ་གཞག་སྟེ།
སེམས་ཀྱིས་འཐགས་པའི་དར་ཚོན་སྣ་ལྔ།
བསམ་གཞིགས་ཀྱིས་བཞེངས་པའི་བར་སྣང་གི་ཕོ་བྲང་།
མགོ་བོ་དགྱེ་རོགས།
མིག་ཆུ་གཏོང་མི་སྲིད་པའི་ཁྱོད།
འཁོར་བའི་ནགས་ཀློང་དེའི་རྫོབ་ཅི་འདྲའི་མཐུག
མིག་ལ་མཛེས་པ་ཐམས་ཅད་པདྨ་ག་ལ་ཡིན།
དུག་ཚེར་ཅན་དེ་ལའང་ཡིད་འགུགས་མེ་ཏོག་ཟེར།
མགོ་བོ་དགྱེ་རོགས།
མིག་ཆུ་གཏོང་མི་སྲིད་པའི་ཁྱོད།
ལམ་གྱི་རིང་ཚད་སེམས་ཀྱི་རྒྱ་ཁྱོན་ཡིན་པས།
རྐང་སྣེ་རྡོ་ལ་ཐོགས་པའི་སེམས་ཁྲལ་གྱིས་ཅི་བྱེད།
མིག་གིས་རྒྱང་རིང་ལ་ལྟོས་དང་།
རང་ཉིད་ཀྱི་ཕ་མཐའ་རུ་བརྒལ་ན།
ཐར་བའི་ལམ་སྣ་རྙེད་པ་མ་ཡིན་ནམ།
སྤྱི་ལོ༢༠༡༡ལོའི་ཟླ༡༡ཚེས༢༩ཉིན།
- ༄༅།། རྗེ་བཙུན་བློ་གསལ་རྒྱ་མཚོ་དཔལ་བཟང་བོའི་རྣམ་ཐར།
- ༄༅།། རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ།
- ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་ངོ་སྤྲོད་མདོར་བསྡུས།
- ཧྥ་རན་སིའི་བོད་རིག་པའི་མཁས་པ་ཧྲི་ཐའེ་ཨན།
- སྐྱབས་རྗེ་དགེ་ཀྱཱ་རིན་པོ་ཆེ།
- ཕྱྭ་པ་ཆོས་ཀྱི་སེང་གེ
- དགེ་འདུན་ཆོས་འཕེལ་མཆོག
- རྒྱལ་དབང་ལྔ་བ་བློ་བཟང་རྒྱ་མཚོ་མཆོག
- དུང་དཀར་བློ་བཟང་འཕྲིན་ལས།
- སྐུ་ཞབས་སྡེ་རོང་ཚེ་རིང་དོན་གྲུབ།
དྲ་ཚིགས་འདིའི་པར་དབང་རྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་ལ་དབང་བས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག
青ICP备12000378号 QQ: 406771696