ཁྲི་སེམས་དཔའ།
རྩོམ་པ་པོ།  ཐོག     སྤེལ་དུས།  2012-12-18 02:05:57    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

                ཁྲི་སེམས་དཔའ།        ཁོའི་དངོས་མིང་ལ་ཚེ་རིང་བཀྲ་ཤིས་ཟེར་ཞིང་།       སྒོ་མེ་ཚེ་རིང་བཀྲ་ཤིས་སུ་ཡང་འབོད། ཁྲི་ཀ་རྫོང་དཀར་བརྗིད་ཡུལ་ཚོའི་སྒོ་མེ་གྲོ་ཞིང་ཁ་རུ་སྐྱེས། ད་ལྟའི་བོད་རང་གི་རྩོམ་རིག་གི་གར་སྟེགས་སུ་མིང་གྲངས་ཤིན་ཏུ་རྒྱས་ཡོད་ཅིང་།      ༼མཚོ་སྔོན་བོད་ཡིག་གསར་འགྱུར༽གྱི་རྩོམ་སྒྲིག་པའི་འགན་ཁུར་ཡོད།      ༼གངས་རྒྱན་མེ་ཏོག༽སོགས་དུས་དེབ་མང་པོ་ཞིག་གི་བྱ་འགུལ་ལས་བྱ་དགའ་མི་དམན་པ་རེ་བླངས་མྱོང་།        ཁོའི་བརྩམས་ཆོས་དེབ་ལ།        འབོལ་རྩོམ་དེབ༼བསམ་གཞིག་གི་ཁ་དོག༽དང་སྙན་ངག་དེབ༼དིང་གླིང་ཁེར་འབུད༽སོགས་ཡོད།

ཁོའི་སྙན་ངག་བརྩམས་ཆོས།

  ཉི་འོད་ལམ་ལམ་ཁྲོད་ཀྱི་ལྷ་ས།      ཟླ་འོད་བསིལ་བསིལ་ཁྲོད་ཀྱི་ལྷ་ས།
གྲོགས་པོ་ལགས།       ཁྱེད་རང་པོ་ཏ་ལའི་ཡང་རྩེར་འཛེགས་ཨེ་མྱོང་།
ཁྱེད་ཀྱིས་པོ་ཏ་ལའི་ཡང་རྩེ་ནས་རྒྱང་ལྟ་བྱས་ཨེ་མྱོང་།
ཉི་འོད་ལམ་ལམ་ཁྲོད་ཀྱི་ལྷ་ས་ལ། ཟླ་འོད་བསིལ་བསིལ་ཁྲོད་ཀྱི་ལྷ་ས་ལ།
ཁྱེད་ཀྱིས་སྙིང་གཏམ་ཅི་ཞིག་བརྗོད་སོང་།
                                      —ལྷ་སར་བྲིས་པའི་ཉིན་ཐོ་ལས་བཤུས།
                             1

ཉི་འོད་ལམ་ལམ་ཁྲོད།      ཟླ་འོད་བསིལ་བསིལ་ཁྲོད།
མཐོ་ས་ནས་མཐོ་སར་བསྙེགས་པའི་གནའ་བོའི་ཡུལ་གྲུ་ཞིག
བོད་པ་ཁྲི་ཕྲག་གི་ཐོད་པས་བཏེགས་ཤིང་།
བོད་པ་ཁྲི་ཕྲག་གི་སེམས་ཀྱིས་ཁུར་ནས། ཡུན་རིང་འགོར།
ཨ་ཕས་དེ་ནི་ཉི་མ་ལྷ་ས་ཡིན་ཟེར།
ལྷ་ཚོགས་ཀྱི་ཞིང་ནས་ཁྱོད་ཀྱིས་བདེ་སྐྱིད་མཐོང་ཐུབ་ཟེར།
ལྷ་ས། ལྷ་ས།ལྷ་ས་རུ་ངའི་མེས་པོ་ཚོའི་དད་འདུན་སྤུངས་ཡོད།
ཉེ་རིང་ཆགས་སྡང་སྤུངས་ཡོད།བྱམས་དང་སྙིང་རྗེ་སྤུངས་ཡོད།
ད་དུང་།ཟུངས་ཁྲག་དང་ཀེང་རུས། ནུས་མེད་ཀྱི་འཁུན་སྒྲ་སྤུངས་ཡོད་ཨང་།
ལྷ་ས།སྡོམ་རྒྱ་བཞིན་ཕྱོགས་བཞིར་འཐེན་པའི་གནའ་བོའི་ཁང་རྙིང་གི་གྲུ་ག་རེ་རེ་ན།
གསང་བ་བརྟོལ་བའི་དཀར་ཁུང་གི་མིག་ཟུང་གང་དུ་ཧད་ཡོད།
ལྷ་ས།ལྷ་ས་རུ། མཇལ་སྐོར་པའི་ལྷན་པ་ལེབ་མོ་དེས་ངའི་མཐོང་ལམ་བསྒྲིབས་ཤིང་།
པི་ཝང་དཀྲོལ་བཞིན་དཀྲོལ་བཞིན་འགྲོ་བའི་སྤྲང་བོ་དེས།
ང་ལ“བདེ་སྐྱིད”བསྟན་སོང་།
ལྷ་ས་རུ། ཟླ་ལྔ་པའི་ཉི་འོད་ཀྱིས་ང་ལ་བྱིལ་བྱིལ་བྱེད།
ལྷ་སའི་འཛེམ་དོགས་མེད་པའི་སྐྱག་སྦྲང་གི་ཚོགས།
བར་སྐོར་གྱི་གཅོང་རོང་དུ་འཕུར་གྱིན།
ང་ལ་ཞེ་མེར་བའི་མཛའ་གཞས་གཏོང་།
འདི་ནི་ལྷ་ས་ཡིན་ནམ།
 

ཉི་འོད་ལམ་ལམ་ཁྲོད་ཀྱི་ལྷ་ས། ཟླ་འོད་བསིལ་བསིལ་ཁྲོད་ཀྱི་ལྷ་ས།
ཁྱེད་ཀྱི་ལྐོག་གྱུར་དང་རྔམ་བརྗིད་མདུན་ནས།
ང་ནི་སྐྱིད་ཆུའི་ངོགས་སུ་ཡེངས་པའི་ཀོ་གྲུ་ཆུང་ཆུང་དེ་ལགས།
ངས་ཁྱེད་ལ་ཞེ་སྐྱོ་བའི་ཤུགས་རིང་འབྱིན།
ངས་ཁྱེད་ལ་བཀྲ་ཤིས་པའི་སྨོན་འདུན་ཞུ།
 

2

ཉི་འོད་ལམ་ལམ་ཁྲོད་ཀྱི། ཟླ་འོད་བསིལ་བསིལ་ཁྲོད་ཀྱི།
ཁེར་རྐྱང་མིན་པའི་ཁེར་རྐྱང་གི་ལྷ་ས་ཡ།
ཆང་སེར་གྱི་རྫ་ཁོག་ནང་ནུབ་པའི།
ཁྱེད་ཀྱི་ཁེར་རྐྱང་གི་ཉི་མ་དང་། ཁེར་རྐྱང་གི་ཟླ་བ།
པོ་ཏ་ལའི་ཡང་རྩེ་ནས་དུས་ལྟར་ཤར་ཡང་།
བཙན་པོའི་ཞབས་རྗེས་ལ་འགྲམ་པ་གླན་ནས།
ངས་ཁ་སང་གི་ནམ་མཁའ་དྲན་བྱུང་།
 

ནོར་བུ་གླིང་གར་སྦི་རག་མཆོད་པའི་ལྕམ་མོ་དེ་ལྷ་སའི་སྲས་མོ་ཡིན་ནམ།
པོ་ཏ་ལའི་ཐང་ཆེན་དུ་ཞོག་ཁོག་འཚོང་བའི་རྒན་མོ་དེ་ལྷ་སའི་བདག་མོ་ཡིན་ནམ།
བར་སྐོར་ན་ཟས་ལྷག་ལ་སྒུག་པའི་མུ་ཏོ་པ་དེ་ལྷ་སའི་མགྲོན་པོ་ཡིན་ནམ།
ལྷ་ས་ཡ། དེས་ན་ཨ་མདོ་ནས་བསླེབས་པའི་ཡུལ་གྱར་པ་ང་ཅི་ཞིག་ཡིན་ནམ།

གྲོགས་པོ་ཞིག་གིས། ལྷ་ས་ནི་ཕ་བོང་ཆེན་པོ་ཞིག་རེད་ཟེར།
ཕ་བོང་ལ་མིག་ཆུ་མེད་པ་ནི་བརྟན་ཞིང་བརླིང་པས་རེད་ཟེར།
གནམ་སྔོན་པོའི་འོག་དང་ཆུ་དྭངས་མོའི་འགྲམ་གྱི།
ལྷ་སའི་དེ་རིང་གི་སྐུ་དྲག་ཚོའི་ཁྲོད་ན།
ཕ་བོང་བཞིན་བརྟན་ཞིང་བརླིང་ལ། ཁ་སང་ལ་སེམས་ངོ་རྗེན་པར་སྟོན་པའི།
གཞུང་དྲང་གི། རྟུལ་ཕོད་ཀྱི། དཔའ་བོ་ག་ཙམ་ཡོད་ཨང་།
 

ཨེ་མ། མཐོ་ས་ནས་མཐོ་སར་བསྙེགས་པའི་གནའ་མཁར་གང་གིས་ཀྱང་།
ང་ལ་འདི་འདྲའི་སྤྲོ་བ་བསྐྱེད་མ་མྱོང་ལ། ན་ཟུག་ཀྱང་བྱིན་མ་མྱོང་།
ད་ནི་ངས་ཀྱང་མཆོད་བསྟོད་ཀྱི་རབ་ཁ་ནས་སྨོན་ཚིག་ཅིག་འབུལ།
ད་ནི་ངས་ཀྱང་སེམས་པ་མཚོན་པའི་ཁ་བཏགས་ཤིག་འཐེན།
ད་ནི་ངས་ཀྱང་མདུན་ལྗོངས་གསལ་བའི་མར་མེ་ཞིག་བསྒྲོན།
3

མཚོ་ཆེན་གྱི་བསླུ་བྲིད་བསྣུབས་ཤུལ་དུ།

དམར་པོ་རི་ད་དུང་རྔམ་བརྗིད་ངང་མཐོ་ཚད་ཅིག་ཏུ་འགྱིངས་ནའང༌།
ལྷ་ས་ལགས། ཁྱོད་མི་ངལ་ལམ། ཁྱོད་དངོས་གནས་ཨ་ཐང་ཆད་འདུག
ལོ་ངོ་སྟོང་ཕྲག་རིང་ཉི་འོད་ལམ་ལམ་དང༌། ཟླ་འོད་བསིལ་བསིལ་ཁྲོད།
ཁྱོད་རླུང་ནང་དུ་བརྡར། ཁྱོད་ཆར་ནང་དུ་སྦངས།

གདོང་ལ་རྒས་གཉེར་བབས་པའི་མདོ་སྨད་ཀྱི་ཨ་སྐྱོ་བ་ཞིག
བརྐྱངས་ཕྱག་འཚལ་གྱིན་ཁྱེད་ཕྱོགས་སུ་འོང་གིན་འདུག
དོར་མ་ཐུང་ཐུང་གྱོན་པའི་སི་ཁྲོན་གྱི་འཆལ་མོ་ཞིག
རླངས་འཁོར་ལ་བསྡད་དེ་ཁྱེད་ཕྱོགས་སུ་འོང་གིན་འདུག
སྐྲ་ལོ་ལྟག་གར་ཤད་པའི་དཔོན་པོ་ཞིག
གནམ་གྲུར་བསྡད་ནས་ཁྱོད་ཕྱོགས་སུ་འོང་གིན་འདུག
ལུས་ལ་བ་སྤུས་ཁེབས་པའི་ཕྱི་གླིང་བ་ཞིག
རྐང་འཁོར་ལ་ཞོན་ནས་ཁྱེད་ཕྱོགས་སུ་འོང་གིན་འདུག

ལྷ་ས་ཡ། ཁྱོད་ནི་ཆེས་དྭངས་གཙང་གི ཆེས་མཐའ་མའི།
མར་དྲི་དང་རྩམ་དྲི་འབོར་གྱིན་པའི་འཇིག་རྟེན་འཛོམས་ཁང་དེ་མ་ཡིན་ནམ།
 

4.
ཞག་ཆར་འཇམ་པོ་དེ། དྲན་པའི་བག་ལ་ཉལ་བའི་ལས་འགུལ་རྩུབ་པོ་ཞིག་དང་འདྲ་བར།
ཁྱོད་ཀྱི་ལྗན་ལྗིན་དང་ནག་ནོག་ཇི་ལྟར་བཀྲུས་ནའང༌།
ཤུལ་དུ་ལུས་པའི་བརླན་གཤེར་དང་སྙིགས་རོ་ནམ་ཡང་ཐོ་རངས་ལ་གསལ་བས།
རྡོ་ཚོགས་ཀྱི་རྨ་ཁ་འབྱིད་པའི་སེང་རས་གཙང་མ་ཞིག་གང་དུ་འཚོལ་ཨང༌།
ལྷ་སའི་སྒྱིད་ལུག་གི་གོམས་སྲོལ་དེ་ལྷ་སའི་དབུ་ལ་རན་པའི་ཞྭ་མོ་ཞིག་མ་རེད་དམ།
མནོ་བསམ་ལ་གཤོག་པ་བཙུགས་ཚེ། ཁྱོད་ཀྱིས་འདི་ལྟར་དྲན་ཡང་སྲིད།
ལྷ་སར་ཐེངས་གཅིག་ལོག་པ་ནི་ཕ་ཡུལ་དང་ཁ་འབྲལ་བ་དང་འདྲའོ།
ང་ཚོས་རྡོ་བའི་བརྟན་བརླིང་དང་ཨུ་ཚུགས་མཉམ་དུ་མྱོང་དུས།
ཉི་འོད་ལམ་ལམ་ཁྲོད་ཀྱི། ཟླ་འོད་བསིལ་བསིལ་ཁྲོད་ཀྱི།
ནམ་མཁའ་སྔོན་པོ་འདི་འཇའ་ཚོན་གྱིས་བསླེས་པའི་རས་ལེབ་ཅིག་དང༌།
སྤྲིན་པ་དཀར་པོ་འདི་རྫས་ལུད་ཀྱིས་བསྐྱངས་པའི་སྲིང་བལ་ཡུགས་གཅིག་མ་ཡིན་ནམ།

ལྷ་ས་ཡ།ད་དུང་ཡང་དར་ལྕོག་གི་བྱིན་རླབས་ཁྱོད་ཀྱི་རླུང་ཁ་ན་འབར་ཡང༌།
ཡིག་དྲུག་གི་དབྱངས་རྟ་ཁྱོད་ཀྱི་ཤར་རི་ན་འཕགས་ཀྱང༌།
གྲོགས་པོའི་སྙིང་གཏམ་ཁྱོད་ཀྱི་སེམས་ཁ་ནས་རུལ་གྱིན་འདུག
སང་ཉིན་གྱི་སང་ཉིན་ཁྱོད་ཀྱི་སྐོར་ལམ་ནས་ཡལ་གྱིན་འདུག

ལྷ་ས་ཡ། ཉི་འོད་ལམ་ལམ་ཁྲོད།ཟླའོད་བསིལ་བསིལ་ཁྲོད། ང་རང༌།
ཁྱོད་ཀྱིས་རང་ཉིད་བསྟོད་གླུ་དང་ཁ་གཡང་ཁྲོད་དུ་འབོར་བར་དོགས།

5
པོ་ཏ་ལའི་མཐོངས་སུ། བྱ་གླག་ཁེར་རྐྱང་ཞིག་གིས་ཉིན་གུང་གི་ཚ་གདུག་གྱོན་ནས།
གཤོག་ཟུང་འདར་འདར་ངང༌། མིག་ཟུང་རིག་རིག་ངང་ལྡིང་སྐོར་རྒྱག་གིན་འདུག
བྱ་གླག་གིས། གྲིབ་བསིལ་ཞིག་ལ་སྨོན་པ་ཅི་ལྟར་བཅངས་ནའང༌།
ཁོའི་མཐོང་ལམ་དུ་དབྱར་དྲུག་པའི་ཙད་ནག་འཁོལ་བྱུང༌། སྨིག་རྒྱུ་འཁོར་བྱུང༌།
ལྷ་ས་རུ་ངས་བྱ་གླག་དེའི་འཕུར་ཉེས་ཀྱི་གོ་རིམ་ཆ་ཚང་མཐོང་ནས།
ཉིན་གུང་གི་ཚ་གདུག་འོག ང་ཡང་ཁེར་རྐྱང་དུ་ལུས་སོང༌།

གླིང་སྐོར་དུ་ཡིག་དྲུག་འཁུར་བའི་རྡོ་ཚོགས་དང༌། དར་ལྕོག་མནབས་པའི་ལྗོན་པ།
མ་ཎི་འདོན་པའི་མཇལ་པ། སྐོར་བར་ཞུགས་པའི་དུད་འགྲོ།
ལྷ་སའི་ས་ཆུ་མེ་རླུང་སོགས་ཀྱང་ལྷ་ཚོགས་ཀྱིས་ཐུགས་ལ་བཟུང་ཡོད་ཨང༌།

ལྷ་ས་རུ་ལྷ་ཚོགས་ཀྱིས་བདག་གིར་བཟུང་བའི་གནམ་ས་རབ་རིབ་འདི་མཐོང་ཚེ།
ལོ་རྒྱུས་ཀྱིས་བོར་བའི་ངག་རྒྱུན་ཁྲོད་ཀྱི་ར་མ་དེ་ག་ལེར་ཡིད་ལ་འཁོར་ཞིང༌།
ར་མ་དེའི་བདག་མོ་ཡིད་ལ་འཁོར། བདག་མོ་དེའི་འཁྱེར་ཡོང་བའི་བདེ་སྐྱིད་ཡིད་ལ་འཁོར།
བཙན་པོ་དག་གི་གཡོ་སྒྱུ་ཁྲམ་གསུམ་ཡིད་ལ་འཁོར།
མཐའ་མཇུག་གི་ཉམས་དམས་ཀྱང་ན་ཟུག་དང་བཅས་ཡིད་ལ་འཁོར་འོངས་པས།
ཉི་འོད་ལམ་ལམ་ཁྲོད་ཀྱི་ལྷ་ས་རུ།ཟླ་འོད་བསིལ་བསིལ་ཁྲོད་ཀྱི་ལྷ་ས་རུ།
ང་ཚོས་མནོ་བསམ་གྱི་གཤོག་པ་ལྷོད་ནས།
ངག་མི་སྨྲ་བའི་བརྟུལ་ཞུགས་འཛིན་དགོས་སམ།

6
ལྷ་སའི་ས་སྲོས་ནི་ཉི་མ་དམར་པོ་ཞིག་རེད།
མིག་ལ་འཚེ་བའི་ཉི་མ་དམར་པོ་ཞིག་རེད།
ལྷ་སའི་མཚན་ངོགས་སུ་འབྱར་བའི་སྐར་ཚོགས་ཀྱང་རླུང་གིས་སྐྱོད་ཀྱིན་འདུག
མུན་པ་དང་མཉམ་དུ་རླུང་གིས་སྐྱོད་ཅིང༌། ང་ཚོར།
འཇིགས་རུང་གི་ཁ་ཕྱོགས་ཤིག་བསྟན་དང་སྟོན་གྱིན་འདུག

ལྷ་སའི་མཚན་མོར། ཁྱོད་ཀྱིས་རྒྱབ་ལྗོངས་ཡོད་ཚད་སྣང་མེད་དུ་བཞག་ཀྱང༌།
པོ་ཏ་ལ་དང་པོ་ཏ་ལའི་འདབས་ཀྱི་སྐྱིད་ཆུ་བཞིན་བཞུར་བའི་མོ་ཊའི་ཚོགས་ནི།
བྱང་ཐང་གི་རྩྭ་ཆུར་རོལ་བའི་ནོར་ནག་གི་བསྟར་ཕྲེང་ཇི་བཞིན།
ད་ལྟ་ལྷ་སའི་གནམ་གཤིས་དང་འཕྲོད་ཅིང༌།ལྷ་སའི་མི་ཚོགས་དང་གོམས་ནའང༌།
རོལ་དབྱངས་སང་སང་དང་གློག་འོད་ཆེམ་ཆེམ་དུ་འཕྲོ་བའི་ལྷ་ས་འདི།
འགྱུར་གྱིན་པའི་ལྷ་ས་གཞན་ཞིག་ལས།
རྒྱང་རིང་གི་པཱ་ལི་ཡིན་མི་སྲིད་ལ་ལུན་ཏུན་ཡང་ཡིན་མི་སྲིད།
ཁྱོད་ཀྱི་བར་སྣང་དུ་སི་ཁྲོན་གྱི་སྔོ་ཚལ་གཡོ་བའི་དྲི་མ་སྟུག་པོ་ཞིག་ཁྱབ་ཀྱང༌།
ལྷ་ས་ཡ། ཁྱོད་ནམ་ཡང་ཁྱེད་རང་ཉིད་ཡིན་དགོས་ཨང༌།

ཡུལ་མི་ཚོས་རེ་སྨོན་ལྷ་སར་སྐུར་གྱིན་འདུག
ཡུལ་མི་ཚོས་སྟོན་ཀ་ལྷ་སར་སྐྱེལ་གྱིན་འདུག
ཡུལ་མི་ཚོས་ཕུགས་བསམ་ལྷ་སར་བཅོལ་གྱིན་འདུག
……

ཉི་འོད་ལམ་ལམ་ཁྲོད་ཀྱི་ལྷ་ས།     ཟླ་འོད་བསིལ་བསིལ་ཁྲོད་ཀྱི་ལྷ་ས།
འབྱུང་འགྱུར་གྱི་ལྷ་ས་དངོས་དེ་ཡིན་པར་སྨོན།

                                                             2005ལོའི་ཟླ3པར།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།