དཔའ་ལུང་རྫོང་གི་རིམས་འགོག་དཔའ་མོ་ཆོས་སྐྱིད་སྒྲོལ་མ།
རྩོམ་པ་པོ།  གཡང་རྒྱལ་ཚེ་རིང་།    སྤེལ་དུས།  2020-04-09 20:18:25    རྡེབ་ཚད།     ཡོང་ཁུངས། ཀྲུང་གོའི་བོད་ལྗོངས།

  ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2020ལོའི་ལོ་འགོར་ཏོག་གསར་གློ་ཚད་བྱུང་རྗེས་སུ། མེ་རྫས་དང་མདའ་མདེལ་མེད་པའི་དམག་འཁྲུག་ཅིག་རྒྱག་འགོ་བརྩམས་བྱུང་། ཝུའུ་ཧན་ལ་རོགས་སྐྱོར་བྱེད་པའི་ཆེད་དུ། སྤྱི་ཟླ་2པའི་ཚེས་4ཉིན། མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་བོད་སྨན་ཁང་གི་ཏང་ཀྲི་པུའུ་ཡིས་སྨན་ཁང་ཡོངས་ཀྱི་སྨན་དོན་མི་སྣར་ཝུའུ་ཧན་ལ་རོགས་སྐྱོར་བྱེད་པར་འགྲོ་བའི་འབོད་སྐུལ་བཏང་ཞིང་། ཆོས་སྐྱིད་སྒྲོལ་མས་འཕྲལ་དུ་སྨན་ཁང་གི་འགོ་ཁྲིད་ལ་རང་ཉིད་ཀྱི་དམག་འཐབ་ཞུ་ཡིག་སྤྲད་པ་རེད།

  “ང་ནི་སྨན་ཞབས་མ་ཞིག་ཡིན་ཞིང་། མི་གཞན་པ་དང་བསྡུར་ན་ནད་པར་ཞབས་འདེགས་ཞུས་པའི་ཉམས་མྱོང་མང་པོ་ཡོད། ངས་ནད་ཡམས་ལ་འགོག་རྒོལ་བྱ་ཆེད་རང་གི་ནུས་པ་འབུལ་འདོད་ཡོད་པར་མ་ཟད། ང་ལ་རང་སྟེང་གི་ཆ་རྐྱེན་ཡང་མང་པོ་ཞིག་འཛོམས་ཡོད་པས། ངའི་བསམ་འཆར་འདི་ལ་འགོ་ཁྲིད་ཀྱིས་ངེས་པར་དུ་བསམ་བློ་གཏོང་རོགས”ཞེས་ཡར་ཞུ་བྱས། སྐབས་དེར་སྨན་ཁང་གི་འགོ་ཁྲིད་ཀྱིས་མོ་ལ་ཁྱིམ་མིའི་བསམ་ཚུལ་ག་འདྲ་ཡིན་པ་དྲིས་ཡོད་མེད་ཀྱི་སྐོར་ནས་དྲིས་དུས། མོས་བློ་ཐག་རྦད་ཆོད་ཀྱིས“ཁྱིམ་མིས་ང་ལ་རྒྱབ་སྐྱོར་བྱེད་ཤ་སྟག་ཡིན”ཞེས་བཤད། དེ་རྗེས་མོས་རང་སྲོག་གི་ཉེན་ཁ་ལ་མ་འཛེམ་པར་མཚོ་སྔོན་གྱི་ཝུའུ་ཧན་རོགས་སྐྱོར་སྨན་བཅོས་རུ་ཁག་གཉིས་པའི་རྗེས་འབྲངས་ཏེ། ཞུམ་པ་མེད་པའི་ངང་རིམས་ནད་འགོག་རྒོལ་གྱི་ལམ་བུར་བསྐྱོད་ནས་འཐབ་འཁྲུག་འདིའི་ནང་དུ་ཞུགས།


                                              དཔའ་བོ་ལུང་བའི་དཔའ་མོ། _____ ཆོས་སྐྱིད་སྒྲོལ་མ།

  ཧུའུ་པེ་རུ་ཏོག་གསར་གློ་ཚད་ཀྱི་གནས་བབ་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། ཧུའུ་པེར་རོགས་སྐྱོར་དུ་སོང་བའི་སྨན་བཅོས་རུ་ཁག་རྣམས་གོ་རིམ་ལྡན་པའི་ངང་ཕྱིར་ལོག་འགོ་བརྩམས་ཤིང་། ཉིན་43གྱི་རིང་དུ་འབད་པ་ཆེན་པོས་འཐབ་འཛིང་བྱས་པ་བརྒྱུད། ཝུའུ་ཧན་ལ་རོགས་སྐྱོར་བྱེད་དུ་སོང་བའི་མཚོ་སྔོན་གྱི་སྨན་བཅོས་རུ་ཁག་གཉིས་པས་ཀྱང་སྨན་བཅོས་དང་ནད་སྐྱོང་གི་འགན་འཁྲི་ཡོངས་སུ་འགྲུབ་སྟེ། ཟླ་3པའི་ཚེས་17ཉིན་བདེ་ལེགས་ངང་མཚོ་སྔོན་ཟི་ལིང་དུ་འབྱོར་བར་མ་ཟད། ཉིན14ཡི་རིང་དུ་ཟི་ལིང་ནས་ལོགས་བཀར་བྱས། ད་ལྟ་ཆོས་སྐྱིད་སྒྲོལ་མ་ལོགས་བཀར་གྱི་དུས་ཡུན་ལོངས་ཏེ་བདེ་འཇགས་ངང་ཕ་ཡུལ་དུ་འབྱོར་ནས་ཁྱིམ་མི་རྣམས་དང་ལྷན་འཛོམས་བྱུང་ཞིང་། གྲོང་མི་དང་ཁྱིམ་མི་རྣམས་ཀྱིས་དྲི་མེད་ཀྱི་ཁ་བཏགས་དཀར་པོ་བཟུང་ནས་སྤྲོ་སེམས་འཁོལ་པོའི་ངང་དཔའ་མོ་ཕྱིར་ཕ་ཡུལ་དུ་ལོག་པར་བསུ་བ་རྒྱ་ཆེན་པོ་བྱས།

                                   དཔའ་ལུང་རྫོང་བོད་སྨན་ཁང་གིས་དཔའ་མོ་ལ་བསུ་མ་བྱེད་བཞིན་པ།

དཔའ་མོ་གསང་བའི་སྟབས་ཀྱིས་གཡུལ་དུ་ཆས་པ།

  “སྐབས་དེར་ངས་བསམ་བློ་མང་པོ་ཞིག་མ་བཏང་། མི་འདི་འདྲ་མང་པོ་ཞིག་ལ་རིམས་ནད་འགོས་ཡོད་པ་མཐོང་དུས་སུ་ངའི་སེམས་ལ་ན་ཟུག་ཆེན་པོ་སྐྱེས་བྱུང་། རྒྱལ་ཁབ་དང་མི་དམངས་དཀའ་ཁག་ལ་འཕྲད་ན། སྨན་ཞབས་མ་ཞིག་ཡིན་པའི་ཆ་ནས་རང་ཉིད་ངེས་པར་དུ་མདུན་དུ་ལངས་དགོས། ངས་བསམས་པར་རང་ཉིད་ཀྱིས་ལག་ལེན་དངོས་ནས་མི་གཞན་པར་རོགས་རམ་བྱས་ནས་ཁོ་ཚོ་ནད་གདོན་ལས་ཐར་ཆེད་འབད་པ་བྱེད་ན། ཁྱིམ་མི་ཚོས་ང་ལ་རྒྱབ་སྐྱོར་བྱེད་ཤ་སྟག་ཡིན།” ཟླ་2པའི་ཚེས་4ཉིན། ཆོས་སྐྱིད་སྒྲོལ་མས་ཝུའུ་ཧན་ལ་འགྲོ་རྒྱུའི་སེམས་ཐག་གཅོད་དུས་སུ། མ་གཞི་རང་གི་ཁྱིམ་མི་ལ་དེའི་སྐོར་ནས་གཅིག་ཀྱང་བཤད་མི་འདུག མོའི་སེམས་སུ་ནད་ཡམས་སྔོན་འགོག་བྱ་རྒྱུ་ནི་མོའི་གཡོལ་དུ་མེད་པའི་འགན་འཁྲི་ཡིན་པས། དཀའ་སྡུག་གི་མདུན་དུ་དཔའ་ཞུམ་ནས་མགོ་བོ་སྒུར་མི་རུང་བར། ངེས་པར་དུ་རྒྱལ་ཁབ་དང་མི་དམངས་ཀྱི་བདེ་སྡུག་ལ་སྲུང་སྐྱོབ་བྱེད་དགོས་པར་འདོད།

  “འདི་ནི་ངའི་མི་ཚེའི་ཁྲོད་ཀྱི་གནམ་གྲུར་འདུག་ཐེངས་དང་པོ་ཡིན། ངའི་སེམས་སུ་གཅིག་ནས་འཚུབ་ཆ་ཆེན་པོ་ལངས་པ་དང་། གཉིས་ནས་སྐྲག་སྣང་ཡང་ཅུང་ཙམ་ཞིག་སྐྱེས་སོང་། འོན་ཀྱང་ཕ་ཡུལ་དང་བུ་ཕྲུག ཁྱོ་ག་བཅས་རྒྱབ་ཏུ་སྐྱུར་ནས་སོང་བས། སེམས་སུ་ཁོ་ཚོར་འོས་མེད་བྱས་སོང་སྙམ་པའི་འགྱོད་སེམས་ཤིག་དང་། ཝུའུ་ཧན་དུ་སླེབས་རྗེས་ཀྱི་བྱ་བའི་ཐད་ལ་སེམས་ཁྲལ་བྱས་ཏེ། ཆུ་ཚོད་གཉིས་ནི་སྐད་ཅིག་ཙམ་ལ་འདས་སོང་བའི་སྣང་བ་བྱུང་།” སྨན་བཅོས་བྱས་ནས་སྲོག་སྐྱོབ་པ་ནི་སྨན་དོན་མི་སྣ་ཞིག་གི་འོས་འགན་ཡིན་པ་དང་། མོ་རང་ཨ་མ་ཞིག་ཡིན་པའི་ཆ་ནས་རང་གི་བྱིས་པ་གཉིས་ལ་མིག་དཔེ་སྟོན་དགོས་ཤིང་། བོད་རིགས་བུ་མོ་ཞིག་གི་ཆ་ནས་རྒྱལ་ཁབ་དཀའ་ཁག་ལ་འཕྲད་དུས་སུ། མེས་རྒྱལ་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་བརྟན་པོ་ཡོད་དགོས་པ་མོའི་སེམས་སུ་གསལ་བོར་ཤེས་ཡོད།

                               ཆོས་སྐྱིད་སྒྲོལ་མས་ཝུའུ་ཁྲང་ཧྥང་ཚང་སྨན་ཁང་དུ་ལས་ཀ་སྒྲུབ་བཞིན་པའི་རྣམ་པ།

དཔའ་ངར་བསྐྱེད་དེ་ནད་དང་འཐབ་འཛིང་བྱས་པ།

  ཝུའུ་ཧན་དུ་འབྱོར་ཏེ་ཉིན་བཞིའི་རིང་ལ་གསོ་སྦྱོང་བྱས་རྗེས། ཟླ་2པའི་ཚེས་7ཉིན་ནས་བཟུང་། ཆོས་སྐྱིད་སྒྲོལ་མ་ཝུའུ་ཁྲང་ཁུལ་ཧྥང་ཚང་སྨན་ཁང་དུ་བཀོད་སྒྲིག་བྱས་ཏེ་དངོས་སུ་སྨན་བཅོས་ཀྱི་ལས་ཀའི་ནང་ཞུགས་བྱུང་། དུས་སྐབས་དེའི་རིང་ལ། མོའི་ལུས་སྟེང་དུ་དཀའ་སྡུག་གི་རྔུལ་ཆུ་གང་མང་ཞིག་བཞུར་ནས་གྱོན་ཆས་ཡོངས་སུ་སྦངས་མྱོང་ལ། སེམས་འགུལ་ཐེབས་པའི་མིག་ཆུས་མིག་གོང་རློན་པའང་བྱས་མྱོང་། “བྱ་བ་ཤིན་ཏུ་བྲེལ་འཚུབ་ཆེ་ལ། དཀའ་ཁག་དང་ཉེན་ཁའང་ཆེན་པོ་ཡོད་པ་རེད། སྐབས་སྐབས་སུ་འགོག་སྲུང་མིག་ཤེལ་རང་གི་གདོང་དབྱིབས་དང་མ་འཕྲོད་ཚེ། མིག་གོང་དང་མུར་གསང་ན་ནས་ཚ་བིར་བིར་བྱེད། འོན་ཀྱང་བདེ་འཇགས་ཀྱི་ཆེད་དུ་དེ་ངེས་པར་དུ་བཟོད་བསྲན་བྱེད་དགོས།” ཡིན་ནའང་། མོས་བཤད་རྒྱུར། ཧྥང་ཚང་སྨན་ཁང་གི་ནད་པ་དང་ལས་བཟོ་པ་དག་ནི། ཁྱིམ་ཚང་གཅིག་ལྟར་མཐུན་སྒྲིལ་གྱི་རྡོག་རྩ་གཅིག་ཏུ་སྒྲིལ་ཡོད་པ་རེད།

  “ཉིན་རྒྱུན་ལས་ཀ་ལས་ཚར་ནས་ཕྱིར་ཉལ་ཁང་དུ་ལོག་ཐེངས་རེར། སྒོ་ཁའི་སྲུང་སྐྱོབ་མི་སྣས་ང་ཚོར་གུས་འདུད་དང་བཅས‘ཁྱེད་ཚོས་དཀའ་ལས་མྱངས་སོང’ཞེས་བཤད་དུས། སེམས་སུ་དཀའ་སྐྱོ་ཟུང་འབྲེལ་གྱི་ན་ཟུག་ཆེན་པོ་ཞིག་ལངས་ནས་མིག་ཆུ་དབང་མེད་དུ་ཤོར་འགྲོ། ནམ་རྒྱུན་ང་ཚོས་འཚོ་བའི་མཁོ་ཆས་ཕར་སྐྱེལ་ཚུར་ལེན་བྱེད་པའི་སྐབས་སུ། སྨན་ཁང་ནང་གི་ནད་པ་རྣམས་ཀྱིས་ང་ཚོར་རོགས་རམ་བྱེད་སྲིད། ཐེངས་ཤིག་ལ་ང་ཚོས་ནད་པར་ལུས་དྲོད་འཇལ་དུས། སྨན་ཞབས་མ་ཞིག་གིས་འགོག་སྲུང་གྱོན་གོས་མཐུག་པོ་གྱོན་པས་འགྲོ་འདུག་སྟབས་མ་བདེ་བར་ལམ་གྱི་ཐེམ་སྐས་ཐོག་ནས་ཐང་ལ་འགྱེལ་བྱུང་། སྐབས་དེར་ནད་པ་ཞིག་གིས་སྐྱོ་ཉམས་དང་བཅས‘ངས་མོ་ཡར་སྐྱོར་འདོད་མོད། ཡིན་ནའང་ང་རང་ནད་པ་ཞིག་ཡིན་པས། ངས་རང་གི་ནད་དུག་མོ་ལ་འགོ་རྒྱུ་རེད་བསམ་ནས་སེམས་ཁྲལ་ཆེན་པོ་སྐྱེས’ཞེས་བཤད་དུས་སེམས་སུ་བཟོད་ལྷག་མེད་པའི་ན་ཟུག་དྲག་པོ་ཞིག་སྐྱེས་ཤིང་། ངེས་པར་དུ་སྨན་བཅོས་རོགས་སྐྱོབ་ཀྱི་འགན་འཁྲི་ཡོངས་སུ་མ་འགྲུབ་བར་དུ་ཕྱིར་མི་ལོག་པའི་དམ་བཅའ་བརྟན་པོ་བཞག

  ཟླ་གཅིག་ལྷག་ཏུ་འབད་བརྩོན་བྱས་པ་བརྒྱུད། ཟླ་3པའི་ཚེས་10ཉིན། ཝུའུ་ཁྲང་ཧྥང་ཚང་སྨན་ཁང་གི་ནད་པ་ཡོངས་དྲག་སྐྱེད་བྱུང་ནས་སྨན་ཁང་སྟོང་པར་གྱུར་ཞིང་། ཟླ་3པའི་ཚེས་17ཉིན། ཆོག་མཆན་ཐོབ་པ་བརྒྱུད། ཝུའུ་ཧན་ལ་རོགས་སྐྱོར་བྱེད་པའི་མཚོ་སྔོན་གྱི་སྨན་བཅོས་རུ་ཁག་གཉིས་པ་ཕྱིར་ལོག་རྒྱུའི་དུས་ཚོད་གཏན་འཁེལ་བྱུང་ཞིང་། ཐེངས་འདིར་ཝུའུ་ཧན་རོགས་སྐྱོར་བྱེད་པའི་ལས་འགན་བདེ་བླག་ངང་ཡོངས་སུ་འགྲུབ། ཟླ་4པའི་ཚེས་3ཉིན། ཁོ་ཚོའི་ལོགས་བཀར་གྱི་དུས་ཡུན་ལོངས་རྗེས། ཆོས་སྐྱིད་སྒྲོལ་མ་བདེ་ལེགས་ངང་ཕ་ཡུལ་དུ་འབྱོར་ཞིང་། ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་ཚོས་དཔའ་ལུང་རྫོང་གི“དཔའ་མོ”འདིར་སྣེ་ལེན་གཟབ་རྒྱས་བྱས་བྱུང་།

  “ངས་བསམ་ན་ང་ནི་ལས་ཅན་ཞིག་རེད། ཐེངས་རེ་རེའི་བྱ་བ་ལེགས་འགྲུབ་བྱུང་བ་ཧ་ཅང་བཟང་། ངས་འདི་ནས་རང་ཉིད་ལ་རྟག་ཏུ་རྒྱབ་སྐྱོར་བྱེད་པའི་ཕ་མ་སྤུན་མཆེད་དང་རང་གི་བཟའ་ཟླ་ལ་ཐུགས་རྗེ་ཆེ་ཞུ་འདོད། ཁོ་ཚོས་ང་ལ་རྒྱབ་སྐྱོར་ཆེན་པོ་བྱས་པས། ང་ལ་མུ་མཐུད་དུ་འབད་བརྩོན་བྱ་རྒྱུའི་ཆོད་སེམས་དང་སྤོབས་པ་རྒྱས་བྱུང་ལ། དེ་མིན་ངའི་གྲོགས་དང་སྤུན་ཟླ། སྤྱི་ཚོགས་ལས་རིགས་ཁག་གི་བརྩེ་ལྡན་མི་སྣ་དག་གི་རྒྱབ་སྐྱོར་དང་བརྩེ་བ་ཡོད་པས། ངས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བརྩེ་བའི་དྲོད་ཁོལ་ཚོར་ཞིང་། དེས་ང་ལ་སྔར་ན་མེད་པའི་བདེ་ཚོར་ཞིག་སྦྱིན་བྱུང་། ད་ལྟ་ངའི་སེམས་ཀྱི་རེ་བ་ཆེ་ཤོས་ནི་གྲོགས་པོ་ཚང་མས་རང་ཉིད་ཀྱི་ལུས་ཕུང་བདེ་ཐང་ལ་དོ་སྣང་ཡག་པོ་བྱས་ཏེ། དུས་རྒྱུན་ལུས་སྦྱོང་མང་ཙམ་བྱེད་པ་དང་། རང་ཉིད་ཀྱི་བཟའ་བཏུང་གི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པ་དེ་རེད། ལུས་ཕུང་བདེ་ཐང་ནི་ཡོད་ཚད་ཀྱི་མ་རྩ་རེད།”

                                                           ཡུལ་མི་རྣམས་ཀྱིས་མོ་ལ་དཔའ་དར་འཐེན་པ།

  གསར་འགོད་པས་ཆོས་སྐྱིད་སྒྲོལ་མའི་ཨ་ཕར་བཅར་འདྲི་བྱེད་དུས་ཁོང་གིས“གནམ་འོག་ཏུ་ཕ་མ་རང་གི་བུ་ཕྲུག་མི་གཅེས་མཁན་ཞིག་ཡོད་པ་མ་རེད། མོ་ཝུའུ་ཧན་དུ་འགྲོ་རྒྱུ་ཡིན་པ་ཐོས་རྗེས་སེམས་སུ་གྲིས་བསྣུན་པ་ལྟ་བུའི་ན་ཟུག་ཆེན་པོ་སྐྱེས་བྱུང་། ང་ཚོས་རང་གི་བུ་མོ་འདི་ཕྱིར་ཡོང་ཡོད་རྒྱུ་མ་རེད་བསམ་ནས་སེམས་སྡུག་ཚད་མེད་བྱས་ཤིང་། མོའི་ཨ་མས་མིག་ཆུ་བཏོན་ནས་སྐད་ཆའང་བཤད་མི་ཐུབ་པར་གྱུར་སོང་། འོན་ཀྱང་བྱ་ཐབས་གཞན་མི་འདུག བུ་མོས་སྔ་མོ་ནས་སེམས་ཐག་བཅད་འདུག མོའི་སྤོབས་པ་དང་ལ་རྒྱ་འདིས་ང་ལ་ང་རྒྱལ་དང་གཟི་བརྗིད་སྐྱེས་སུ་བཅུག་བྱུང་། ང་རང་རྒྱལ་ཁབ་ཀྱི་ནུས་པར་ཡིད་ཆེས་ཡོད་ལ། ཚན་རིག་གི་སྟོབས་ཤུགས་ལ་ཡིད་ཆེས་ཡོད། རྒྱལ་ཁབ་ལ་ང་ཚོ་མཁོ་དུས། ང་ཚོ་ཕྱིར་བསྣུར་གཏན་ནས་བྱེད་མི་རུང་། འདི་ནི་ང་ཚོའི་གདམ་གསེས་གཅིག་པུ་རེད། མོས་རང་ཉིད་ཀྱི་སྲོག་ལ་མ་འཛེམ་པར་ཚེ་སྲོག་དེ་བས་མང་པོ་ཞིག་སྐྱོབ་ཏུ་འགྲོ་བ་དེ་ནི་དགེ་བ་རྒྱ་ཆེན་པོ་བསགས་པ་ཡིན་པས། ངེད་ཁྱིམ་མི་རྣམས་ཀྱིས་མོ་དང་མོའི་འཐབ་གྲོགས་རྣམས་དང་། དེ་བཞིན་ནད་པ་ཡོངས་ནད་གདོན་ལས་ཐར་བར་སྨོན་ལམ་བརྒྱབ་པ་ཡིན”ཞེས་བཤད།

  ཆོས་སྐྱིད་སྒྲོལ་མ་དང་མོ་ལྟ་བུའི་གོས་དཀར་གྱོན་པའི་ལྷ་རྗེ་མང་པོ་ཞིག་གིས་རང་གི་གཅེས་པའི་སྲོག་ལ་མ་འཛེམ་པར་འགོག་སྲུང་གི་གཡུལ་ས་དང་པོར་བསྐྱོད་ཅིང་། རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་རྡོག་རྩ་གཅིག་སྒྲིལ་འོག མིག་སྔར་རང་རྒྱལ་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཚོད་འཛིན་ཡག་པོ་ཐེབས་ཡོད་པ་རེད། མོ་ནི་དཔའ་ངར་ཆེ་བའི་མདུན་བསྐྱོད་པ་ཡིན་ལ། ནད་ཡམས་ཀྱི་འཇིགས་སྣང་ལ་གདོང་གཏོད་མཁན་གྱི་ལྡོག་བསྐྱོད་པའང་ཡིན། མོ་རང་མཐོ་སྒང་དུ་ཡོད་ཀྱང་སེམས་པ་ཝུའུ་ཧན་ལ་འབྲེལ་ཡོད་པས། ཐེངས་འདིའི་བརྒྱུད་རིམ་འདི་ནི་མོའི་མི་ཚེ་ཁྲོད་རིན་ཐང་བྲལ་བའི་ཚེ་ནོར་དུ་འགྱུར་སྲིད།

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།