བཙུན་པོ་དོན་འགྲུབ་ཀྱིས་བརྩམས་པའི་དེབ་གསར་༼ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ།༽
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2015-03-30 21:08:43    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

[CropImg]1af67a39e6ee1db0f7521f677e27fcda.jpg

    དཔེ་མིང་། ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ།
    རྩོམ་པ་པོ། བཙུན་པོ་དོན་འགྲུབ།
    དཔེ་སྐྲུན་ཁང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
      《ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་དཔྱད་པ》ཞེས་པའི་དེབ་འདི་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ཤེས་རམས་པའི་སློབ་མཐར་ཕྱིན་ཏེ་སློབ་གྲྭ་དེ་གར་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པའི་དགེ་རྒན་བཙུན་པོ་དོན་འགྲུབ་ཀྱི་བརྩམས་ཆོས་ཐོག་མ་དེ་ཡིན་ཞིང་། ཁོང་རང་ཉིད་རྩོམ་རིག་ལ་དགའ་བའི་རྩོམ་པ་པོ་ཞིག་ཡིན་པ་དང་། ལྷག་པར་དུ་ཀྲུང་ཕྱིའི་རྩོམ་རིག་གཞུང་ལུགས་དང་། རྩོམ་རིག་ཐབས་ལམ་སྐོར་གྱི་དཔེ་དེབ་མང་པོ་བཀླགས་མྱོང་ཞིང་། རྒྱ་བོད་དབྱིན་གསུམ་གྱི་དཔེ་དེབ་དེ་དག་བཀླགས་རྗེས་ཀྱི་ཐོབ་བྱ་མང་པོ་སྤྱད་དེ་སྐུ་ཞབས་ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ཡོད་ཚད་ཞིབ་ཀློག་བྱས་ཏེ་ཁོང་གི་མི་ཚེ་དང་རྩོམ་རིག་གཉིས་ཀའི་ཐད་ནས་ཞིབ་འཇུག་གཏིང་ཟབ་བྱས་ཡོད་པར་མ་ཟད། རྩོམ་པ་པོ་བཙུན་པོ་དོན་འགྲུབ་ལགས་ཀྱིས་རིག་གནས་པའི་སྡེ་དང་། སློབ་གྲྭ་བའི་སྡེ། མི་སེར་དཀྱུས་མའི་སྡེ་སོགས་ཕྱོགས་གང་མང་ནས་ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་བཀླགས་ཏེ་མྱོང་ཟིན་དང་དཔྱད་གླེང་གང་མང་བྱུང་བའི་དཔྱད་འབྲས་དག་རྨང་གཞིར་བཟུང་སྟེ། ཞིབ་འཇུག་གི་ཐབས་ལམ་མི་འདྲ་བའི་ཐད་ནས་ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་ལ་སྤྱི་ཁྱབ་ཀྱི་དཔྱད་འཇོག་ཅིག་བྱས་ཡོད།
      དེབ་འདི་གཙོ་བོ་ལེའུ་བཞི་རུ་བགོས་ཤིང་། ལེའུ་དང་པོར་མི་ཚེ་དང་གསར་རྩོམ་ཞེས་ཚེ་རིང་དོན་གྲུབ་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་དང་རྩོམ་མཁན་གྱི་བསམ་བློ། རྩོམ་རིག་ལྟ་ཚུལ། གསར་རྩོམ་གྱི་འཕེལ་རིམ་བྲིས་ཡོད་པ་དང་། ལེའུ་གཉིས་པར་རྩོམ་མཁན་གྱི་རྣམ་འགྱུར་ཏེ། དངོས་ཡོད་དགག་བཞག་དང་དམངས་ཁྲོད་ཀྱི་མཛེས་དཔྱོད། ལོ་རྒྱུས་སྤྲོས་བརྗོད། གཤིས་རྒྱུད་མངོན་མཚོན་གསལ་བོར་བྲིས་ཡོད། ལེའུ་གསུམ་པར་རྩོམ་ཆོས་ཀྱི་དབྱེ་ཞིབ་སྟེ། རྩོམ་པའི་ཉམས་དང་། སྤྲོས་བརྗོད། རྩོམ་ཆོས་ཀྱི་ལྷད་སྐྱོན་བྲིས་ཡོད་ཅིང་། ལེའུ་བཞི་པར་གཤིབ་བསྡུར་གྱི་མཐོང་ལམ་སྟེ། ཚེ་རིང་དོན་གྲུབ་ཀྱི་སྒྲུང་གཏམ་དང་ཆི་ཁུ་ཧྥུ་ཡི་སྒྲུང་ཐུང་གི་བསྡུར་བ། 《མེས་པོ》དང་《ལོ་བརྒྱའི་ཁེར་ཧྲེང》གཉིས་ཀྱི་བསྡུར་བ། “དེང་རབས་ཀྱི་ཁྱད་ཆོས”སོགས་བྲིས་ཡོད་པ་དང་། མཇུག་མཐར་རྩོམ་པ་པོ་བཙུན་པོ་དོན་འགྲུབ་ལགས་ཀྱིས་སྒྲུང་གཏམ་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལ་བཅར་འདྲི་བྱས་པའི་ཟིན་ཐོ་རྣམས་རེ་རེ་བཞིན་བཀོད་ཡོད་པས། དེབ་འདི་ནི་བོད་ཀྱི་རྩོམ་རིག་གར་སྟེགས་སྟེང་གི་ཞིབ་འཇུག་ཁྱབ་ཁོངས་ལ་ཁ་སྣོན་གསལ་བོ་ཞིག་བརྒྱབ་པ་དང་། དེ་ནི་རྩོམ་རིག་ཐད་ཀྱི་ཞིབ་འཇུག་གཡུར་དུ་ཟ་བ་ཞིག་ཡིན་པ་སྨོས་མ་དགོས་སོ ། །

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།