མདོ་སྨད་ཁྲི་ཀའི་གསང་ཆེན་རྙིང་མ་བའི་ཆོས་འབྱུང་ཞེས་པའི་དེབ་ཅིག་ཐོན་འདུག
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2014-11-17 23:38:48    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

                                                  1.jpg    

      ༼མདོ་སྨད་ཁྲི་ཀའི་ལྗོངས་སུ་ཆེ་བ་དྲུག་ལྡན་དཔལ་གསང་ཆེན་སྔ་འགྱུར་རྙིང་མ་བའི་གྲུབ་མཐའ་རིན་པོ་ཆེ་ཇི་ལྟར་དར་བའི་ཚུལ་བརྗོད་པ་དཀར་གསལ་ཟླ་བའི་རང་མདངས་ཞེས་བྱ་བའམ༽ ཡང་ན་༼མདོ་སྨད་ཁྲི་ཀའི་གསང་ཆེན་རྙིང་མ་བའི་ཆོས་འབྱུང་།༽ཞེས་པའི་དེབ་ཅིག་པར་སྐྲུན་བྱས་འདུག
    དེབ་འདིའི་རྩོམ་པ་པོ་ནི་མདོ་སྨད་གནམ་རྫོང་ཞབས་དྲུང་བཞི་བའི་ཡང་སྲིད་ཐུབ་བསྟན་ནོར་བུ་རྒྱ་མཚོའམ་སྔགས་སྲས་འཇམ་དབྱངས་རིག་པའི་རྡོ་རྗེ་ཉིད་ཡིན་ཞིང་། ཁོང་བོད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་འབྲུག་སྟེ་སྤྱི་ལོ་༡༩༧༦ལོར་མདོ་སྨད་ཁྲི་ཀའི་ཤར་ཕྱོགས་རྫ་རྒན་ཨ་མྱེས་སྲིན་པོའི་ཉེ་འདབས་སུ་སེ་ཀྱཱ་ཞེས་འབོད་པའི་གྲོང་ཚོ་རུ་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་གྲུབ་མཐའ་འཛིན་པའི་ཁྱིམ་རྒྱུད་ཅིག་ཏུ་འཁྲུངས། དགུང་གྲངས་བཅུ་བཞིའི་སྟེང་སེ་ཀྱཱའི་དགོན་བཀྲ་ཤིས་དགེ་འཕེལ་གླིང་གི་རབ་ཏུ་བྱུང་། དགུང་གྲངས་བཅོ་ལྔའི་སྟེང་དཔལ་གསང་ཆེན་སྔ་འགྱུར་རྙིང་མ་བའི་ཆོས་སྡེ་ཆེན་པོ་འབའ་སེང་ཁྲིའི་ཆོས་སྒོར་ཞུགས། དགུང་གྲངས་ཉེར་གསུམ་སྟེང་དུ་འབབ་སེང་ཁྲིའི་ཆོས་གྲྭ་ཆེན་མོའི་མཁན་པོའི་ཆོ་ལོ་བསྩལ་བ་ནས་བཟུང་ལོ་བདུན་གྱི་རིང་ལ་རིག་གནས་འཛིན་གྲྭའི་སློབ་དཔོན་གྱི་འགན་ཡོངས་སུ་བཞེས་ཏེ་སློབ་བུ་མང་དུ་བསྐྱངས། དགུང་ལོ་སུམ་ཅུའི་སྟེང་དུ་སྐྱབས་རྗེ་བླ་མ་ར་སྤྲུལ་བཤད་སྒྲུབ་བསྟན་པའི་ཉི་མའི་བཀའ་ལུང་ལྟར་མདོ་སྨད་ཁྲི་ཀའི་ཅོག་རོང་གསང་ཆེན་སྒར་རམ་ར་རྒན་རིག་འཛིན་ཆོས་འཕེལ་གླིང་དུ་སྔ་འགྱུར་རིག་པ་འདོད་འཇོའི་གླིང་ཞེས་པའི་འཛིན་གྲྭ་ཞིག་བཙུགས་ཏེ། ཁྲི་ཀའི་ཡུལ་གྱི་སྔགས་འཆང་དག་གཙོས་ཕྱོགས་མེད་ཀྱི་སློབ་བུ་དག་ལ་ལོ་མང་པོར་ཆོས་དང་རིག་གནས་ཀྱི་སློབ་སྟོན་གནང་། དེ་ནས་དགུང་གྲངས་སོ་གཉིས་བཞེས་ཤིང་སྤྱི་ལོ་༢༠༠༧ལོར་ཨ་ཆུང་གནམ་རྫོང་དགོན་པའི་ཞབས་དྲུང་སྐུ་ཕྲེང་ལྔ་བར་དོན་གྱིས་ངོས་འཛིན་གནང་སྟེ་གོང་མའི་གདན་ས་དེ་རུ་ཆོས་དང་རིག་གནས་ཀྱི་ཁྲིད་རྒྱུན་བསྐྱངས་དང་སྐྱོང་མུས་སུ་བཞུགས་ལ། སྔ་རྗེས་སུ་ཁྲི་ཀ་དང་གཅན་ཚ་གཙོས་གྲོང་སྡེ་མང་པོར་ཕེབས་ཏེ་ཆོས་དང་རིག་གནས་ཀྱི་གོ་བརྡ་དང་དགེ་བསྐུལ་བཅས་ལའང་མཛད་རྗེས་བླ་མེད་བཞག 

                                                             2.jpg
      ཆོས་འབྱུང་འདི་དཔེ་དེབ་སྟོད་སྨད་གཉིས་དང་སྤྱིར་བསྡོམས་པའི་ལེའུ་བརྒྱད་ཡོད། སྟོད་ཆ་སྟེ་ལེའུ་ལྔའི་ནང་དུ་གཙོ་བོ་རྒྱ་གར་གྱི་ཐུབ་པའི་བསྟན་པ་ཇི་ལྟར་དར་ཚུལ་དང་སྒོས་སུ་གསང་སྔགས་སྔ་འགྱུར་རྡོ་རྗེ་ཐེག་པ་རྒྱ་གར་ནས་བོད་དུ་ཇི་ལྟར་བརྒྱུད་ཚུལ། དེ་མིན་སྐབས་སོ་སོའི་གྲུབ་ཆེན་དག་གི་རྣམ་ཐར་གསལ་བོར་བྲིས་ཡོད། ལེའུ་དྲུག་པ་ནས་བཟུང་མདོ་སྨད་ཁྲི་ཀའི་ཡུལ་དུ་གསང་ཆེན་རྙིང་མ་བ་དར་བའི་ལོ་རྒྱུས་ཞིབ་བར་གླེང་ཡོད། རྩོམ་པ་པོས་སྔགས་དགོན་དང་གནས་འགངས་ཆེན་གྱི་ལོ་རྒྱུས་འབྲི་དུས་ཀྱང་ཡུལ་དངོས་སུ་རྩད་གཅོད་དུ་བྱིན་ཞིང་། མཐར་རི་མོ་དང་ཡི་གེ་གཉིས་ཟུང་དུ་སྦྲེལ་ཏེ་ཞིབ་བར་ངོ་སྤྲོད་བྱས་ཡོད། དེ་བས་མདོ་སྨད་ཡུལ་དང་སྒོས་སུ་ཁྲི་ཀའི་ཡུལ་དུ་གསང་ཆེན་རྙིང་མ་བ་ཇི་ལྟར་དར་སྤེལ་བྱུང་བའི་ཐད་ལ་རྒྱུ་ཆ་གྱ་ནོམ་པ་མང་པོ་བསྩལ་ཡོད་ཅིང་། རྙིང་མའི་ཆོས་ལུགས་ལོ་རྒྱུས་སོགས་ལ་ཞིབ་འཇུག་བགྱི་མཁན་རྣམས་ལ་ཡང་རྒྱུ་ཆ་ཁུངས་བཙན་མང་པོ་མཁོ་སྤྲོད་བྱས་ཡོད།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།