༄༅།།དམངས་ཁྲོད་རྩོམ་རིག་ཁྲོད་ཀྱི་འདབ་ཆགས་བྱ་འགའི་ངོས་འཛིན་སྐོར་གླེང་བ།
རྩོམ་པ་པོ།  དཔལ་རྡོར་སྐྱབས།    སྤེལ་དུས།  2014-09-08 22:44:42    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

༄༅།།དམངས་ཁྲོད་རྩོམ་རིག་ཁྲོད་ཀྱི་འདབ་ཆགས་བྱ་འགའི་ངོས་འཛིན་སྐོར་གླེང་བ།
དཔལ་རྡོར་སྐྱབས།

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བོད་ཀྱི་དམངས་ཁྲོད་དུ་ཁྱབ་ཆེ་བའི་སྔ་རབས་ཀྱི་དམངས་གཞས་དང་བཤད་པ། གཏམ་རྒྱུད། དམངས་ཁྲོད་གཏམ་དཔེ་དང་གེ་སར་སྒྲུང་ལས་བྱུང་བའི་གཏམ་དཔེ། འདབ་ཆགས་མི་ཆོས་སུ་བཤད་པའི་བསྟན་བཅོས། བྱ་རིགས་སོ་སོའི་མངོན་བརྗོད་སོགས་གཞིར་བཟུང་ནས། གངས་རིའི་རིག་གནས་སུ་འདབ་ཆགས་བྱ་རིགས་མི་འདྲ་བ་སོ་སོའི་གཟུགས་དབྱིབས་དང་ཁ་དོག དེ་བཞིན་དེ་དག་གིས་མཚོན་པའི་རིག་གནས་ཀྱི་མཚོན་དོན་སོགས་ཀྱི་ཐད་ནས་ཅུང་ཙམ་གླེང་ཡོད།
བརྡ་ཆད་གཙོ་བོ། དམངས་ཁྲོད་རྩོམ་རིག འདབ་ཆགས། ངོས་འཛིན།
                                                  གླེང་སློང་བ།
      རང་རེའི་ཆོས་འབྱུང་སྔ་མའི་གྲས《བཀའ་ཆེམས་ཀ་ཁོལ་མ》ལས། འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ། ཤ་བ་ཕོ་མོ་ནི་བ་གླང་དུ་བཏུལ། རྒོ་བ་ཕོ་མོ་ལུག་ཏུ་བཏུལ། གླ་བ་ཕོ་མོ་ནི་རར་བཏུལ། རྐྱང་ཕོ་མོ་ནི་རྟར་བཏུལ། སྤྱང་གི་ཕོ་མོ་ནི་ཁྱིར་བཏུལ་ཏེ། རྨོ་བཀོལ་སོ་ནམ་དེའི་དུས་ན་བྱས། ཕྱུགས་ཀྱི་རྫི་སྐྱོང་ཡང་དེའི་དུས་ན་བྱུང་[བཀའ་ཆེམས་ཀ་ཁོལ་མ། ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན་པ། སྨོན་ལམ་རྒྱ་མཚོས་ཞུ་དག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས། སྤྱི་ལོ་༡༩༨༩ལོའི་ཟླ༩པར་དཔར་ཐེངས་དང་པོར་བཏབ། ཤོག་ངོས༩༧ནས༩༨པ།]ཞེས་འབྱུང་བ་བཞིན་ང་ཚོར་ད་ཡོད་ཀྱི་རྟ་ནོར་ལུག་གསུམ་གཙོ་བྱས་པའི་སྒོ་ཕྱུགས་རྣམས་རི་དྭགས་ནས་གཡུང་དྭགས་སུ་བཀུག་པའི་གོ་རིམ་མམ་སྒོ་ཕྱུགས་འཚོ་སྐྱོང་གི་སྲོལ་ཀ་ཕྱེས་བ་ནས། ཡངས་པའི་རི་སྒང་ན་ཅི་དགར་བག་ཕེབས་ཀྱིས་རྒྱུ་བའི་རི་སྐྱེས་སྲོག་ཆགས་ཀྱི་ཚོགས་ལ་ང་ཚོ་སྔ་མོ་ནས་འདྲིས་ཤིང་རྒྱུས་ཆེ་བར་ཕྱིན་ཡོད། དེ་ལ་རི་སྐྱེས་སྲོག་ཆགས་འདི་དག་ལའང་ཁ་ཟས་མི་འདྲ་བའི་ཐད་ནས་ཤ་གཟན་དང་རྩྭ་གཟན་ཞེས་རིགས་ཆེན་པོ་གཉིས་སུ་དབྱེ་ཞིང་། ཡང《རྒྱ་བོད་ཡིག་ཚང》ནང་གསལ་བ་ལྟར་ན“རི་དྭགས་དང་གཅན་གཟན་གྱི་དབྱེ་བ་ནི། ཆུ་འཐུང་ལུགས་ལ་འཛེད་དེ། རི་དྭགས་རྣམས་ཆུ་ལ་མཆུ་བཙུགས་ནས་ངོར་འཐུངས་བྱེད་པ། གཅན་གཟན་གྱི་རིགས་གང་ཡིན་པ་རྣམས། ལྕེས་འདགས་ནས་འཐུང་བའོ”[རྒྱ་བོད་ཡིག་ཚང་ཆེན་མོ། དཔལ་འབྱོར་བཟང་པོས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ་དྲུག་པའི་པར་ཐེངས་གཉིས་པ། འདི་ལས་དྲངས་པའི་ལུང་ཡིག་ཁག་ལ་མངོན་གསལ་གྱི་ཡིག་ནོར་ཁ་ཤས་ཡོད་ནའང་། མ་ཡིག་བཞིན་བསྐྱུར་ཡོད། ཤོག་ངོས༤༡༨པ།]ཞེས་བསྟན་ཡོད་པ་དང་། ཡང་དེ་ཉིད་ལས“ཕྱི་འབྲོག་བྱང་ཁའི་རི་དྭགས་ལ། ཞིབ་ཏུ་བརྟགས་ན་རིགས་དགུ་ལས་མེད་པར་བྱས་ཏེ། ཕོ་ར་མོ་ར་གསུམ་ནི། འབྲོང་དང་གཉན་དང་། སྣ་བ་གསུམ། ཕོ་ཡུ་ཕོ་ཡུ་གསུམ་ནི། རྐྱང་དང་། གླ་བ། རི་བོང་གསུམ། ཕོ་ར་མོ་ཡུ་གསུམ་ནི། ཤ་བ། རྒོ་བ། གཙོད་གསུམ། དེ་རྣམས་མ་ཡིན་པའི་རི་དྭགས། བྱང་ཁ་ན་མེད་ཟེར་བར་གདའོ། །”[རྒྱ་བོད་ཡིག་ཚང་ཆེན་མོ། དཔལ་འབྱོར་བཟང་པོས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ་དྲུག་པའི་པར་ཐེངས་གཉིས་པ། ཤོག་ངོས༤༡༧ནས༤༡༨པ།]ཞེས་རི་དྭགས་ལ་ནང་གསེས་སུ་རིགས་དགུ་ལས་མེད་པར་འདོད་པ་འདི་ནི་རི་སྐྱེས་སྲོག་ཆགས་སྐོར་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་ལས་བྱུང་བའི་སྡོམ་ཚིག་གལ་ཆེན་ཞིག་ཏུ་འདུག་ལ། རི་སྐྱེས་སྲོག་ཆགས་འདི་དག་གཡུང་ལ་མ་བཀུག་པའི་སྔ་རོལ་དུ། ང་ཚོས་གོས་སུ་ཤིང་ལོ་གྱོན་ཞིང་སྡོང་རྩ་དང་བྲག་སྐྱིབས་ཉུལ་བའི་དུས་སྐབས་ཤིག་བརྒྱུད་མྱོང་ཞིང་། དེ་ནས་རི་དྭགས་དང་གཡུང་དྭགས་ཀྱི་པགས་རིགས་སྣ་ཚོགས་ཆས་སུ་བཅོས་ནས་ཧ་ཅང་དམུ་རྒོད་དང་ཀླ་ཀློའི་དུས་སྐབས་རིང་མོ་ཞིག་ཀྱང་འགྲོ་བ་མིའི་རིགས་གཞན་མཐའ་དག་ཇི་བཞིན་བརྒྱུད་མྱོང་། དེའི་རྗེས་ཤར་རྒྱ་ནག་དང་ནུབ་ཏ་ཟིག ལྷོ་རྒྱ་གར་སོགས་དང་ཚོང་འབྲེལ་བྱུང་བར་བརྟེན་ཡུལ་དེ་གའི་གོས་རིགས་ནང་འདྲེན་དང་། དེ་ལ་སློབ་སྦྱོང་བྱས་ནས་བོད་ཀྱི་ཡུལ་ཟོག་དབུས་ཕྲུག་དང་སྣམ་བུ། ཐེར་ཕྲུག འབུ་རས་སོགས་ཐོན་སྐྱེད་བྱེད་ཐུབ་པ་བྱུང་བ་དང་། དེ་བཞིན་གོས་ཀྱི་འཚེམ་བཟོ་དང་རིང་ཐུང་། ཆེ་ཆུང་སོགས་དེ་ལ་དེ་བསྟུན་གྱི་བཟོ་རྩལ་ཕུལ་དུ་བྱུང་བ་ཐོན་ཡོད་པ་མ་ཟད། རིག་པའི་གཏེར་མཛོད་དུ་བྲིས་ནས་ཕ་ནོར་བུ་བརྒྱུད་ཀྱིས་ད་བར་མཐོང་ཆོས་སུ་གྱུར་ཡོད་པ་དཔེར་ན། གོས་ཀྱི་བཟོ་ཚུལ་ཀྱི་ཐད་དུ་“གོས་བཟོ་མི་རིགས་གང་བྱེད་ཀྱང་། །མཐོ་བརྒྱད་ཀུན་ལ་རིང་བ་ཡིན། །མཐོ་དྲུག་ཀུན་ལ་ཐུང་བ་ཡིན། །རང་མཐོ་བདུན་པོ་གོས་ཚད་ཡིན། །རྦ་བ་ཅན་ལ་མདུན་རིང་ཙམ། །དལ་སྒལ་ཅན་ལ་རྒྱབ་རིང་བ། །གཟུགས་མི་ལེགས་ལ་ཆག་ཚད་མེད། །ཞིགས་སྒོམས་སྣམ་བུ་གཅོད་པ་མ་སྔ་ཅིག །འཁྲོངས་པར་གྲོས་ལ་དམ་པོར་ཚེམས། །མཛེས་པའི་ཚེམ་ཁབ་ཞོགས་སུ་རྒྱོབ། །དམ་པའི་ཚེམ་ཁ་རྒྱབ་ཏུ་རྒྱོབ། །མགྱོགས་པའི་ཚེམ་ཁབ་མདུན་དུ་རྒྱོབ། །གཡས་པ་ཡས་དང་གཡོན་པ་མས་ནས་ཚེམ། །”[རྟ་མགྲིན་ཚེ་རིང་གིས་ལེགས་བསྒྲིགས་བྱས། འདབ་ཆགས་མི་ཆོས་སུ་བཤད་པ་རིག་པའི་གཏེར་མཛོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་ཟླ་༣པར་དཔར། ཤོག་ངོས༡༥༣པ།]ཞེས་པ་དང་། དེ་བཞིན་གཞན་འདོ་རིགས་རྟ་པོའི་བརྟག་ཐབས་སྐོར་ལའང་ཆེད་དུ་བསྟན་བཅོས་བརྩམས་ཡོད་པ་ལྟ་བུ་རེད། ཡིན་ཡང་འདིར་གླེང་བྱར་གྱུར་བའི་འདབ་ཆགས་བྱ་ཡི་རིགས་ལ་བརྟག་ཚུལ་དང་ངོས་འཛིན། དེ་ལས་འཕྲོས་པའི་རིག་གནས་ཀྱི་མཚོན་དོན་སོགས་ཀྱི་ཐད་ཆེད་རྩོམ་ད་སྔ་མ་མཐོང་ཞིང་། རང་རེའི་གཏམ་དཔེ་ལ་ཡང་། འདབ་ཆགས་བྱ་ཡི་ཕོ་མོ་མི་ཤེས་རུང་། །མགོ་ནག་མི་ཡི་རྣམ་འགྱུར་ལོས་ཤེས། །ཞེས་འདབ་ཆགས་བྱ་ཡི་རིགས་ནི་མཐོངས་བར་སྣང་ཡངས་པོར་ཅི་འགར་བསྒྱུར་ཅིང་བསྐྱོད་པས་ན་རྒྱུས་ཟབ་མོ་ལོན་རྒྱུ་ནི་ཅུང་ཁེགས་པའི་གནས་ཤིག་ཡིན་པ་འདྲ་མོད། ལོ་རྒྱུས་ཀྱི་ཡིག་ཚང་ཁ་ཤས་སུ“བཤུན་ནེ་མེད་པའི་སྐྲོང་གསུམ་སྟེ། བྱི་ལ། རི་བོང་། སྲེག་པ་གསུམ། མཁལ་མ་མེད་པའི་སྡིང་གསུམ་སྟེ། འཁྱུང་དང་། རྒོད་དང་། བྱ་རླག་གསུམ།”[རྒྱ་བོད་ཡིག་ཚང་ཆེན་མོ། དཔལ་འབྱོར་བཟང་པོས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ་དྲུག་པའི་པར་ཐེངས་གཉིས་པ། ཤོག་ངོས༤༡༨པ།]ཞེས་དང་། ཡང་དེ་ཉིད་ལས“བྱ་ཆེན་དང་། བྱིའུའི་དབྱེ་བ། མིག་ལ་བྱེད་དེ། ཆེ་བྱ་གང་ཡིན་པ་རྣམས་མིག་མས་འགེབས་ལ། མིག་ཟུར་ནས་འགེབས་པ་ཐམས་ཅད་བྱིའུ་ཆུང་ལ་གཏོགས་པར་བྱེད་དོ། །”[རྒྱ་བོད་ཡིག་ཚང་ཆེན་མོ། དཔལ་འབྱོར་བཟང་པོས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ་དྲུག་པའི་པར་ཐེངས་གཉིས་པ། ཤོག་ངོས༤༡༨པ།]ཞེས་པ་སོགས་ལས་ཀྱང་ཅུང་ཟད་རྟོགས་ཐུབ་པས་ན། གཤམ་དུ་བོད་ཀྱི་ཡུལ་ཁམས་སོ་སོའི་དམངས་གཞས་དང་། བཤད་པ། གཏམ་དཔེ། ལྷག་པར་དུ་སྔ་རབས་ཀྱི་འདབ་ཆགས་མི་ཆོས་སུ་བཤད་པའི་བསྟན་བཅོས། གཏམ་རྒྱུད། དམངས་ཁྲོད་ཀྱི་སྒྲུང་གཏམ་ཁག་གི་ནང་གང་ལ་གང་འཚམ་གྱིས་འདབ་ཆགས་བྱ་ཡི་ཕྱིའི་གཟུགས་དབྱིབས་དང་ཁ་དོག བྱེད་སྤྱོད་སོགས་ཀྱི་ཐད་ཞིབ་འབྲི་བྱས་པ་མི་ཉུང་བ་ཞིག་ཡོད་ལ། དེ་བཞིན་མི་རིགས་སོ་སོས་སྔ་མོ་ནས་རང་རང་གོམས་ལོབས་སུ་སོང་བའི་མཛེས་དཔྱོད་ཀྱི་ལྟ་བ་འདྲ་མིན་ལ་བརྟེན་ནས་བྱ་སོ་སོར་རིག་གནས་ཀྱི་མཚོན་དོན་མི་འདྲ་བ་རེ་བཞག་འདུག་པས་གཤམ་ནས་གོང་གི་ཡིག་རིགས་ཁག་ལས་ཅུང་མཐོང་མང་བའི་བྱ་རིགས་འགའ་བདམས་ཏེ་དེ་དག་གི་ཕྱིའི་གཟུགས་དབྱིབས་དང་རིག་གནས་ཀྱི་མཚོན་དོན་སོགས་ཀྱི་ཐད་ནས་རང་གི་གོ་བ་ཙམ་གླེང་རྒྱུ་ཡིན།
དང་པོ། འདབ་ཆགས་སྤྱིའི་ངོས་འཛིན།
འདིར་འདབ་ཆགས་སྤྱིའི་དབྱིབས་དང་ཁ་དོག་སོགས་ངོས་འཛིན་ཇི་ལྟར་ཡོད་པའི་སྐོར་ངོ་སྤྲོད་ཞུ་བ་ལ། སྤྱིར་འདབ་ཆགས་བྱ་ཡི་རིགས་ལ་ཤིང་ལ་བརྟེན་པ་དང་། བྲག་ལ་བརྟེན་པ། ཆུ་ལ་བརྟེན་པ་སོགས་རིགས་མི་འདྲ་བ་མང་པོ་ཡོད་རྐྱེན་གནད་དུ་ཐིང་བ་ཞིག་གླེང་ཁག་པོ་ཡིན་ཞིང་། བྱ་སྤྱིའི་མངོན་བརྗོད[མངོན་བརྗོད་ཐམས་ཅད་དེབ་འདི་ལས་བྱུང་། རིན་སྤུངས་ངག་དབང་འཇིག་གྲགས། མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན་ཞེས་བྱ་བ་བཞུགས་སོ།། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༤པའི་ནང་པར་ཐེངས་ལྔ་བ་དཔར།]་ཀྱི་མིང་གི་རྣམ་གྲངས་ཇི་ལྟར་ཡོད་པ་སོགས་ལ་ཞིབ་ཏུ་བལྟས་ན་ཆ་ཙམ་ཞིག་ཤེས་རྟོགས་ཐུབ་སྟེ། དཔེར་ན། བྱ་ལ་སྒོང་སྐྱེས་དང་གཉིས་སྐྱེས། ཚང་སྐྱེས་སོགས་ཀྱི་མིང་གི་རྣམ་གྲངས་བྱུང་བ་ལས་བྱ་རིགས་ཕལ་ཆེ་བ་དང་པོ་བྱ་མོའི་ཁོག་པ་ནས་སྒོ་ངའི་རྣམ་པར་སྐྱེས་པ་དང་། དེ་ནས་བྱ་མོས་ལུས་ཀྱི་དྲོད་སྦྱར་ནས་དུས་ཚོད་ངེས་ཅན་གྱི་ནང་གཞི་ནས་སྐྱེས་ཡོང་བས་སྒོང་སྐྱེས་དང་གཉིས་སྐྱེས་ཟེར་ཞིང་། དེ་བཞིན་བྱ་རིགས་སྐྱེས་པའི་དུས་ཚིགས་སུ་སླེབས་དུས་སྒོ་ང་གཏོང་སའི་དྲོད་འཇམ་དང་བདེ་འཇགས་ཀྱི་ཚང་ཞིག་ལས་དགོས་པ་སོགས་ཤེས་ཐུབ། གཞན་ཡང་བྱའི་རིགས་ལ་མཁའ་འགྲོ་དང་མཁའ་སྤྱོད། མཁའ་ལ་རྒྱུ། མཁར་ཉལ། མཁའ་བགྲོད། ལུས་མགྱོགས། འདབ་ལྡན། འདབ་མའི་ཤིང་རྟ་ཅན། ཡན་ལག་དྲུག་པ། ནམ་མཁའི་རྟ། སྒྲོ་ལྡན། འཕུར་འགྲོ འདབ་སྐྱོབ་སོགས་སུ་བཏགས་པའང་བྱ་སྤྱིའི་དབང་དུ་བྱས་ན་ནམ་མཁར་འཕུར་ཐུབ་པ་དང་། ནམ་མཁར་འཕུར་བ་དེའང་གཙོ་བོ་འདབ་མའམ་གཤོག་པར་བརྟེན་པ། དེ་བཞིན་མགོ་རྔ་དང་རྐང་པ་གཉིས། གཤོག་པ་གཉིས་བཅས་ཡན་ལག་དྲུག་དང་ལྡན་པའི་སྲོག་ལྡན་ཞིག་ཡིན་པ་སོགས་གསལ་བོར་རྟོགས་ཐུབ། གཞན་ཡང་འདབ་ཆགས་བྱ་རིགས་ཀྱི་སྡུག་བསྔལ་ལ“བྱ་ནང་འགྲོ་བ་གཅིག་པའི་ལུས་བླངས་ཚེའང་། །དང་པོར་སྡུག་བསྔལ་མངལ་དུ་ཡུན་རིང་བསྐྱངས། །དཀའ་བས་གནས་བཅས་བཙས་ཚེ་ཟས་བཅད་དེ། །ཤ་ཡི་དྲོད་སྦྱར་ཐ་མར་བརྡོལ་ཚེ་ཡང་། །སྡིག་བཅས་ཤ་ཐང་གིས་བཙལ་འཕངས་པའི་ཟས། །རང་གིས་ཟ་བར་མི་ནུས་ཐམས་ཅད་བྱིན། །འཇིགས་བཅས་གཤོག་མེད་ཤིན་ཏུ་དམར་བའི་ལུས། །ཉིན་མཚན་ཀུན་ཏུ་ངལ་དུབ་མེད་པར་བསྐྱངས། །”[སྟག་ཕུ་བ་བློ་བཟང་བསྟན་པའི་རྒྱལ་མཚན། བྱ་མགྲིན་སྔོན་ཟླ་བའི་གཏམ་རྒྱུད། ཤོག་ངོས༡༧༠པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་ཟླ་བ་༡༢པའི་ནང་དཔར། ཤོག་ངོས༡༧༠བ།]ཞེས་པ་ནི་ནང་བསྟན་གྱི་འགྲོ་བའི་སྡུག་བསྔལ་དང་སྦྱར་ནས་བྱ་རིགས་སྤྱི་དང་པོ་མངལ་ལ་འཁོར་བ་ནས་རྒུམ་བུ་རྒུམ་ནས་ཡར་བསྐྱངས་བའི་བར་གྱི་སྐྱེ་འཚར་གྱི་གོ་རིམ་ཆ་ཚང་བ་ཞིག་བསྟན་འདུག ཡང་འདབ་ཆགས་མི་ཆོས་སུ་བཤད་པའི་ཁྲོད་དུ་བྱའི་རིགས་གང་ལ་གཏོགས་ཀྱང་གལ་ཏེ་བྱ་སྤྱིའི་བཅས་ཁྲིམས་དང་འགལ་ན་མཆུ་འདུར་གཏོང་བའི་སྲོལ་ཀྱང་ཡོད་པར་བསྟན་འདུག ཡང་བྱ་རིགས་སྤྱིའི་འབྱུང་ཁུངས་ཐད་བོད་ཀྱི་ཡུལ་ཀུན་ཏུ་དང་པོ་བྱ་རིགས་བྱུང་ངམ་སྒོ་ང་བྱུང་ཟེར་བའི་རྩོད་གཞི་ཕུ་མེད་ཅིག་ཡོད་པ་དང་། འདིའི་སྐོར་ལ་ལྟ་ཚུལ་གཞན་ཞིག་ནི་ཨ་ལགས་དུང་དཀར་གྱི་གྲུབ་མཐའ་ནང་མུ་སྟེགས་ཚངས་པ་བ་གླེང་སྐབས“ལྷ་མ་ཡིན་གྱི་ཨ་མ་ལ་བརྟེན་ནས་ལྷ་མ་ཡིན་བྱུང་། ནམ་མཁའ་ལྡིང་ལ་བརྟེན་ནས་ཁྱུང་ལ་སོགས་པའི་བྱ་ཡི་རིགས་རྣམས་བྱུང་། ལྷ་ཚངས་པའི་ཁ་ནས་བྲམ་ཟེའི་རིགས་ཏེ་མི་བྱུང”[དུང་དཀར་བློ་བཟང་འཕྲིན་ལས། གྲུབ་མཐའི་སྐོར་གྱི་རྣམ་བཤད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡༠པར་པེ་ཅིན་དུ་པར་ཐེངས་༢པ་བརྒྱབ། མཇུག་བྱང་གི་ཤོག་ངོས༡༤པ།]ཞེས་བྱ་རིགས་ཐམས་ཅད་ནམ་མཁའ་ལྡིང་ཞེས་པ་ལས་བྱུང་བར་གསུང་པ་ལྟར་ན། རང་རེས་ཁྱུང་གི་མངོན་བརྗོད་ལ་ནམ་མཁའ་ལྡིང་ཟེར་བ་དེ་དང་འདིར་བརྗོད་པའི་ནམ་མཁའ་ལྡིང་གཉིས་སོ་སོར་ངོས་འཛིན་དགོས་པ་འདྲ། དེ་མིན་བྱ་རིགས་ཀུན་ལ་མཚོན་ན་བོད་ཀྱི་རྣལ་འབྱོར་བ་ཇི་བཞིན་ཟས་ཐུན་རེ་རེ་ནས་རེ་རེ་རྒུམ་ནས་ཕོ་བ་འགྲང་ཚད་ཙམ་ལས་དགུན་ཉལ་བྱེད་པའི་སྲོག་ཆགས་གཞན་ནང་བཞིན་ཡ་ཕུགས་སུ་གསོག་འཇོག་བྱེད་པའི་གོམས་སྲོལ་ཡེ་ནས་མེད་པ་འདྲ། དེ་ཡང“བྱ་ཐམས་ཅད་ནངས་ཟས་ནངས་འཚོལ། ནུབ་ཟས་ནུབ་འཚོལ། བྱ་རེས་ཁ་རེ་ལས་མི་ཕྱིད་པ་ཙམ་ན”[རྟ་མགྲིན་ཚེ་རིང་གིས་ལེགས་བསྒྲིགས་བྱས། འདབ་ཆགས་མི་ཆོས་སུ་བཤད་པ་རིག་པའི་གཏེར་མཛོད།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་༡༩༩༣ལོའི་ཟླ་༣པའི་ནང་དཔར། ཤོག་ངོས༩པ།]ཞེས་པ་ལས་རྟོགས་ནུས་ཏེ། ཡང་ན་འབུ་ཕྲན་རེ་རེ་རྒུམ་ཞོར་དང་འབུ་འདྲ་བ་རེ་རེ་གཏོང་ཞོར་དུ་ཉིན་གང་བོ་ཕར་འདས་པ་ན་ཕོ་བ་མི་ལྟོགས་པ་ཙམ་དང་རྟུག་པའང་བཏང་ནས་མ་ཚར་བ་ཙམ་ཡིན་ལས་ཆེ། གཞན་དམངས་ཁྲོད་ཀྱི་གཏམ་དཔེ“བྱ་ཕོ་མཛེས། མི་མོ་མཛེས”ཞེས་པ་ལས་འགྲོ་བ་མི་ཡི་རིགས་ལས་མོ་གཟུགས་མཛེས་ཤིང་། འདབ་ཆགས་བྱ་ལ་མཚོན་ན་ཕོ་ཡི་རིགས་གཟུགས་མཛེས་པ་བསྟན་ཡོད།
གཉིས་པ། བྱེ་བྲག་ཏུ་འདབ་ཆགས་འགའི་ངོས་འཛིན་སྐོར།
༡ ཁུ་བྱུག་སྔོན་མོའི་ངོས་འཛིན།

རང་རེའི་ཁ་རྒྱུན་ལ་དུས་རྒྱུན་ཁུ་བྱུག་སྔོན་མོ་ཞེས་ཁ་དོག་སྔོན་མོ་ཞིག་ཏུ་ངོས་འཛིན་པ་དང་། དེ་བས་ཀྱང་མགྲིན་སྔོན་ཟླ་བའམ་འགྲིན་སྔོན་ཅན་སོགས་ཀྱི་མིང་གི་བྱེ་བྲག་བྱུང་བ་ལས་བྱ་ཁུ་བྱུག་ནི་ལུས་མདོག་ཁྱོན་ཅུང་སྔོ་ཞིང་དེ་ལས་ཀྱང་མགྲིན་པ་སྔོ་ཤས་ཆེ་བ་ཤེས་ཐུབ། དེ་མིན་དམངས་རྩོམ་ལས་ཀྱང“ཤར་རྒྱ་གར་རི་ཡི་རྩེ་མོ་ལ། །དར་སྔོན་པོ་ཁ་གང་རླུང་གིས་བསྐྱོད། །དེ་དར་སྔོན་མ་རེད་བྱ་རྒྱལ་རེད། །བྱ་ཁུ་བྱུག་མོན་ལ་འཕུར་འགྲོ་རེད། །”[ཀུན་བཟང་རྒྱལ་མཚན་དང་ཟླ་བ་བཀྲ་ཤིས་ཀྱིས་བདམས་བསྒྲིགས་བྱས་པ། བོད་ཀྱི་དམངས་ཁྲོད་གླུ་དབྱངས་འདམས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ་༩པར་ཐེངས་དང་པོ་དཔར། ཤོག་ངོས༨༤པ།]ཅེས་པ་དང“བྱ་ཁུ་བྱུག་གཡུ་ཡི་སྒྲོ་གཤོག་ཅན། །བྱ་ཁྱོད་རང་བྱ་བརྒྱའི་ཡང་རྩེ་རེད། །ཤིང་ཤུག་པའི་བློ་རྩེ་ཁྱོད་ལ་གཏད། །སྐད་སྙན་པོ་སྒྱུར་ཤོག་ཁུ་བྱུག་བྱ། །”[ཀུན་བཟང་རྒྱལ་མཚན་དང་ཟླ་བ་བཀྲ་ཤིས་ཀྱིས་བདམས་བསྒྲིགས་བྱས་པ། བོད་ཀྱི་དམངས་ཁྲོད་གླུ་དབྱངས་འདམས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ་༩པར་ཐེངས་དང་པོ་དཔར། ཤོག་ངོས༡༡༨པ།]ཞེས་པའི་ཚན་པ་འདི་གཉིས་ལས་དར་སྔོན་པོ་དང་གཡུ་ཡི་སྒྲོ་གཤོག་ཅན་ཞེས་པ་ལས་ཀྱང་བྱ་ཁུ་བྱུག་གི་ལུས་མདོག་སྔོན་པོ་ཡིན་པ་བསྟན་ཡོད། དེ་མིན་བྱ་ཨ་ཚུལ་ཚུལ་ལ་ཚུལ་དགུ་བརྩི་བའི་ནང་ཡང་ “ཁུ་བྱུག་གོས་སྔོན་གོན་ལེ་བཙུན་མོའི་ཚུལ”[ཁམས་པའི་གཏམ་དཔེ་གཅེས་བཏུས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཡུལ་ཤུལ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་འཚོལ་སྡུད་དང་དག་སྒྲིག་བྱས། ༡༩༩༢ལོའི་ཟླ༡པོའི་པར་ཐེངས་གཉིས་པ། ཤོག་ངོས་༦༤༢]ཞེས་སྔོན་མོ་ཞིག་ཏུ་ངོས་འཛིན་ཅིང་། ཡང་དཔྱིད་ཀྱི་ཕོ་ཉ་དང་འདོད་པའི་ཕོ་ཉ་སོགས་ཀྱི་མིང་བཏགས་པ་ལས་བྱ་ཁུ་བྱུག་ནི་དཔྱིད་ཀའི་དུས་སམ་འདོད་ལྡན་གྱི་དུས་ལ་མ་གཏོགས་མི་གྲག་པའི་བྱ་ཞིག་གམ། མ་མཐའ་ཡང་བོད་ཡུལ་དུ་དཔྱིད་ཀའི་དུས་སུ་གྲག་པ་དང་། དེ་བཞིན“བྱ་ཁུ་བྱུག་སྔོན་མོ་མོན་གྱི་བུ། །དུས་མདའ་སྒྲོ་ཆར་གྱི་བསུ་མ་བྱུང་། །གནས་ཐང་རེ་མི་འགྱུར་ཀ་མེད་རེད། །སྐད་སྙན་མོས་རི་ལུང་བཀང་ལེ་དགོས། །དབྱར་སྤང་ལྗོངས་མེ་ཏོག་བཀྲ་བའི་དུས། །སྐྱིད་བསམས་ཀྱང་སྡོད་དབང་མེད་ཀྱང་སྲིད། །འགྱོད་སེམས་ཁུ་བྱུག་ཁོ་ལ་མེད། །”[ལི་ཝུའུ་དབྱང་དང་ལས་དང་ལེན་གྱིས་འདེམ་སྒྲིག་བྱས་པ། གླིང་སྒྲུང་གི་གཏམ་དཔེ་གཅེས་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ལོའི་ཟླ་༩་བ། ཤོག་ངོས༤༠༤པ།]ཅེས་པ་ལས་ཀྱང་དཔྱིད་ཚེས་ནས་ཡུན་རིང་མ་འགོར་བར་ཕྱིར་ལྷོ་ཕྱོགས་མོན་ཡུལ་དྲོད་ལྡན་གྱི་ཡུལ་ཁམས་སུ་འཕུར་འགྲོ་བ་བསྟན་ཡོད། དེ་མིན་གཞན་གྱིས་གསོས་དང་གཞན་གྱིས་རྒྱས། བྱ་རོག་གསོས་སོགས་ཀྱི་མིང་གི་རྣམ་གྲངས་ལས་ཁུ་བྱུག་ནི་བྱ་གཞན་གྱིས་གསོས་ནས་ལག་ཆགས་པ་ཡིན་པ་ཤེས་ཐུབ། དེ་སྔོན་ཡུལ་མི་རྒན་རབས་ཚོའི་གསུང་སྒྲོས་སུའང་། བྱ་ཁུ་བྱུག་གིས་སྒོ་ང་གཏོང་རན་དུས་ནགས་ཁྲོད་དུ་ཁོ་རང་ཁྲ་ཡིན་མདོག་གིས་ཤུགས་ཀྱིས་གང་སར་འཕུར་བ་ན། བྱ་གཞན་དག་གིས་བྱ་ཁྲ་སླེབས་པ་རེད་སྙམ་ནས་ཕྱོགས་སུ་བྲོས་ཤུལ་དུ་བྱ་དེ་དག་གི་ཚང་ནང་སྒོ་ང་བཏང་རྗེས་བསྐྱུར་ནས་བུད་འགྲོ་བར་བཤད་པ་དེའང་བདེན་ཤས་ཆེ། ཡང་ངག་སྙན་དང་དབྱངས་སྙན། ལྔ་པའི་དབྱངས་དང་སྤྲང་རྩིའི་སྒྲ་སོགས་པའི་མིང་གི་རྣམ་གྲངས་བྱུང་བ་ལས་བྱ་ཁུ་བྱུག་ནི་སྐད་སྙན་མོའམ་མི་རྣམས་ཀྱིས་ཐོས་ན་དགའ་བ་བསྐྱེད་པའི་སྐད་སྒྲོག་ནུས་པ་ཞིག་ཡིན་པ་ཤེས་ཐུབ། དེ་མིན་སྔ་རབས་ཀྱི་བསྟན་བཅོས་ཁག་གི་མཚན་བྱང་འདོགས་སྲོལ་ལས་ཀྱང་དཔེར་ན། རྒྱལ་དབང་ལྔ་བའི་རྒྱལ་རབས་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལྟ་བུར་མཚོན་ན་ལོ་རྒྱུས་རྒྱལ་རབས་གྲགས་ཅན་ཞིག་ཡིན་པ་མ་ཟད། རྗོད་བྱེད་ཀྱི་འགྲོས་ཚིགས་བཅད་ཀྱི་སྒོ་ནས་སྤེལ་ཡོད་པས་ཀུན་གྱིས་ཚིག་གི་ཉམས་དང་མཛེས་པའི་ཕྱོགས་ལ་གཞོལ་བ་ཅུང་ཐལ་ཚུལ་ཡང་གླེང་རྒྱུ་ཡོད་པ་ལྟ་བུ་རེད། དེ་མིན༡༩༩༦ལོར་མཚོ་སྔོན་ནས་དཔར་བའི་བོད་ཀྱི་དམངས་རྩོམ་ཁུ་བྱུག་མགྲིན་གླུ་ཞེས་པར་མཚོན་ནའང་དམངས་རྩོམ་ཆུ་ལྟར་བཞུར་བ་དག་བྱ་ཁུ་བྱུག་གི་མགྲིན་གླུར་དཔེ་བཞག་ཡོད་པ་ལྟ་བུ་རེད། དེ་བཞིན་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ལས་ཀྱང་ཁུ་བྱུག་གི་སྐད་ཀྱི་གྲག་ཚུལ་ཀི་ཀོ་ཀི་ཀོ་ཞེས་ལན་མང་བྲིས་ཡོད་པ་འདི་དག་ཀུན་ལས། བྱ་ཁུ་བྱུག་གི་སྐད་ནི་སྒྲ་སྙན་ཤོས་དང་འཇེབས་ཤོས་སུ་བརྩི་ཞིང་དེའི་དཔེ་ཟླར་འདྲེན་བྱེད་ཅིག་ཏུ་གྱུར་ཡོད་པ་ཤེས་ཐུབ། གཞན་ཡང་། “གྲེ་འགྱུར་འགྱུར་ཁུགས་འཛོམས་པའི་བྱ་ཞིག་སྟེ། །ཡར་ཀླུང་ཁུ་བྱུག་སྔོན་མོ་ཆས་ནས་ཡོད། །ཁུ་བྱུག་གསུང་སྐད་མ་ངོམ་ལོག་རྒྱུ་མིན། །ཁུ་བྱུག་གསུང་སྐད་ངོམས་ནས་ལོག་རྒྱུ་ཡིན། །ཁུ་བྱུག་ལོག་ས་ལྷོ་མོན་མཐིལ་དུ་ཡིན། །”[ཀུན་བཟང་རྒྱལ་མཚན་དང་ཟླ་བ་བཀྲ་ཤིས་ཀྱིས་བདམས་བསྒྲིགས་བྱས་པ། བོད་ཀྱི་དམངས་ཁྲོད་གླུ་དབྱངས་འདམས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ་༩པར་ཐེངས་དང་པོ་དཔར། ཤོག་ངོས༥༦པ།]ཞེས་པ་ལས་ཀྱང་རབ་བཏགས་ཀྱི་སྒོ་ནས་བྱ་ཁུ་བྱུག་གི་གསུང་སྐད་ཤིན་ཏུ་སྙན་པ་དེ་བརྗོད་ཡོད། བྱ་ཁུ་བྱུག་གི་མངོན་བརྗོད་དུ་ནགས་ན་དགའ་ཞེས་པ་ལ་དམངས་རྩོམ་ལས“བྱ་ཁུ་བྱུག་ངེད་གཉིས་གཏམ་ཁ་ལ། །ཤིངཤུག་པའི་རྩེ་ལ་སྒུག་ཆད་ཡིན། །ཡོང་སྔ་ཕྱི་བྱུང་ན་སྒུག་ཆད་ཡིན། །སྐད་གསུང་སྙན་ང་ལ་གཡར་ཆད་ཡིན། །”[སྤེན་པ་ཆོས་གྲགས་ཀྱིས་བསྡུས། སྡེ་དགེའི་དམངས་གླུ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོའི་ཟླ་༥བའི་པར་ཐེངས་དང་པོ། ཤོག་ངོས༣༡པ།]ཞེས་པ་ལས་སྡོད་ཡུལ་ནགས་ཀྱི་ཤིང་སྡོང་སྟེང་གནས་བཅས་ཡོད་པ་དང་རླུང་གཡུག་དུས་བྱ་ཚང་ཐོར་ལུགས་ཀྱི་ཉེན་ཁ་ཡོད་པས“རླུང་སྐྱི་བསེར་ཐོན་དུས་ཁུ་བྱུག་སྐྱོ”[ལི་ཝུའུ་དབྱང་དང་ལས་དང་ལེན་གྱིས་འདེམ་སྒྲིག་བྱས་པ། གླིང་སྒྲུང་གི་གཏམ་དཔེ་གཅེས་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ལོའི་ཟླ་༩་བ། ཤོག་ངོས༢༩༠པ།]ཟེར་བ་རེད། གཞན་ཁུ་བྱུག་གིས་ཁ་ཟས་སུ་བྱ་གཞན་དང་འདྲ་བར་གཙོ་ཆེར་འབུ་རིགས་ཟ་བཞིན་ཡོད་པ་དཔེར་ན“བྱ་ཁུ་བྱུག་ཟེར་དུས་དགའ་མོ་མ། །འབུ་ནག་འཐུས་བྱེད་དུས་སྡུག་མོ་མ། །”[གར་གྱི་ཉི་མས་བདམས་བསྒྲིགས་བྱས། བོད་ཀྱི་ཁ་དཔེའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ལོའི་ཟླ༡༠བར་དཔར། ཤོག་ངོས༢༩༨པ།]ཞེས་པ་ལྟ་བུ་དང་། གཞན་བོད་མི་ཀུན་གྱི་ངག་རྒྱུན་ལ་ཁུ་བྱུག་གིས་གནམ་ཆུ་ཁོ་ན་འཐུང་བར་བཤད་དོ། །
༢ གསེར་བྱ་ངང་བའི་ངོས་འཛིན།
བྱ་ངང་བའི་ཕྱིའི་ལུས་ཀྱི་ཁ་དོག་མི་འདྲ་བའི་དབང་གིས་ངང་དཀར་དང་ངང་སེར་ཞེས་རིགས་ཆེན་པོ་གཉིས་སུ་དབྱེ་ཞིང་། བྱ་ངང་བ་ནི་ལུས་བོངས་ཆེ་བ། མདོག་དཀར་བ། མཚོ་ལ་གནས་པ་དང་། གཙོ་བོ་ཡུལ་བབས་ཅུང་དྲོ་སར་གནས་པའི་རིགས་ཤིག་ཡིན། བྱ་ངང་བ་དཀར་པོ་ལ་དྲ་བའི་རྐང་ལྡན། འཁོར་ལོའི་ཡན་ལག འཁོར་ལོ་ཅན་སོགས་ཀྱི་མིང་གི་རྣམ་གྲངས་བྱུང་བ་ལས་ངང་བའི་རྐང་སོར་དྲ་བས་སྦྲེལ་ཡོད་པ་དབྱིབས་ཀོར་ཀོར་འཁོར་ལོ་ལྟ་བུ་ཞིག་ཡིན་པ་ཤེས་ཐུབ་ཅིང་། ཕྱོགས་གཞན་ཞིག་ནས་རྐང་སོར་དྲ་བས་སྦྲེལ་པ་འདི་ལས་ཆུར་གནས་ཀྱི་སྲོག་ཆགས་ཤིག་ཡིན་པའང་གསལ་བོར་བསྟན་འདུག དཔེར་ན་དུས་རྒྱུན་ཆུར་གནས་ཀྱི་སྤལ་བ་དང་རུས་སྤལ། ཆུ་བྱ་སྐེ་རིང་སོགས་བྱ་དང་སྤལ་སྲིན་གྱི་རིགས་མང་པོ་ཞིག་ཆུར་རྐྱལ་བདེ་བའི་ཆེད་རྐང་ལག་གི་སོར་བར་དྲ་བས་སྦྲེལ་ཡོད་པ་ལྟ་བུ་རེད། གཞན་ཡང་མ་དྲོས་གནས་དང་མཚོའི་བྱ་ཞེས་པའི་མིང་གི་རྣམ་གྲངས་ལས་བྱ་ངང་བ་ནི་དུས་རྒྱུན་མཚོ་དང་མཚེའུར་གནས་པ་ཤེས་ཐུབ། གོང་དུ་ཞུས་པ་བཞིན་ངང་དཀར་ནི་གཟུགས་བོངས་ཆེ་བ། དུས་རྒྱུན་མཚོར་གནས་པའི་དྲོད་ཁུལ་གྱི་བྱ་ཞིག་ཡིན་པས་མིང་གི་རྣམ་གྲངས་ལ་མཁའ་ལྡིང་དཀར་པོའང་ཟེར། ངང་སེར་ནི་ལུས་བོངས་ཆུང་བ། བོད་ཡུལ་གྱི་མཚེའུ་དང་ན་ཁུག་སོགས་སུ་དུས་རྒྱུན་མཐོང་ཐུབ་ཅིང་། འདམ་ཆུ་དང་འདམ་རྩྭ་ཟས་སུ་བསྟེན་ཞིང་དུས་རྒྱུན་ཆ་སྡེབ་ནས་འཚོ་བའི་བྱ་ཞིག་ཡིན། བོད་པའི་ངག་རྒྱུན་ལ་སྡེར་མོ་ཅན་གྱི་རྩྭ་གཟན་གསུམ་བགྲང་བའི་ཁྲོད་དུའང་ངང་བ་སེར་བོས་འདམ་རྩྭ་ཟ་ཟེར་བའང་དུས་རྒྱུན་འདམ་ན་གནས་ཤིང་ཨག་འགྱུར་སྒྲོག་བཞིན་པའི་བྱ་ངང་བ་སེར་བོ་སྟེ་ངུར་བ་ལ་གོ་དགོས། དེ་བཞིན་ངང་བ་སེར་བོ་ནམ་རྒྱུན་གཉིས་གཉིས་སུ་འགྲོགས་ནས་ཨག་འགྱུང་ལྷང་ངེར་འགྲོ་བས་ན་གཉིས་གཉིས་སྤྱོད་དང་འདོད་པ་ལྡན་སོགས་ཀྱི་མིང་གི་རྣམ་གྲངས་བྱུང་བ་དང་། ཉིན་མོར་ཆ་སྡེབ་ནས་འགྲོ་ནའང་མཚན་མོར་རང་རང་ལ་ལོག་སའི་ཚང་མལ་རེ་ཡོད་པའི་དབང་གིས་མཚན་མོ་འབྲལ་ཞེས་ཀྱང་འབོད། དེ་བཞིན་ངུར་བ་ནི་ལུས་ཡོངས་སེར་པོ་ཡིན་པས་འདབ་ཆགས་གསེར་ལྡན་ཞེས་པའི་མིང་གི་རྣམ་གྲངས་དང་། དམངས་གླུ་ལས་ཀྱང“རྒོད་ཐང་དཀར་དུང་གི་སྒྲོ་ཐུལ་ཅན། །བྱ་ངང་བ་གསེར་གྱི་ཆོས་གོས་ཅན། །”[ཀུན་བཟང་རྒྱལ་མཚན་དང་ཟླ་བ་བཀྲ་ཤིས་ཀྱིས་བདམས་བསྒྲིགས་བྱས་པ། བོད་ཀྱི་དམངས་ཁྲོད་གླུ་དབྱངས་འདམས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ་༩པར་ཐེངས་དང་པོ་དཔར། ཤོག་ངོས༡༡༤པ།]ཞེས་པ་དང་། “བྱ་ངང་བ་གསེར་གྱི་གོས་བཟང་ཅན། །ནུབ་མར་ཉལ་རྒྱ་མཚོའི་འཇིང་ལ་ཉལ། །ཞོགས་ཡར་ལངས་མཚོ་ལ་གཡས་སྐོར་འདེབས། །ཆུ་འདམ་པ་མི་འགོས་བྱ་ཞིག་ཡིན། །”[སྤེན་པ་ཆོས་གྲགས་ཀྱིས་བསྡུས། སྡེ་དགེའི་དམངས་གླུ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོའི་ཟླ་༥བའི་པར་ཐེངས་དང་པོ། ཤོག་ངོས༨༤པ།]ཞེས་པ་སོགས་ལས་ཀྱང་བྱ་མདོག་སེར་པོ་གསེར་གྱི་ཆོས་གོས་ཅན། མཚོ་ལ་གནས་བཅའ་བ། དུས་རྒྱུན་མཚོ་དང་མཚེའུའི་འགྲམ་གྱི་ན་འདམ་དང་འདམ་རྩྭ་ཟས་སུ་བསྟེན་བཞིན་ཡོད་ནའང་འདམ་བག་གིས་མ་ནོག་པའི་བྱ་ཞིག་ཡིན་པ་བསྟན་ཡོད་དོ། །
༣ བྱ་རྒྱལ་རྒོད་པོའི་ངོས་འཛིན།
སྤྱིར་བྱ་རྒྱལ་རྒོད་པོ་ནི་ལུས་བོངས་ཆེ་བ། ནམ་འཕང་གཅོད་པའི་གཤོག་རྩལ་རྫོགས་པ། མཆུ་དང་སྡེར་མོ་གུག་ལ་རྣོ་བ། གྲང་ལྷགས་བཟོད་སྟོབས་དང་མིག་གི་རྒྱང་མཐོང་གི་ནུས་པ་ཤིན་ཏུ་ཆེ་བ། རྒྱབ་མདོག་རྫ་སྐྱ། གཤོག་སྒྲོ་ཆེ་བ་ཁམ་ནག་གམ་ནག་པོ་བརྐྱངས་ཚེ་ནང་ངོས་དཀར་ལ་མཐའ་ནག་པ་ཞིག་སྟེ། ཕྱིའི་ཁ་དོག་གི་མངོན་ཚུལ་ལས་རྒོད་ཐང་དཀར་དང་ཐང་ནག་གཉིས་སུ་དབྱེ་ཞིང་། ཡང་རྒོད་ཐང་དཀར་ཐང་ནག་གཉིས་ཀས། དགུང་གནམ་འཕང་གཅོད་རྒྱུ་བྱས་ཡོད་ཅེས་པ་སོགས་དམངས་ཁྲོད་ཀྱི་ལ་གཞས་ལས་ཐེངས་མང་བྱུང་བ་དང་། དམངས་ཁྲོད་ཀྱི་ཁ་རྒྱུན་ལ་བཤད་པའི་སྡེར་མོ་ཅན་གྱི་རྩྭ་གཟན་གསུམ་འདྲེན་སྐབས་ཐང་དཀར་རྒོད་པོས་བྲག་རྩྭ་ཟ་ཞེས་པ་དང་། ཁ་དཔེ་ལའང་།“བྱ་རྒོད་ལྟོགས་ཀྱང་རྩྭ་སྔོ་མི་ཟ།”[གར་གྱི་ཉི་མས་བདམས་བསྒྲིགས་བྱས། བོད་ཀྱི་ཁ་དཔེའི་གཏེར་མཛོད།མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ལོའི་ཟླ༡༠བར་དཔར། ཤོག་ངོས༤༠༨པ།]ཞེས་པ་སོགས་ལས་གཅིག་ན་རྒོད་པོས་བྲག་རྩྭ་ཁོ་ན་ཟ་བ་དང་། གཉིས་ན་གནས་བཅའ་ས་བྲག་རི་ཡིན་པ་ཤེས་ཐུབ། ཡང་ནག་ཆུ་ཁའི་དམངས་ཁྲོད་ལ་གླུ་ལས་དཔེའི་སྒོ་ནས།“ང་བྱ་བརྒྱའི་རྒོད་པོ་གཤོག་རིང་མ། །འཕུར་བཏང་ན་རི་རྩེ་གར་མཐོ་ཡིན། །བྲག་དཀར་འཛོང་ཟིག་ལ་མ་ཐུག་ན། །རི་རིག་ཚད་ངོས་ལ་འབབ་ཀྱི་མིན། །”[ཀུན་བཟང་རྒྱལ་མཚན་དང་ཟླ་བ་བཀྲ་ཤིས་ཀྱིས་བདམས་བསྒྲིགས་བྱས་པ། བོད་ཀྱི་དམངས་ཁྲོད་གླུ་དབྱངས་འདམས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ་༩པར་ཐེངས་དང་པོ་དཔར། ཤོག་ངོས༡༤༥པ།]ཞེས་པ་ལས་ཀྱང་བྲག་རི་ཁོ་ན་ལ་གནས་བཅའ་བའི་རྒོད་པོའི་འཚོ་སྟངས་བསྟན་འདུག ཡང་ཐང་དཀར་རྒོད་ཀྱི་མིང་གི་རྣམ་གྲངས་ལ་རླུང་སྐྱོད་དང་མཁའ་ལ་འཁོར། རིང་འཕུར། ནམ་འཕང་སྤྱོད་སོགས་བྱུང་བ་ཐམས་ཅད་རྒོད་པོའི་འཕུར་རྩལ་གྱི་ཆ་ནས་བཏགས་པ་དང་། དཔེར་ན་རིང་འཕུར་དང་ནམ་འཕང་སྐྱོད་ཅེས་པ་ལས་བྱ་རྒོད་པོ་དུས་ཡུན་རིང་བོར་རྒྱུན་མཐུད་དེ་ནམ་མཁའི་འཕང་ངམ་སྲིད་གཤོག་པས་གཞལ་ཐུབ་པའི་ཆ་ནས་བཏགས་ཤིང་། གཞན་ཤར་ཉང་ཆུ་གཙང་འགྲམ་གྱི་དམངས་ཁྲོད་གླུ་དབྱངས་ལས།“བྲག་སྟོད་མཐོན་པོ་ཚེ་རིང་སྐྱིད་པའི་ལམ་ཁ་བསལ་པ་གནང་། །ཐང་དཀར་རྒོད་པོ་གཤོག་རྩལ་ངོམ་བཞིན་ལོག་རེ་འགྲོ། །”[ཀུན་བཟང་རྒྱལ་མཚན་དང་ཟླ་བ་བཀྲ་ཤིས་ཀྱིས་བདམས་བསྒྲིགས་བྱས་པ། བོད་ཀྱི་དམངས་ཁྲོད་གླུ་དབྱངས་འདམས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ་༩པར་ཐེངས་དང་པོ་དཔར། ཤོག་ངོས༤༥པ།]ཞེས་བྲག་སྟོད་མཐོན་པོས་རྒོད་པོའི་འཕུར་རྩལ་ལ་ལམ་ག་ཕྱེ་དགོས་ཞེས་འུད་བསྟོད་ཀྱི་སྒོ་ནས་རྒོད་པོ་འཕུར་རྩལ་ཆེ་བ་བརྗོད་འདུག་པ་ལྟ་བུའོ། །
༤ ཕོ་རོག་ནག་ཆུང་གི་ངོས་འཛིན།
སྤྱིར་བྱ་རོག་ཅེས་པ་ནི་བྱ་ནག་པོ་ཀུན་གྱི་སྤྱི་མིང་ཡིན་ཞིང་། ཕོ་རོག་ནི་ཀུན་གྱི་ངག་སྒྲོས་སུ་ཕོ་རོག་ནག་ཆུང་ཞེས་འབོད་པའི་བྱ་ནག་པོ་དེ་ཡིན། བྱ་འདིའི་མིང་གི་རྣམ་གྲངས་ལ་མདོག་གཅིག་པ་དང་མགྲིན་ནག་སོགས་བྱུང་བ་ལས་ཀྱང་མདོག་ནག་པོ་ཡིན་པ་བསྟན། དེ་མིན་བདེན་པའི་ངག་དང་བདག་ཉིད་སྒྲོག ཐོས་སྒྲོག་སོགས་ནི་ཕོ་རོག་གི་སྐད་སྒྲ་དང་འབྲེལ་བ་ཡོད་ཅིང་། ལྷ་སའི་དམངས་ཁྲོད་གླུ་དབྱངས་ལས་ཀྱང“ཕོ་རོག་ནམ་མཁའི་མཐོངས་ནས། །ཀོ་ཏོང་ཀོ་ཏོང་མ་གསུང་། །”[ཀུན་བཟང་རྒྱལ་མཚན་དང་ཟླ་བ་བཀྲ་ཤིས་ཀྱིས་བདམས་བསྒྲིགས་བྱས་པ། བོད་ཀྱི་དམངས་ཁྲོད་གླུ་དབྱངས་འདམས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ་༩པར་ཐེངས་དང་པོ་དཔར། ཤོག་ངོས༣༤པ།]ཞེས་པ་ལྟར་ཕོ་རོག་ནི་ཀོ་ཏོང་ཀོ་ཏོང་ཞེས་གྲག་ཅིང་འདི་ལ་ཕོ་རོག་གི་གྲོག་སྐད་ཟེར། ཚེར་མ་དང་ཤིང་རྩུབ་མོའི་རིགས་ཀྱིས་ཚང་བཅའ་བས་ན་ཚེར་མའི་ཚང་ཅན་ཞེས་ཀྱང་འབོད། ཡང་ཁ་དཔེ་ལ“རྒས་པའི་བུ་ལ་ཡག་པ་མེད། །ཕོ་རོག་ནག་ཆུང་རྒས་ན་ཡག །”[གར་གྱི་ཉི་མས་བདམས་བསྒྲིགས་བྱས། བོད་ཀྱི་ཁ་དཔེའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ལོའི་ཟླ༡༠བར་དཔར། ཤོག་ངོས༢༢༡པ།]ཅེས་པ་ལྟར་ཕོ་རོག་ནི་ལོ་རྒས་ཀྱིན་རྒས་ཀྱིན་མདོག་ཇེ་ནག་དང་མདངས་ཇེ་ཆེ་ཡིན་པ་རེད། ཕོ་རོག་ནི་དམར་དད་ཆེ་ཞིང་ཤ་ཁྲག་གིས་མི་ངོམས་པས་ན། དུས་རྒྱུན་རི་ལུང་ཐང་གསུམ་ན་ཕྱུགས་ཟོག་དང་རི་དྭགས་ཀྱི་ཤི་རོ་སྐམ་པོའི་རིགས་མཆུ་ཏོས་བགྲད་དགོས་པའི་རྐྱེན་གྱིས་སྲ་མཁྲེག་ཅན་གྱི་མཆུ་ཏོ་ཞིག་རང་བཞིན་གྱིས་ཆགས་འདུག་ཅིང་། དེ་བས་མིང་གཞན་ལ་རྡོ་རྗེའི་མཆུ་ཞེས་ཀྱང་འབོད། དཔེར་ན་སྡེ་དགེའི་དམངས་གླུ་ལས། “བྱང་གི་བྱང་བྱ་ཕོ་རོག་དེ། །ཤ་མ་རིག་གཞུ་ལ་སྐྲག་ཁ་ཁ། །ཤ་རིག་ན་གཞུ་ལ་མི་སྐྲག་གོ །གཞུ་མི་དགོས་སྲོག་ལ་མི་སྐྲག་གོ །”[སྤེན་པ་ཆོས་གྲགས་ཀྱིས་བསྡུས། སྡེ་དགེའི་དམངས་གླུ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོའི་ཟླ་༥བའི་པར་ཐེངས་དང་པོ། ཤོག་ངོས༨༣པ།]ཞེས་པ་དང་། ཏཱ་ནི་སྟོད་དང་ཧོར་གཙང་ཁོག་ལས་ཀྱང་།“ལུས་ཤ་ཁྲག་འོ་མ་འདྲ་བོ། བྱ་ཕོ་རོག་གན་གི་སྐོམ་རེད། སྐོམ་བསལ་ནས་ནམ་འཕང་བཅད་ཐལ།”[བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ལོའི་ཟླ་༩པའི་པར་ཐེངས་གསུམ་པ། ཤོག་ངོས༨༧པ།]ཞེས་པ་ལྟར་ཤ་ཁྲག་གིས་མི་ངོམས་ཤིང་ཤ་ཁྲག་རིག་དུས་སྲོག་ལའང་མི་འཛེམ་པ་བསྟན་འདུག ཕོ་རོག་ནི་ཤ་དད་ཆེ་བ་ལས་གཞན་ཆོ་སྒྲུབ་ཀྱི་གཏོར་མ་ཟ་བ་ལའང་ཤིན་ཏུ་དགའ་བས་མིང་གཞན་ལ་གཏོར་ཟ་དང་གཏོར་མས་རྒྱལ་ཞེས་ཀྱང་འབོད། འདབ་ཆགས་མི་ཆོས་སུ་བཤད་པ་ལས་ཀྱང་།“འུག་པ་ཕ་བུ་རྣམས་གཉིད་དུ་འགྲོ་གྲབས་འདུག་པ་དང་། རོག་ཆུང་གིས་འུག་པའི་བུའི་སྐེ་བཅད་དེ་ཕའི་བང་དུ་བསྐྱུར། ལྟོ་ཆོས་དྲོད་པ་གཏོལ། དཀྱིལ་འཁོར་བཤིགས། གཏོར་མ་ཟོས། རཀྟ་འཐུངས་པས་ན་བུན་གྱི་ཁྲོད་དུ་བྲོས་སོ།།”[རྟ་མགྲིན་ཚེ་རིང་གིས་ལེགས་བསྒྲིགས་བྱས། འདབ་ཆགས་མི་ཆོས་སུ་བཤད་པ་རིག་པའི་གཏེར་མཛོད།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་ཟླ་༣པར་དཔར། ཤོག་ངོས༡༤༡པ།]ཞེས་པ་ལས་ཀྱང་ཕོ་རོག་གིས་མཆོད་གཏོར་ཟ་བ་བསྟན་འདུག་ཅིང་། དུས་འདི་ནས་བཟུང་འུག་པ་དང་ཕོ་རོག་གཉིས་དགྲ་རུ་གྱུར་ཅིང་། དེ་བས་འུག་པའི་མིང་གི་རྣམ་གྲངས་ལ་བྱ་རོག་འཇིགས་བྱེད་དང་བྱ་རོག་དགྲ་ཞེས་ཀྱང་བྱའོ། །
༥ བྱ་ཁྲ་ཧོར་བའི་ངོས་འཛིན།
འདབ་ཆགས་ཁྲ་ལ་རིགས་ཤིན་ཏུ་མང་ཞིང་། རང་རེའི་ཡུལ་དུ་དུས་རྒྱུན་མཐོང་ཐུབ་པ་ནི་བྱིའུ་ཁྲ་དང་སྐྱ་ཁྲ་གཉིས་ཡིན། བྱིའུ་བཟུང་ནས་ཟ་བའི་རིགས་ལ་བྱིའུ་ཁྲ་དང་། ཕུག་རོན་དང་རི་བོང་སོགས་བཟུང་ནས་ཟ་བའི་བྱ་ཁྲའི་རིགས་ཆེ་བ་ལ་སྐྱ་ཁྲ་ཟེར། མིང་གི་རྣམ་གྲངས་ལ་འདབ་ཆགས་དང་པོ་དང་རི་བོང་ཟ། བྱ་ཁྲ། གཡོ་བ་སོགས་ཡོད་པའི་དང་པོ་གསུམ་ནི་འདབ་ལྡན་ཡིན་པ་དང་རི་བོང་སོགས་ཟ་བའི་ཆ་ནས་བཏགས་པ་དང་། གཡོ་བ་ཞེས་པ་ནི་སྐྱ་ཁྲས་ནམ་མཁའི་མཐོངས་སུ་གནས་གཅིག་ཏུ་ཡུན་རིང་ལ་གཤོག་ཟུང་གཡོ་མཐར་གློ་བུར་དུ་ཁ་ཕྱོགས་བསྒྱུར་ནས་འཕུར་འགྲོ་བའི་སྤྱོད་ལམ་དེའི་ཆ་ནས་བཏགས་ཤིང་། ངའི་ཕ་ཡུལ་དུ་དེ་ལ་བྱ་ཁྲས་སྲོག་ཆགས་ཆུང་ངུའི་རིགས་ཕྱོགས་གང་དུ་ཡོད་པར་མོ་རྒྱག་པ་རེད་ཟེར། ཡང་བྱ་ཁྲ་ནི་མགོ་བོ་གྲུ་བཞི་འུག་པ་ལྟ་བུ། ལུས་མདོག་སྔོན་པོ་གཡུ་ཡི་མདོག མཆུ་ཡས་ནས་གུག་པ། མིག་ནི་བྱ་རིགས་ཀུན་དང་མཚུངས་པར་མས་ནས་འཛུམ་པ་ཞིག་ཡིན་པའི་སྐོར་འདབ་ཆགས་མི་ཆོས་སུ་བཤད་པ་རིག་པའི་གཏེར་མཛོད་ལས“སྐབས་དེར་སྐྱ་ཁྲ་ཧོར་བ་ན་རེ། ང་མགོ་བོ་གྲུ་བཞིར་འདུག་པ་ནི། །འདུན་མ་གྲུ་བཞིར་ཤེས་པའི་རྟགས། །རྒལ་བ་སྔོན་པོར་འདུག་པ་འདི། །དགུང་སྔོན་རྒྱབ་ལ་ཁུར་བའི་རྟགས། །སྤོ་ནི་གྲོ་མོར་ཡོད་པ་འདི། །དགོས་པ་གདན་དུ་གདིང་བའི་རྟགས། །བྱ་མཆུ་ཡས་ནས་གུག་པ་འདི། །སྲིད་པ་ཡས་ནས་ཆགས་པའི་རྟགས། །བྱ་མིག་མས་ནས་འཛུམ་པ་ནི། །སྲིད་པ་མས་ནས་ཆགས་པའི་རྟགས། །”[རྟ་མགྲིན་ཚེ་རིང་གིས་ལེགས་བསྒྲིགས་བྱས། འདབ་ཆགས་མི་ཆོས་སུ་བཤད་པ་རིག་པའི་གཏེར་མཛོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་ཟླ་༣པར་དཔར། ཤོག་ངོས༢༧པ།]ཞེས་དང་། ཡང“ང་ནམ་མཁའི་མཐོངས་ལ་འཕུར་ཙ་ན། །བྱ་བྲན་ཐམས་ཅད་འདར་ཞིང་སྐྲག །ཉེས་པ་ཁྲིམས་སྤྱོད་ཟས་སུ་ཟ། །ཁྲ་སྐད་ཐོས་པས་དགྲ་སྙིང་འབྱིན། །བྱ་བྲན་ཕལ་ཆེར་ཟིལ་གྱིས་གནོན། །”[རྟ་མགྲིན་ཚེ་རིང་གིས་ལེགས་བསྒྲིགས་བྱས། འདབ་ཆགས་མི་ཆོས་སུ་བཤད་པ་རིག་པའི་གཏེར་མཛོད།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་ཟླ་༣པར་དཔར། ཤོག་ངོས༢༧པ།]ཞེས་པ་ལྟར་ཁྲ་ནི་བྱ་ཀུན་ལས་སྡིབ་རྩུབ་ཆེ་ཤོས་དང་ལུས་ཟོར་ཡང་ཤོས་ཡིན་ཞིང་། དེ་མིན“ཁྲ་ཡི་བུ་ལ་རྒོད་ཀྱི་གཤོག །ཁྲ་བུ་རྒོད་གཤོག་འདོ་བ་རྟ། །”[ཀུན་བཟང་རྒྱལ་མཚན་དང་ཟླ་བ་བཀྲ་ཤིས་ཀྱིས་བདམས་བསྒྲིགས་བྱས་པ། བོད་ཀྱི་དམངས་ཁྲོད་གླུ་དབྱངས་འདམས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ་༩པར་ཐེངས་དང་པོ་དཔར། ཤོག་ངོས༩༧པ།]ཞེས་པ་ལས་ཀྱང་འདབ་ཆགས་ཀྱི་རིགས་ལས་འཕུལ་རྩལ་ཆེས་ཆེ་བའི་རྒོད་པོ་དང་བྱ་ཁྲ་གཉིས་བརྗོད་གཞིར་བཟུང་སྟེ། འདོ་བ་རྟ་ནི་ཁྲ་ཡི་བུ་དང་རྒོད་ཀྱི་གཤོག་པ་ཅན་ཞིག་ཡིན་ཞེས་འུད་ཀྱིས་བརྗོད་ཡོད་པའོ། །
གསུམ་པ། འདབ་ཆགས་སོ་སོའི་རིག་གནས་མཚོན་དོན་གྱི་སྐོར།
༡ ཁུ་བྱུག་སྔོན་མོའི་རིག་གནས་མཚོན་དོན།
བྱ་རིགས་རྣམ་པ་སྣ་ཚོགས་པའི་ཁྲོད་དུ། ཁུ་བྱུག་ལ་ལྷ་བྱ་ཁུ་བྱུག་ཅེས་སྙན་པའི་མིང་གིས་བོས་ནས་རེ་བ་དང་འཕྲིན་བཟང་། དགའ་སྐྱིད། དཔྱིད་དཔལ། དབྱངས་སྙན། བརྩེ་དུང་སོགས་ཀྱི་མཚོན་བྱེད་དུ་ངོས་འཛིན་ཅིང་། བོད་མི་རྣམས་ཤིན་ཏུ་དགའ་ཞིང་མོས་བའི་མཆོག་ཏུ་དཔེར་འཛིན་སའི་བྱ་ཞིག་ཡིན།“བྱ་གཤོག་ཐོག་མང་པོ་འཕུར་གྲལ་ན། །བྱ་སྔོན་པོ་རྨ་བྱ་མཛེས་ན་ཡང་། །བོད་མགོ་ནག་དགའ་བ་ཁུ་བྱུག་ཡིན། །”[ལི་ཝུའུ་དབྱང་དང་ལས་དང་ལེན་གྱིས་འདེམ་སྒྲིག་བྱས་པ། གླིང་སྒྲུང་གི་གཏམ་དཔེ་གཅེས་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ལོའི་ཟླ་༩བ། ཤོག་ངོས༩༣པ།]ཞེས་པའི་གཏམ་དཔེ་ལས་ཀྱང་ཁུ་བྱུག་གིས་དགའ་བ་དང་མོས་པ་མཚོན་འདུག་ཅིང་། ཡང་དམངས་གཞས་འགའ་ལས་རབ་བཏགས་ཀྱི་སྒོ་ནས་“བྱ་ཁུ་བྱུག་ལྷོ་ནས་ཡོང་དོན་དེ། །ཤིང་ལྷ་ཤུག་རྩེ་ལ་གཏད་ནས་འོང་། །གཏམ་སྙན་བོད་ལ་གྲགས་ལེ་དེ། །དབྱར་གསུམ་མེ་ཏོག་བཀྲ་འདོད་རེད། །”[ལི་ཝུའུ་དབྱང་དང་ལས་དང་ལེན་གྱིས་འདེམ་སྒྲིག་བྱས་པ། གླིང་སྒྲུང་གི་གཏམ་དཔེ་གཅེས་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ལོའི་ཟླ་༩་བ། ཤོག་ངོས༣༢༠པ།] དེ་བཞིན་ཡང“ཁུ་བྱུག་གསུང་སྙན་བསྒྱུར་བ་ན། །སེམས་ཅན་སྣང་བ་གསལ་བ་ཡིན། །”[ལི་ཝུའུ་དབྱང་དང་ལས་དང་ལེན་གྱིས་འདེམ་སྒྲིག་བྱས་པ། གླིང་སྒྲུང་གི་གཏམ་དཔེ་གཅེས་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ལོའི་ཟླ་༩་བ། ཤོག་ངོས༣༢༨པ།]ཞེས་ཁུ་བྱུག་གི་སྐད་སྙན་གྲག་དུས་སེམས་ཅན་ཀུན་གྱི་སྣང་བ་ཇེ་སྐྱིད་ཡིན་པ་བསྟན་ཡོད། དམངས་ཁྲོད་ཀྱི་བཤད་སྲོལ་ལྟར་ན། ཁུ་བྱུག་གྲག་ཐེངས་རེར་མཇུག་སྒྲོ་ལྡེམ་ཙམ་བྱེད་པ་དེ་ལ། གལ་ཏེ་མཇུག་སྒྲོ་གྱེན་ལ་ལྡེམ་བཞིན་ཡོད་ན་ད་ལོ་ལོ་ཡག་ཡོང་བའི་བརྡ་དང་། འཕྲེད་དུ་ལྡེམ་པ་ཡིན་ན་ལོ་ལེགས་མེད་པའི་རྟེན་འབྲེལ་ཡང་བརྟག་སྲོལ་ཡོད། ཡང་རང་རེ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་དོན་དངོས་ཞིག་ནི་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པ་ནས་བོད་ཡུལ་ཆོལ་ཁ་གསུམ་དུ་མིང་གྲགས་དབྱར་རྔ་བཞིན་ལྡིར་བའི་རྡུང་ལེན་པ་གྲགས་ཅན་བདུད་བྷེ་ལ་ཀུན་གྱིས་གངས་ལྗོངས་ཁུ་བྱུག་ཅེས་བཏགས་པ་འདིའང་རབ་ཀྱི་མཆོག་ཏུ་ངོས་བཟུང་བ་རེད། ཁུ་བྱུག་གིས་དུས་རྒྱུན་གནམ་ཆུར་སྒུག་ཡོད་ཟེར་བ་བཞིན་རེ་བ་ཆེན་པོས་ཅི་ཞིག་ལ་སྒུག་པའི་དཔེར་ཁུ་བྱུག་གིས་གནམ་ཆུར་རེ་རེ་ཞེས་ཟེར་བ་དང་། ཁུ་བྱུག་གི་སྐད་སྙན་སྒྲོག་དུས་ཆར་པ་འབབ་སྲིད་པར་ཡང་འདོད་དེ། དཔེར་ན“ཁུ་བྱུག་སྔོན་མོ་གྲགས་པའི་དུས། །སྦྲང་ཆར་ཟིམ་མ་འབབ་པའི་རྟགས། །”[ལི་ཝུའུ་དབྱང་དང་ལས་དང་ལེན་གྱིས་འདེམ་སྒྲིག་བྱས་པ། གླིང་སྒྲུང་གི་གཏམ་དཔེ་གཅེས་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ལོའི་ཟླ་༩་བ། ཤོག་ངོས༣༤༧པ།]ཞེས་པ་ལྟར་རོ། །དེ་མིན་བོད་ཀྱི་དམངས་རྩོམ་དང་རྩོམ་རིག་གི་བརྩམས་ཆོས་མང་པོ་ཞིག་ཏུ་ཁུ་བྱུག་ནི་བརྩེ་བའི་དྲན་གདུང་གི་མཚོན་བྱེད་དུ་བཟུང་ཡོད་དེ། དཔེར་ན“བྱ་ཁུ་བྱུག་རིག་རྒྱུ་མེད་ཀི །བྱིའི་འཇོལ་མོ་ནགས་ན་ཁེར་པོ། །བྱ་ཁེར་པོས་ཉི་མ་མི་ཆོད། །བྱ་ཁུ་བྱུག་ཡིད་ལ་ཤར་ན། །ཤ་མཆིན་པའི་སྟེང་འོག་བརྗེས་ཀི །”[བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ལོའི་ཟླ་༩པའི་པར་ཐེངས་གསུམ་པ། ཤོག་ངོས༡༠༦པ།]ཞེས་པ་དང་། ལ་གཞས་མང་པོའི་ནང་ཡང་རང་གི་སྙིང་ནས་དྲན་པའི་དགའ་ལོར་བཅངས་པའི་དྲན་གདུང་གི་བརྩེ་བ་དྲོན་མོ་དང་མནར་གཅོད་དྲག་པོ་དེ་ཁུ་བྱུག་ལ་བཅོལ་དེ་དྲན་གདུང་གི་བརྩེ་གླུ་གང་མང་བླངས་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་ཡིན་ནོ། །
༢ གསེར་བྱ་ངང་བའི་རིག་གནས་མཚོན་དོན།
བྱ་ངང་བ་ལ་མཚོན་ནའང་ཕྱིའི་ལུས་ཀྱི་ཁ་དོག་གི་དབང་གིས་དཀར་པོ་ལ་ངང་བ་དང་སེར་པོ་ལ་ངུར་བ་ཞེས་འབོད་ཅིང་། ས་ཆ་ཁ་ཤས་སུ་ངུར་བ་ལ་གསེར་བྱ་ངང་བའང་ཟེར། དེ་ལས་ཀྱང་ངུར་བ་ནི་བོད་ཡུལ་གྲང་བའི་ཁུལ་དུའང་དུས་རྒྱུན་མཐོང་ཐུབ་ཅིང་། གོང་དུ་བཀུར་བའི་བྱ་ཡག་པོ་ཞིག་ལ་བརྩི་བ་རེད། དེ་ཡང་ནང་བསྟན་བོད་དུ་དར་བ་ནས་དགེ་འདུན་པའི་ཆོས་གོས་ལས་བླ་ལྷག་ཏུ་བཀུར་བ་ནི་ཁ་དོག་སེར་པོ་བླ་གོས་ཀྱི་རིགས་ཡིན་ལ། དེ་བཞིན་བྱ་ངུར་བའི་མདོག་ཀྱང་ཁ་དོག་དེ་ག་དང་གཅིག་མཚུངས་ཡིན་ཕྱིན། དམངས་ཁྲོད་ཀྱི་གླུ་དབྱངས་དང་གཏམ་དཔེ་མང་པོའི་ཁྲོད་དུ་ངང་ངུར་ལ་གོང་བཀུར་གྱི་རྣམ་པ་དང་དགེ་འདུན་བཙུན་པའི་དཔེར་བཟུང་བ་ཤིན་ཏུ་མང་། དཔེར་ན།“ཕྱུག་མར་ཁུའི་མཚོ་མོའི་ནང་ལ། ། གཡང་ལྷ་བྱ་ངང་བ་རང་འཁོར། །”[བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ལོའི་ཟླ་༩པའི་པར་ཐེངས་གསུམ་པ།ཤོག་ངོས༢༥པ།]ཞེས་པ་དང་། འདབ་ཆགས་མི་ཆོས་སུ་བཤད་པའི་བསྟན་བཅོས་སུའང་ངང་བ་དགེ་འདུན་པའི་དཔེར་བགྲང་བའི་ཚིགས་བཅད་དུམ་བུ་ཞིག་ཡོད་པ་ནི།“གསེར་བྱ་ངང་བ་ན་རེ། ཨེ་མ་ཡོན་ཏན་རྒྱ་མཚོ་ང་ཡིན་ནོ། །སངས་རྒྱས་བསྟན་ལ་རབ་ཏུ་བྱུང་། །བསླབ་གསུམ་ནོར་བུས་ཕྱུག་པ་སྟེ། །དཀོན་མཆོག་གསུམ་ལ་སྐྱབས་གནས་ཞུས། །ཡི་དམ་ལྷ་ཡི་བསྐྱེད་རིམ་བསྒོམས། །ཐེག་པ་རིམ་དགུ་རིམ་གྱིས་འཛེགས། །བྱང་ཆུབ་ས་བཅུ་ཟིལ་གྱིས་གནོན། །བཀའ་ལུང་ཆོས་སྐྱོང་དམ་ལ་བཏགས། །མཁའ་འགྲོ་རྣམས་ལ་ཚོགས་གཏོར་བཏང་། །མི་དགེ་བཅུ་བོ་ཐམས་ཅད་སྤངས། །བྱང་ཆུབ་མཆོག་ཏུ་སེམས་ཀྱང་བསྐྱེད། །དད་ཅན་རྣམས་ལ་མཐོ་རིས་བསྟན། །རྨོངས་པ་རྣམས་ལ་ཆོས་སྤྱོད་བསླབས། །བདག་ལས་བཙུན་པ་སུ་ཡང་མེད། །བྱ་རྗེར་འོས་པའི་འདབ་ཆགས་ཡིན། །”[རྟ་མགྲིན་ཚེ་རིང་གིས་ལེགས་བསྒྲིགས་བྱས། འདབ་ཆགས་མི་ཆོས་སུ་བཤད་པ་རིག་པའི་གཏེར་མཛོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་ཟླ་༣པར་དཔར། ཤོག་ངོས༢༦པ།]ཞེས་པ་སོགས་ལས་ངང་ངུར་ནི་གཡང་ཁུགས་པའི་ལྷ་བྱ་ལྟ་བུར་ངོས་བཟུང་འདུག་ཅིང་། ས་སྐྱ་པཎ་ཆེན་གྱིས་བསམ་ཡས་སུ་བཞེངས་པའི་རིགས་གསུམ་མགོན་པོ་དང༌། མཁན་སློབ་ཆོས་གསུམ། ལོ་ཙཱ་བ་སོགས་མཚོན་པའི་སྡོམ་བརྩོན་དམ་པའི་དཔེ་རིས་སུའང་ངང་པ་མགོ་གཉིས་དེ་བོད་དུ་སྡོམ་རྒྱུན་སྤེལ་མཁན་མཁན་ཆེན་ཞི་བ་འཚོའི་མཚོན་བྱེད་དུ་བཞག་ཡོད་པ་དང་། འདབ་ཆགས་མི་ཆོས་སུ་བཤད་པ་ལས་ཀྱང་བྱ་ཐམས་ཅད་ལ་ཐོབ་བསྐོ་བའི་སྐབས་སུ།“ངང་བ་དགེ་བཤེས་གྱིས། ངུར་བ་བཙུན་པ་གྱིས། གོ་བོས་སྟོན་པ་གྱིས། འུག་པས་སྔགས་པ་གྱིས”[རྟ་མགྲིན་ཚེ་རིང་གིས་ལེགས་བསྒྲིགས་བྱས། འདབ་ཆགས་མི་ཆོས་སུ་བཤད་པ་རིག་པའི་གཏེར་མཛོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་ཟླ་༣པར་དཔར། ཤོག་ངོས༢༡པ།]ཞེས་ངང་ངུར་དགེ་བཤེས་དང་བཙུན་པའི་དཔེར་བཀོད་ཡོད་པ་ལྟ་བུ་རེད། དེ་བས་གོང་བཀུར་དང་གཡང་འཁྱིལ། གཞུང་དྲང་སོགས་ནི་བྱ་ངང་བ་མཚོན་བྱེད་ཀྱི་ཐ་སྙད་ཁ་ཤས་སུ་ངོས་བཟུང་ཆོག་ལ། ཕྱོགས་གཞན་ཞིག་ནས་བྱ་ངུར་བ་ནི་དུས་རྒྱུན་ན་འདམ་སོགས་ཀྱི་ཁྲོད་ཨག་འགྱུར་ལྷང་ངེར་ཆ་སྡེབ་ནས་འགྲོ་ཤིང་། དམངས་ཁྲོད་ཀྱི་བཤད་རྒྱུན་ལའང་ཆ་སྡེབ་ནས་འགྲོ་བའི་བྱ་ངུར་བའི་ཚོགས་ལ་མཚོན་ན་གལ་ཏེ་རྐྱེན་དབང་དང་དུས་དབང་གིས་རོགས་པ་ཤི་བ་ཡིན་ན་ཅིག་ཤོས་དེ་ངང་བའི་ཁྱུ་གཞན་དག་དང་མི་འགྲོགས་པ་མ་ཟད། སྔ་མ་ཁོ་གཉིས་མཉམ་དུ་འཚོ་སའི་ན་ཁུགས་དེ་དང་ཚེའི་འཕེན་པ་མ་རྫོགས་བར་དུ་ཁ་མི་འབྲལ་ཞིང་། རོགས་ཡ་འདས་གྲོངས་སུ་སོང་ནས་ཅང་མ་འགོར་བར་ཅིག་ཤོས་དེ་ཡང་སྡུག་བསྔལ་དང་དྲན་གདུང་གིས་མནར་གཅོད་ཐེབས་ཏེ་ཤི་འགྲོ་བའི་བཤད་སྟངས་ཤིག་འདུག་པས། དུས་རྒྱུན་ཕྱུགས་ཟོག་གི་རྫི་བོར་འགྲོ་དུས་སུའང་ན་འདམ་ཁྲོད་ཨག་འགྱུར་ལྷང་ངེར་གནས་པའི་ངུར་བ་ཆ་གཅིག་མཐོང་དུས་དེ་དཀྲོགས་རྒྱུ་ཕར་ཞོག རང་དབང་མེད་པར་དྲན་གདུང་གི་སྐྱོ་ཤས་དྲག་པོ་ཞིག་གིས་ཡིད་སེམས་མནར་འགྲོ་བའང་དེའི་དབང་གིས་ཡིན། དེ་མིན་དམངས་གླུ་ལས་ཀྱང་།“མཚོ་སྔོན་པོའི་མཚོ་ཁ་དྲན་གི །བྱ་ངང་བ་ཆ་འགྲོ་བྱས་ནས། །བྱ་ངང་བ་གྲག་ནོ་དྲན་གི །”[བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ལོའི་ཟླ་༩པའི་པར་ཐེངས་གསུམ་པ། ཤོག་ངོས༡༠༨པ།] ཞེས་པ་དང་། དབུས་ལྷ་སའི་དམངས་གླུ་ལས་ཀྱང་།“གསེར་བྱ་ངང་པ་ལྟ་བུའི། །བརྩེ་དུང་ཁྱོད་ལ་ཡོད་ན། །བཟའ་རྒྱུ་འདམ་ལས་མེད་ཀྱང་། །མཉམ་བཟའ་མཉམ་འཐུང་ཞུས་ཆོག །”[ཀུན་བཟང་རྒྱལ་མཚན་དང་ཟླ་བ་བཀྲ་ཤིས་ཀྱིས་བདམས་བསྒྲིགས་བྱས་པ། བོད་ཀྱི་དམངས་ཁྲོད་གླུ་དབྱངས་འདམས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ་༩པར་ཐེངས་དང་པོ་དཔར། ཤོག་ངོས༣༤པ།]ཅེས་པ་སོགས་ལས་བྱ་ངང་བ་ནི་དྲང་གདུང་དང་ཁ་འབྲལ་མི་ཕོད་པའི་བརྩེ་བ་སོགས་ཀྱི་དཔེར་བཀོད་འདུག དེ་བས་དྲན་གདུང་དང་སྐྱོ་ཤས། དམ་ཚིག བརྩེ་འདང་སོགས་ཀྱང་བྱ་ངང་བའི་མཚོན་བྱེད་དུ་བཟུང་ཆོག་པའོ། །
༣ བྱ་རྒྱལ་རྒོད་པོའི་རིག་གནས་མཚོན་དོན།
བོད་ཀྱི་ཡུལ་ཕྱོགས་གང་ལ་མཚོན་ནའང་དར་ཆེ་བའི་དུར་སྲོལ་ནི་བྱ་གཏོར་གྱི་རིགས་ཡིན་ཞིང་། ལུགས་སྲོལ་འདི་ནི་ནང་བསྟན་གྱི་སྦྱིན་པའི་བློ་སྤོབས་སྟག་མོ་ལུས་སྦྱིན་ལྟ་བུའི་སྙིང་རྗེ་ཚད་མེད་དེའི་ཤུགས་རྐྱེན་འོག བོད་མི་ཀུན་གྱི་གཤིས་སུའང་རང་ཉིད་འདས་ཤུལ་དུ་ཕྱགས་དར་བཞིན་བསྐྱུར་པའི་ཟག་བཅས་ཀྱི་ཕུང་བོ་འདི་ད་དུང་གཞན་དོན་དུ་ཕུལ་བསམ་པའི་ལྷག་བསམ་དེ་ལ་བརྟེན་ནས་རིམ་གྱིས་གྲུབ་པ་རེད། དེ་བཞིན་ཕུང་བོ་གཏོར་ཡུལ་ནི་རྒོད་པོ་ཡིན་ཞིང་། བྱ་རྒོད་ནི་ཞིང་སྐྱོང་གི་འཁོར་ཡིན་པར་ངོས་འཛིན་པ་མ་ཟད། བྱ་རིགས་ཀུན་གྱི་ཁྲོད་དུ་ནམ་འཕང་གཅོད་པའི་རྒྱལ་པོ་ཡིན་པས། ཤུལ་དུ་ལུས་པའི་བེམ་པོ་བྱ་ལ་སྦྱིན་ན་རང་གི་སྐྱེ་གནས་མཐོན་པོར་ཡོང་བའི་ངོས་འཛིན་གནང་སྲོལ་ཡོད། དེ་བས་བོད་མི་རྣམས་ཀྱིས་དུས་རྒྱུན་རྒོད་པོ་ལ་རྔོན་མི་བྱེད་ཅིང་། གོང་དུ་བཀུར་བའི་བྱའི་རིགས་ཤིག་ཡིན། དམངས་ཁྲོད་ཀྱི་བཤད་རྒྱུན་ལྟར་ནའང་། སྒོ་ཕྱུགས་སོགས་ཀྱི་རོ་བྱ་རྒོད་ཀྱིས་མྱུར་མོར་ཟོས་པ་ཡིན་ན་སྒོ་ཕྱུགས་བསོད་ནམས་ཅན་ལ་བརྩི་ཞིང་། བྱ་རྒོད་སོགས་མ་བབས་པར་རུལ་དྲིས་གང་སར་ཁྱབ་པ་ཡིན་ན་ལས་ངན་དང་བསོད་ཟད་ལ་བརྩི་བ་རེད། དེ་མིན་བཤད་སྲོལ་གཞན་ཞིག་ནི་ཤ་ཟ་སྐབས་སུ་རུས་པ་གཙང་མར་བཏོགས་པ་ཡིན་ན། རང་ཉིད་ཤི་རྗེས་སུའང་རྒོད་ཀྱིས་ལྷག་ལུས་མེད་པར་གཙང་སིང་ངེར་ཟ་བར་ངོས་འཛིན། གཞན་དུས་རྒྱུན་བྱ་རྒྱལ་ཁྱུང་དང་བྱ་རྒྱལ་ཁུ་བྱུག བྱ་རྒྱལ་རྒོད་པོ་སོགས་འབོད་མིང་སྣ་ཚོགས་པ་བྱུང་བས་ན། བྱའི་རྒྱལ་པོ་ཞེས་མཆོག་ཏུ་གྱུར་བ་ཞིག་ངོས་འཛིན་རྒྱུ་མེད་པ་ལྟ་བུར་སྣང་ནའང་། ཞིབ་ཏུ་བསམ་བློ་བཏང་ན་བཏགས་མིང་འདི་དག་ཆ་འཛིན་ས་མི་འདྲ་བ་ལས་བྱུང་བ་མངོན་གསལ་རེད། ཡང་དཔེར་ན་རྒྱ་བོད་ཡིག་ཚང་ལས་དུད་འགྲོའི་རྒྱལ་པོ་བཅུ་བགྲང་སྐབས།“འདབ་ཆགས་བྱ་ལ་རྒྱལ་པོ་གསུམ་དུ་བྱུང་། །ཤ་ཟན་རྒྱལ་པོ་བྱ་ཁྱུང་ག་རུ་ཎ། །ཁྱད་པར་ཟས་སྐལ་ནག་པོའི་ཀླུ་ལ་བྱེད། །མིག་གིས་དཔག་ཚད་བརྒྱད་ཅུ་ཚུན་ཆད་མཐོང་། །འདམ་ཟན་རྒྱལ་པོ་ངང་པ་གསེར་གྱི་བྱ། །ཁྱད་པར་ཆུ་དང་འོ་མ་འབྱེད་པ་ཤེས། །སྒུམ་འཐུའི་རྒྱལ་པོ་ས་ལན་ཏ་ཀ་ཡིན། །ཁྱད་པར་སེམས་ཅན་ཤའི་སྡོམ་པ་སྲུང་། །”[མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། མཁས་པ་ལྡེའུ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས༡༨༦བ།]ཞེས་འདབ་ཆགས་ཀྱིས་ཟས་འཚོལ་བའི་ཁྱད་པར་ལྟར་རིགས་ཐ་དད་དུ་དགར་ནས་ངོས་བཟུང་འདུག་ཅིང་། བྱ་རྒྱལ་ཁྱུང་ལ་མཚོན་ན་ཁྱུང་དང་རུས་སྤལ་ཞེས་པ་ལས་གནམ་ས་གོ་འབྱེད་སྐབས། ཁྱུང་ནི་ཡར་འཕགས་པའི་གནམ་ཡར་ལ་འགྱོགས་མཁན་དང་རུས་སྤལ་ནི་མར་བབས་པའི་ས་འདེགས་མཁན་ཡིན་པའི་སྒྲུང་ལྟ་བུ་ཞིག་ཏུ་ངོས་བཟུང་ཡོད་པ་དང་། དེ་བཞིན་དེ་ལས“ཁྱུང་མངལ་སྐྱེས་མ་རེད་སྒོང་སྐྱེས་རེད། སྒོང་བདུན་གཅིག་ལོན་ན་ཁྲག་སེར་རེད། སྒོང་བདུན་གཉིས་ལོན་ན་སྤུ་སེར་རེད། སྒོང་བདུན་གསུམ་ལོན་ན་ཁྱུང་ཆེན་རེད།”[བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ལོའི་ཟླ་༩པའི་པར་ཐེངས་གསུམ་པ། ཤོག་ངོས༣༥༡ནས༣༥༥པ།]ཅེས་ཁྱུང་ནི་དངོས་ཡོད་ཅིག་དང་དེ་ལས་ཀྱང་སྒོང་སྐྱེས་ཡིན་པ་བརྗོད་ཡོད་ནའང་། དོན་དངོས་སུ་ཁྱུང་ནི་ལྷ་སྒྲུང་ནང་གི་འཇིག་རྟེན་བྱེད་པོ་ལྟ་བུར་ངོས་འཛིན་པ་ལས་ད་ལྟ་མཐོང་ཆོས་སུ་མེད་ཅིང་། །ཡང་ཁུ་བྱུག་དང་ངང་བ་སོགས་ནི་ཁྱད་ཆོས་བྱེ་བྲག་པ་རེ་རེ་ནས་ངོས་བཟུང་འདུག་པས་བྱ་སྤྱིའི་ཐུན་མོང་གི་ཁྱད་ཆོས་སུ་མི་རུང་པས། འདབ་ཆགས་བྱ་ཞེས་པ་ནི་འདབ་ལྡན་འཕུར་འགྲོས་རིགས་ཀྱི་སྲོག་ཆགས་ལ་གོ་བ་ཡིན་རྐྱེན། བྱ་རྒྱལ་རྒོད་པོ་ཞེས་པ་འདིའི་ནང་བྱ་སྤྱིའི་ཁྱད་ཆོས་ཡོངས་སུ་འདུས་འདུག ཕ་ཐང་དཀར་རྒོད་པོ་དང་བུ་ཁྭ་ཏ་སྐྱག་གཟན།”[གར་གྱི་ཉི་མས་བདམས་བསྒྲིགས་བྱས། བོད་ཀྱི་ཁ་དཔེའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ལོའི་ཟླ༡༠བར་དཔར། ཤོག་ངོས༣༠༥པ།]ཞེས་པ་ལས་ཀྱང་རྒོད་པོ་ཡག་གི་དྭངས་རྩེ་རུ་བགྲང་འདུག་པས་ན། རྒོད་པོ་ནི་རབ་དང་མཆོག་གི་ཟླ་རུ་འདྲེན་ནོ། །
༤ ཕོ་རོག་ནག་ཆུང་གི་རིག་གནས་མཚོན་དོན།
རང་རེའི་རིག་གནས་ཁྲོད་ཁ་དོག་དཀར་པོ་ནི་བཀྲ་ཤིས་དང་། དགའ་སྐྱིད། དགེ་འཕེལ། རྟེན་འབྲེལ་ཡག་པོ་སོགས་སུ་ངོས་འཛིན་ཅིང་། དཔེར་ན། ལམ་འགྲོ་ཡོང་བ་ལ་ལམ་དཀར་པོ་དང་། དུས་བཟང་བོ་ལ་བཀྲ་ཤིས་ལྷ་ཉིན་དཀར་པོ། ལས་བཟང་བོ་ལ་དཀར་པོ་དགེ་བའི་ལས། སེམས་བཟང་བ་ལ་སེམས་པ་དཀར་པོ་སོགས་སུ་འབོད་པ་ལྟ་བུ་རེད། དེ་བཞིན་དུ་དེའི་ལྡོག་ཕྱོགས་ནག་པོའི་རིགས་ནི་དགྲ་ཕྱོགས་དང་ཐན་ཕྱོགས། ཅུང་རྩུབ་མོའི་རིགས་ལ་ངོས་འཛིན། དཔེར་ན། དགྲ་ནག་པོ་དང་། གེ་སར་སྒྲུང་ལས་ཀྱང་བདུད་ཡུལ་ལ་བདུད་ལུང་ནག་པོ་དང་། ལས་ངན་པ་ལ་ལས་ནག་པོ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ནག་པོར་བརྩིས་འདུག་པ་ལྟ་བུ་རེད། དེ་བཞིན་ནང་ཆོས་ཁྲོད་ཀྱི་དཀར་ཆོས་བཞི་དང་ནག་ཆོས་བཞིའི་ངོས་འཛིན་ཚུལ་སོགས་མང་ནའང་བྱ་ཕོ་རོག་ནི་ལུས་ནག་ཀྱང་ལྷ་བྱར་ངོས་འཛིན་ཞིང་གཏོར་མ་ཟ་བས་ལྷ་དང་ལས་ཀྱིས་འབྲེལ་བ་མཚོན། འདབ་ཆགས་མི་ཆོས་སུ་བཤད་པ་ལས་ཀྱང་།“ཕོ་རོག་ནི་ལྷའི་བྱ་ཡིན། འུག་པ་ནི་འདྲེའི་བྱ་ཡིན། ཅི་སྟེ་ན། འུག་པ་ས་རུབ་ན་དགའ། མི་ལ་ཐན་སྐད་གཏོང་ཞིང་། རྣམ་རྟོག་སློང་བའི་སྐད་འདོན་པ་འདི་འདྲེའི་བྱ་ཡིན། ཕོ་རོག་ལྷའི་བྱ་ཡིན་པས་ད་ལྟ་ཡང་མཆོད་གཏོར་ཟ་བར་ཡོང་སྐད་དོ། །”[རྟ་མགྲིན་ཚེ་རིང་གིས་ལེགས་བསྒྲིགས་བྱས། འདབ་ཆགས་མི་ཆོས་སུ་བཤད་པ་རིག་པའི་གཏེར་མཛོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་ཟླ་༣པར་དཔར། ཤོག་ངོས༡༤༣པ།]ཞེས་གཏོར་ཟན་ཕོ་རོག་ལྷ་བྱར་ངོས་འཛིན་པ་དང་། ངའི་ཕ་ཡུལ་དུ་ཕོ་རོག་ནི་མགོན་པོའི་ལྷ་བྱ་ཡིན་ཟེར་སྲོལ་ཡོད་པ་དང་། དེའང་ཕལ་ཆེར་ལུས་མདོག་གི་འདྲ་ཆོས་གཞིར་བཞག་ནས་ངོས་བཟུང་བར་མངོན། མགོན་པོའི་ཆོ་ག་སྒྲུབ་སྐབས་ཀྱང་ཁ་དོག་ནག་པོ་ཤས་ཆེ་བ་ལྟ་བུའོ། །ཁ་དཔེར་ཡང་།“ཕོ་རོག་གི་གྲོག་སྐད་ཐོས་ནས་རེ་བའི་རྣམ་རྟོག་ལངས་པ་དང་།འུག་པའི་ཐན་སྐད་ཐོས་ནས་དྭོགས་པའི་རྣམ་རྟོག་ལངས།”[གར་གྱི་ཉི་མས་བདམས་བསྒྲིགས་བྱས། བོད་ཀྱི་ཁ་དཔེའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ལོའི་ཟླ༡༠བར་དཔར། ཤོག་ངོས༢༡༤པ།] ཞེས་པ་ལས་ཀྱང་ཕོ་རོག་གི་གྲོག་སྐད་ཀྱིས་རེ་བ་མཚོན་པར་བསྟན་འདུག གཞན་རྔོན་པ་དག་རྒྱ་རྙི་ལ་བལྟ་བར་འགྲོ་སྐབས་ལམ་བར་དུ་ཕོ་རོག་གི་སྐད་ཐོས་པ་ཡིན་ན། དེ་རིང་ང་ལ་གྲོག་འདུག་ཅེས་སེམས་པ་དགའ་བས་བརྟས་ཤིང་རྒྱ་རྙིའི་ནང་རི་དྭགས་བཟུང་ཡོད་པའམ་ཡང་ན་རང་ཉིད་ལ་ལམ་འགྲོ་ཡོད་པར་འདོད་པས། ཕོ་རོག་ནག་ཆུང་ནི་བོད་པའི་ངོས་ནས་མགོན་པོའི་ལྷ་བྱ་དང་། མ་འོངས་པར་བཅངས་པའི་རེ་འདུན། ལྟོས་བཟང་བོ་རྣམས་ཀྱི་མཚོན་བྱར་འཛིན་པའོ། །
༥ བྱ་ཁྲ་ཧོར་བའི་རིག་གནས་མཚོན་དོན།
བྱ་ཁྲས་བྱ་རིགས་དང་སྲོག་ཆགས་ཆུང་གྲས་མང་པོ་གསོད་ཅིང་། སྤུ་སྒྲོ་ཐོར་རེ་བཏང་འཇོག་པས་བྱ་ཁྲ་ནི་བྱ་རིགས་ཀུན་ལས་སྡིག་ཅན་དང་གདུག་རྩུབ་ཆེ་ཤོས་སུ་བརྩི། དེ་བས་རང་རེའི་ངོས་འཛིན་ལ་བྱ་ཁྲ་ནི་བཙན་དགྲ་དང་དགྲ་དཔུང་སྡིག་རྩུབ་ཅན་གྱི་དཔེར་འདྲེན་ཅིང་། དུས་རབས་བཅུ་གསུམ་པའི་སྐབས་སུ་ཧོར་དོར་རྟ་ནག་པོས་སྣེ་དྲངས་པའི་ཧོར་དམག་གིས་བོད་ཆོལ་ཁ་གསུམ་དུ་འཇིགས་པ་ཆེན་པོ་སྐུལ་བ་ནས། གཡག་རྒོད་གཡུང་ལ་བཀུག་པའི་མི་རིགས་འདི་ད་གཟོད་རང་ལས་སྟོབས་ཆེ་བའི་དགྲ་ཟླ་ཐོག་མ་དེར་ཐུག་ཅིང་། ཟིལ་མ་བཟོད་པའི་བསླབ་བྱ་ཐོག་མ་དེ་མྱངས། དེ་ནས་བཟུང་ཁྲིམས་བཙན་པོ་ལ་ཧོར་ཁྲིམས་དང་། དགྲ་ཟླ་བཙན་པོ་ལ་ཧོར་པ་ཞེས་པའི་མིང་ཆགས་ཤིང་། སྐྱ་ཁྲ་ནི་བྱ་ཀུན་ལས་གདུག་རྩུབ་ཆེ་ཤོས་དེ་ཡིན་པས་སྐྱ་ཁྲ་ཧོར་པ་ཞེས་པའི་མིང་བྱུང་། ཚངས་མགུར་ལས་ཀྱང་“སེམས་ཤོར་མཐུན་པ་བྱུང་ན། །སྐྱ་ཁྲ་ཧོར་བས་མི་ཐུབ། །”ཞེས་བྱུང་ཞིང་། དེ་མིན“བྱེའུ་འཇོལ་མོ་ཤིང་རྩེ་མ་འགྲིམ་ཟེར། །ཁྲ་ཧོར་པས་བགྲོད་ལམ་བཀག་གདའ་ཟེར། །བྱེའུ་ཤིང་རྩེ་མི་འགྲིམ་ཤེས་ས་མེད། །ཤིང་རྒྱ་ལྕང་ངེད་གཉིས་གཏམ་བཞག་ཡོད། །ཁྲ་ཧོར་བས་བསད་ན་སྔོན་ལས་རེད། །”[ཀུན་བཟང་རྒྱལ་མཚན་དང་ཟླ་བ་བཀྲ་ཤིས་ཀྱིས་བདམས་བསྒྲིགས་བྱས་པ། བོད་ཀྱི་དམངས་ཁྲོད་གླུ་དབྱངས་འདམས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ་༩པར་ཐེངས་དང་པོ་དཔར། ཤོག་ངོས༡༥༡པ།]ཅེས་པ་དང་།“ཁྲ་ཧོར་པའི་རྣོ་རིང་ལྕགས་སྡེར་གཟེངས། །བྱེའུ་འཛིན་མའི་སྒྲོ་གཤོག་ཁྲག་གིས་འཕྱང་། །”[ལི་ཝུའུ་དབྱང་དང་ལས་དང་ལེན་གྱིས་འདེམ་སྒྲིག་བྱས་པ། གླིང་སྒྲུང་གི་གཏམ་དཔེ་གཅེས་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ལོའི་ཟླ་༩་བ། ཤོག་ངོས༩པ།]ཞེས་དང་། ཡང“བྱིའུ་འཕུར་རྩལ་ཆེ་ན་ཡང་། །སྐྱ་ཁྲ་ཧོར་པའི་ཁ་ཟས་རེད། །[གར་གྱི་ཉི་མས་བདམས་བསྒྲིགས་བྱས། བོད་ཀྱི་ཁ་དཔེའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ལོའི་ཟླ༡༠བར་དཔར། ཤོག་ངོས༤༡༧པ།]ཅེས་པ་དང“སྤྱང་གྲུང་ཧོར་པ་ཁྲ་དང་འདྲ།”[གར་གྱི་ཉི་མས་བདམས་བསྒྲིགས་བྱས། བོད་ཀྱི་ཁ་དཔེའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ལོའི་ཟླ༡༠བར་དཔར། ཤོག་ངོས༤༠༥པ།]ཞེས་པ་ཀུན་ལས་སྐྱ་ཁྲ་ནི་བཙན་རྒོད་ཧོར་དམག་གི་དཔེར་དྲངས་ཡོད་ཅིང་། དེ་ལས་ཧོར་དམག་གིས་བོད་མི་རིགས་ཀྱི་འདས་པའི་དྲན་པའི་ཁྲོད་བསུབ་ཏུ་མེད་པའི་འཇིགས་སྐྲག་སྤྲད་མྱོང་བ་དང་། དེ་ནང་བཞིན་བྱ་རིགས་ཀུན་ལས་ཀྱང་གདུག་རྩུབ་ཆེ་ཤོས་སྐྱ་ཁྲ་ཡིན་པས་ན། སྐྱ་ཁྲ་ཧོར་བ་ཞེས་དཔེ་མཚུངས་རང་བཞིན་གྱི་མིང་འདི་བྱུང་བར་འདོད། དེ་བས་བྱ་ཁྲས་གདུག་རྩུབ་དང་སྤྱང་གྲུང་། མུན་ནག་བཅས་མཚོན་པ་རེད། །
མཇུག་བསྡུ་བ།
འདབ་ཆགས་བྱ་ལ་ཇི་ལྟར་ངོས་འཛིན་བྱེད་པ་དང་། དེའི་རིག་གནས་མཚོན་དོན་སྐོར་ལ་རང་རེའི་ངག་རྒྱུན་དང་གཏམ་དཔེ། གེ་སར་སྒྲུང་། དམངས་ཁྲོད་ཀྱི་གླུ་གཞས། བཤད་པ་སོགས་དང་། ད་དུང་འདབ་ཆགས་མི་ཆོས་སུ་བཤད་པ་རིག་པའི་གཏེར་མཛོད་དང་བྱ་སྤྲེལ་གཏམ་རྒྱུད། བྱ་མགྲིན་སྔོན་ཟླ་བའི་གཏམ་རྒྱུད། མི་དོན་ཕུག་རོན་གྱིས་བཤད་པའི་གཏམ་རྒྱུད་སོགས་བྱ་བྱེའུ་ལ་སྦྱར་བའི་བརྩམས་ཆོས་ལས་བསྟན་པ་ཤིན་ཏུ་མང་ལ། དེ་མིན་ལོ་རྒྱུས་ཀྱི་དེབ་ཐེར་ཁ་ཤས་སུའང་ཐར་ཐོར་འདུག་པས། འདིར་སོ་སོའི་དགའ་ཕྱོགས་ལྟར་སྤྲོ་བའམ་རྩེད་མོ་ཙམ་དུ་ཡིག་རིགས་དེ་དག་ལས་མཐོང་བའི་འདབ་ཆགས་འགའི་དབྱིབས་དང་ཁ་དོག སྐད་ཀྱི་གྲག་ཚུལ་དང་ཡག་བཙོག དེ་བཞིན་བྱ་དེ་དག་གི་ངོས་འཛིན་ལས་མངོན་པའི་རིག་གནས་ལྟ་བ་སོགས་གཅིག་ཏུ་དྲིལ་བ་ཡིན་ལ། འདི་ལས་ང་ཚོ་ལ་ཤེས་རྟོགས་གསར་བའང་ཅུང་ཟད་འབྱུང་སྟེ། དཔེར་ན། རང་རེའི་རིག་གནས་ཀྱི་སྲོག་ཤིང་ནང་བའི་བསྟན་པའི་ཁྲོད་དུ་ཆོས་གོས་སེར་བོའི་རིགས་གོང་ལ་བཀུར་ནས་སྤྱིར་བཏང་གི་མི་སྐྱས་ཁ་དོག་དེ་ལྟ་བུ་མི་གྱོན་པ་དང་། དེ་བཞིན་མདོག་དེ་མཚུངས་ཀྱི་བྱ་ངུར་བའང་དེ་མཐུན་གྱི་དཔེར་བཀོད་ནས་གོང་བཀུར་དང་གཅེས་སྲུང་བྱེད་པ་དང་། བྱམས་སྙིང་རྗེའི་ལྟ་བ་གཙོ་བོར་འཛིན་པའི་རང་རེར་མཚོན་ན་བྱ་ཁྲའི་སྡིག་གསོག་གི་ལས་ནག་པོ་དེ་ལ་དགའ་པོ་མི་བྱེད་ཅིང་མི་གཏུམ་པོའི་དཔེར་འདྲེན་པ་ལྟ་བུ་རེད། དེ་བཞིན་བྱ་རེ་རེ་ལ་འཛིན་པའི་ལྟ་ཚུལ་ལ་ཞིབ་ཏུ་བསམ་བློ་བཏང་ན། དེ་ལས་བོད་མི་རིགས་ཀྱི་ཁ་དོག་གི་རིག་གནས་དང་། སྐད་སྒྲར་འཛིན་པའི་ལྟ་ཚུལ། བྱམས་སྙིང་རྗེའི་ལྟ་བ་སོགས་ཟུར་ཙམ་རྟོགས་ཐུབ་ཅེས་བརྗོད་ནའང་ཆོག་གོ །དེ་བཞིན་སྟག་ཚང་དཔལ་དབྱོར་བཟང་བོས“བྱ་དང་རི་དྭགས་དབྱེ་བ་རྣམས། །བྱང་པ་མཁས་པས་བཤད་པ་ཙམ། །ཕྲ་མོའི་ཚིག་ལ་མཁས་པ་རྣམས། །མི་འདོད་བྱིས་པ་དགའ་ཕྱིར་བྲིས།”[རྒྱ་བོད་ཡིག་ཚང་ཆེན་མོ། དཔལ་འབྱོར་བཟང་པོས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ་དྲུག་པའི་པར་ཐེངས་གཉིས་པ། ཤོག་ངོས༤༡༨པ།]ཞེས་པ་ནང་བཞིན། དེ་སྔའི་བོད་ཀྱི་ཡིག་ཚང་རྣམས་སུ་འཇིག་རྟེན་པ་སྟེ་མི་སྐྱ་ཕལ་པའི་རིག་གནས་དང་འཚོ་གནས། དེ་བཞིན་ཉེ་འཁོར་གྱི་ས་ཆུ་རི་དྭགས་སོགས་ཀྱི་སྐོར་ལ་བྲིས་པ་ཤིན་ཏུ་ཉུང་བར་མ་ཟད། ད་དུང་ཕལ་བའི་རིག་གནས་སུ་བརྩིས་ནས་མཐོང་ཆུང་བྱེད་པས་ན། སྟག་ཚང་དཔལ་འབྱོར་བཟང་པོས་ཀྱང་མཁས་པ་རྣམས་མི་འདོད་ནའང་བྱིས་པ་སྟེ་སོ་སྐྱེ་ཕལ་པ་རྣམས་དགའ་བའི་ཕྱིར་བྲིས་པ་ཡིན་ཞེས་གསུངས་ཤིང་། ཁོང་གིས་འདབ་ཆགས་དང་རི་དྭགས་སྐོར་ཉུང་ཙམ་བྲིས་པ་འདི་དེ་རིང་གི་ང་ཚོར་མཚོན་ན་རིན་ཐང་ཆེན་པོ་ཡོད་པ་སྨྲས་མེད་རེད། བྱང་ཐང་ནི་གནའ་དུས་ཙམ་མ་ཟད་ད་ལྟ་འང་རི་སྐྱེས་སྲོག་ཆགས་ཀྱི་འཇིག་རྟེན་དུ་གྲགས་པས་“བྱང་ཐང་མཁས་པ”འམ་བོད་མི་བྱིངས་ཀྱི་ཁ་རྒྱུན་དུ་ལུས་པའི་རི་སྐྱེས་སྲོག་ཆགས་དང་མཁའ་འགྲོ་འདབ་ཆགས་རིགས་ཀྱི་ཤེས་བྱ་ཕུན་སུམ་ཚོགས་པོ་དག་ཟིན་འགོད་དང་འཚོལ་སྡུད་བྱ་རྒྱུ་ནི་གནད་ཤིན་ཏུ་ཆེའོ། །

 

དཔྱད་གཞིའི་ཡིག་ཆ།
༡ རྒྱ་བོད་ཡིག་ཚང་ཆེན་མོ། དཔལ་འབྱོར་བཟང་པོས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོའི་ཟླ་དྲུག་པའི་པར་ཐེངས་གཉིས་པ།
༢ རྟ་མགྲིན་ཚེ་རིང་གིས་ལེགས་བསྒྲིགས་བྱས། འདབ་ཆགས་མི་ཆོས་སུ་བཤད་པ་རིག་པའི་གཏེར་མཛོད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་ཟླ་༣པར་དཔར།
༣ རིན་སྤུངས་ངག་དབང་འཇིག་གྲགས། མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན་ཞེས་བྱ་བ་བཞུགས་སོ།། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༤པའི་ནང་པར་ཐེངས་ལྔ་བ་དཔར།
༤ སྟག་ཕུ་བ་བློ་བཟང་བསྟན་པའི་རྒྱལ་མཚན། བྱ་མགྲིན་སྔོན་ཟླ་བའི་གཏམ་རྒྱུད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༣ལོའི་ཟླ་བ་༡༢པའི་ནང་དཔར།
༥ དུང་དཀར་བློ་བཟང་འཕྲིན་ལས། གྲུབ་མཐའི་སྐོར་གྱི་རྣམ་བཤད། མཇུག་བྱང་གི་ཤོག་ངོས༡༤པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༡༠པར་པེ་ཅིན་དུ་པར་ཐེངས་༢པ།
༦ ལི་ཝུའུ་དབྱང་དང་ལས་དང་ལེན་གྱིས་འདེམ་སྒྲིག་བྱས་པ། གླིང་སྒྲུང་གི་གཏམ་དཔེ་གཅེས་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ལོའི་ཟླ་༩་བ།
༧ ཀུན་བཟང་རྒྱལ་མཚན་དང་ཟླ་བ་བཀྲ་ཤིས་ཀྱིས་བདམས་བསྒྲིགས་བྱས་པ། བོད་ཀྱི་དམངས་ཁྲོད་གླུ་དབྱངས་འདམས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ལོའི་ཟླ་༩པར་ཐེངས་དང་པོ་དཔར།
༨ སྤེན་པ་ཆོས་གྲགས་ཀྱིས་བསྡུས། སྡེ་དགེའི་དམངས་གླུ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོའི་ཟླ་༥བའི་པར་ཐེངས་དང་པོ།
༩ གར་གྱི་ཉི་མས་བདམས་བསྒྲིགས་བྱས། བོད་ཀྱི་ཁ་དཔེའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ལོའི་ཟླ༡༠བའི་ནང་།
༡༠ སྤེན་པ་ཆོས་གྲགས་ཀྱིས་བསྡུས། སྡེ་དགེའི་དམངས་གླུ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོའི་ཟླ་༥བའི་པར་ཐེངས་དང་པོ།
༡༡ བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ལོའི་ཟླ་༩པའི་པར་ཐེངས་གསུམ་པ།
༡༢ མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། མཁས་པ་ལྡེའུ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
༡༣ བཀའ་ཆེམས་ཀ་ཁོལ་མ། ཇོ་བོ་ཨ་ཏི་ཤས་གཏེར་ནས་བཏོན་པ། སྨོན་ལམ་རྒྱ་མཚོས་ཞུ་དག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས། སྤྱི་ལོ་༡༩༨༩ལོའི་ཟླ༩པར་དཔར་ཐེངས་དང་པོར་བཏབ།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།