ཨོའུ་རྒྱའི་ལ་བོའི་སྡུག་གླུ ༼ཁྲི་ཀའི་རྐང་ཚ་ནས་ཐོན་པའི་ངག་རྩོམ།༽
རྩོམ་པ་པོ།  ཁྲི་གཤེད་མ།     སྤེལ་དུས།  2012-12-15 00:21:57    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

ཤཱ་ལའི་རྒྱ་མཁར་ཡན་ཆད།  །
ཉིན་ཕྱུག་རྒྱ་མཁར་མན་ཆད།  །
དགོན་གོང་མའི་རྒྱ་ཁྱིག་འཕེན་ས།  །
རྒོན་བཞི་མོ་རྒྱ་ཁྱུར་བརྒྱགས་ས།  །
རྟ་ཕོ་ཆེན་རི་རྒྱག་བྱེད་ས།  །
སྤྱང་དར་མ་མིན་ནས་དགྲ་མེད།  །
དགྲ་བྱང་ཕྱོགས་ས་ནས་ལངས་ནས།  །
གན་མར་ཕྱོགས་ཀློའུ་ངན་ཚང་གིས།  །
ངའི་རྔ་རན་ལྔ་བཅུ་དེད་ལེ།  །
ད་ལྔ་བཞི་དྲུག་གསུམ་བསད་ཐལ།  །
ང་བོའུ་གཞི་རྒྱ་སྤང་ཆ་བོས།  །
གསོད་མ་ཐུབ་ཐེད་བོར་ལུས་སོང་།  །
བུ་རྒྱ་སྟག་དབུས་ནས་ཐོན་ནས།  །
རྒྱ་ཡོད་མེད་གཉིས་ཀ་ཁྲིད་ལེ།  །
སྐྱ་སུམ་ཅུའི་ཁ་མགོ་བྱས་ནས།  །
ས་སྐྱ་ཡང་སྒང་ལ་བུད་དེ།  །
ཤ་ཡུ་མོ་གཉིས་ལ་བརྒྱུད་ལས།  །
འདྲེ་འདྲེ་མོ་གཉིས་ཀྱིས་ཁྲིད་ནས།  །
རི་ཀོང་ཆེན་མགོ་ནས་བུད་ལེ།  །
མི་རྩ་ཆེན་ཤོད་ལ་ཕབ་བཏང་།  །
ངའི་ཐོག་མདའ་སྐར་མདའ་གཉིས་ཀས།  །
ཀློའི་ཚེ་རིང་ཚེ་མདའ་བྱས་བཏང་།  །
ཀློའི་ཚང་གི་རྒྱ་མགོ་བཅད་ནོ།  །
ང་རྒྱ་ཐོག་འདུན་མ་བུད་བཏང་།  །
ངས་དྲིན་ཆེན་རྩ་བའི་བླ་མར།  །
དངུལ་ཞིག་གི་ཞུ་རྟེན་འཁྱེར་ནས།  །
བུས་བཙུགས་ནས་ཕྱག་གསུམ་འཚལ་ཏེ།  །
ཁ་དགད་ལེ་ཚིག་གསུམ་བཤད་ལེ།  །
གྱོད་འདི་ལ་འདུན་མ་ཨེ་ཡོད།  །
གྱོད་འདི་ལ་འདུན་མ་མེད་ན།  །
རྩེ་སྔོན་མོ་ལྟག་གིས་འཇོག་རྒྱུ།  །
རྨ་སྔོན་མོའི་ཕ་རོལ་འབུད་རྒྱུ།  །
འདི་ཟེར་ནས་ཚིག་གསུམ་ཞུས་ར།  །
ཕྱག་དྲོན་མོ་འཇོག་རྒྱུ་མེད་གི  །
གསུང་སྙན་མོ་གསུང་རྒྱུ་མེད་གི  །
ཀློའུ་གོང་འོག་བར་གསུམ་ཟེར་ནོ།  །
ད་ནངས་ཚོགས་དགོང་ཚོགས་བརྒྱབ་ནས།  །
ད་ཁྱིག་ཁྱུ་བར་གསུམ་བཞག་ནས།  །
ང་བོའུ་གཞི་ཁུ་འཛིན་ཆ་བོས།  །
ས་རྐ་རྒན་གཞུང་ནས་མ་བཟོད།  །
ངས་མ་མོ་ཆ་བོ་བྲོ་བྱས།  །
ད་མ་འབྲི་ཆ་བོར་ཁལ་བཀལ།  །
ས་ནག་པོ་ཐད་ཀས་བཅད་ལེ།  །
ཆུ་དམར་ནག་དགུང་ལ་མཆོད་ནས།  །
རྩེ་སྔོན་མོ་ལྟག་གས་བཞག་ནས།  །
རྨ་སྔོན་མོའི་ཕ་རིར་ཐོན་བཏང་།  །
ངས་དཀར་འཇམ་ཀོའུ་བ་ངོ་ཤེས།  །
ངས་ཀརྟི་བླ་མར་མནའ་བཅད།  །
མཚམས་མཚམས་མ་ལ་བོས་ལབ་བརྒྱབ།  །
མཚམས་མཚམས་ལ་བ་ཆུས་སྐོམ་སེལ།  །
བུ་ཨ་ར་བད་མ་བློ་དྲིས།  །
ཀློའུ་གོང་འོག་བར་གསུམ་ཟེར་ནོ།  །
དམག་ཆུ་ལོག་འདྲ་ཞིག་བླུགས་ནས།  །
རྩེ་སྔོན་མོ་ལྟག་གས་བཞག་ནས།  །
རྨ་སྔོན་མོའི་ཕ་རིར་ཐོན་བཏང་།  །
ས་སོག་པོའི་ས་ཆ་ཟེར་ནི།  །
བུ་གོ་བ་ཅན་ལ་སྟོང་ཚོགས།  །
ཁྲབ་ཨ་ལོང་ཅན་ལ་སྟོང་ཚོགས།  །
དམག་གན་ལ་གཏུགས་རྒྱུ་ཟེར་ནས།  །
ཀློའུ་གོང་འོག་བར་གསུམ་ཟེར་ནིས།  །
གཏུགས་མ་ཐུབ་ཕྱིར་ལ་བུད་ཐལ།  །
གན་དམག་སྣ་དམག་གིས་རྫོགས་བཏང་།  །
ད་ཆུ་སྣ་ཁེམ་གྱིས་རྫོགས་བཏང་།  །
ངའི་འབའ་ཡི་རྐ་རྒན་རྐ་ཆུང་།  །
ཕ་ཨ་ཁུའི་སྐལ་བ་ལྡན་ས།  །
བུ་ཚ་བོའི་འདབ་ལག་རྒྱས་ས།  །
ད་མ་ཡི་ལྟེ་ཁྲག་འཕོ་ས།  །
ས་དེ་ནི་བློ་ཡིས་བཏང་ན།  །
གྱོད་འདི་ལ་འདུན་མ་ཆེ་ཡོད།  །
ང་མདའ་ཚན་མདའ་མོ་བཅུ་གཉིས།  །
མདའ་མོ་བསྟད་ན་ཁ་ལས་དགེ་ས།  །
ཤེད་ཚིགས་གཏོར་ན་རྒྱུ་ཟོག་འཁོར་ས།  །
རྨུ་ཐག་འཐེན་ན་ཚེ་ཐག་རིང་ས།  །
ས་དེ་ནི་བློ་ཡིས་བཏང་ན།  །
གྱོད་འདི་ལ་འདུན་མ་ཆེ་ཡོད།  །
སྟོད་བྲག་དམར་གསེར་ཁང་མན་ཆད།  །
ད་ཞྭ་དམར་ཁང་བ་ཡན་ཆད།  །
སྟག་ཤ་རས་ཤ་བོ་བདའ་ས།  །
རྭ་བཙོང་ནས་གོང་རྒྱ་ལེན་ས།  །
ད་ཕྱུག་པོས་དཀར་ལས་བྱེད་ས།  །
ཡང་འཕྱུར་བ་བྱུར་དམར་སྐེམ་ས།  །
ད་མེད་པོས་གྲོ་མ་བརྐོ་ས།  །
ས་དེ་ནི་བློ་ཡིས་བཏང་ན།  །
གྱོད་འདི་ལ་འདུན་མ་ཆེ་ཡོད།  །
ད་ཕོ་རོག་སྔོ་ཟོར་ཡན་ཆད།  །
ད་ཇོ་མོ་ལྷ་ལྕམ་མན་ཆད།  །
ད་རྒྱ་མོས་རྒྱ་རྟེའུ་ཁྲིད་ས།  །
བྱ་གླག་མོས་གླག་ཕྲུག་ཁྲིད་ས།  །
ད་ར་མས་ཉིས་ར་ཁྲིད་ས།  །
ས་དེ་ནི་བློ་ཡིས་བཏང་ན།  །
གྱོད་འདི་ལ་འདུན་མ་ཆེ་ཡོད།  །
ས་གླིང་དཀར་སྟོད་ལུང་གོང་མ་ནས།  །
ང་བདེ་ནས་དལ་ཡིས་བསྡད་ན།  །
ངས་ད་རུང་དལ་མོར་སྐད་གཏོང་།  །
          སྤྱི་ལོ༢༠༡༢ལོའི་ཟླ༧པའི་ཚེས༡༨ཉིན།

༼བཤད་མཁན།       བ་ལོ།
   ལོ་ཚོད།               ༨༩
   ས་གནས།     ཁྲི་ཀའི་རྐང་ཚ་ཞོལ་མ།
   བསྡུ་མཁན།    ཁྲི་གཤེད་མའམ་བཀྲ་ཤིས་རྒྱ་མཚོ།༽

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།