བོད་ཀྱི་སྲོལ་ཡུལ་ལྷ་གསོལ་བ་དང་མི་རིགས་ཀྱི་ཁྱད་ཆོས་སྐོར་དཔྱད་པ།
རྩོམ་པ་པོ།  མཁར་རྨེའུ་བསམ་གཏན་རྒྱལ་མཚན།    སྤེལ་དུས།  2012-09-18 20:38:27    རྡེབ་ཚད།     ཡོང་ཁུངས། མཚོ་སྔོན་པོ་དྲ་བ།

རུ་ལག་གཡུང་དྲུང་གླིང་དུ་ཡོད་པའི་ཨ་མྱེས་རྨ་ཆེན་གྱི་འདྲ་རིས།

                                          (མཁར་རྨེའུ་བསམ་གཏན་གྱིས་མཛད་པའི《མདའ་དང་འཕང་ལས》དྲངས།)
    དེ་ཡང་དུས་རབས་བདུན་པ་ནས་དགུ་པ་བར་གྱི་བོད་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་རང་སོ་སོའི་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་ཁྱད་ཆོས་སམ་རྣམ་པར་དོ་སྣང་ཆེ་ཆེར་བྱས་ཡོད་པ་ནི་སྐབས་དེ་དུས་ཀྱི་སྐྱེ་བོ་རྣམས་ཀྱིས་རང་ཉིད་གནས་ཡུལ་གྱི་ས་ཆར་ཆེ་བསྟོད་དང་། མི་རིགས་ཀྱི་སྤོབས་ཉམས་ཉིད་མངོན་པར་འཕགས་པ་མཚོན་པར་བྱས་པ་ལས་རྟོགས་ཐུབ། དེ་ཡང་གནའ་བོའི་བོད་ཀྱི་ཡིག་ཆའི་ནང་དུ། སྐབས་དེའི་རང་ཉིད་འཚོ་གནས་བྱ་སའི་ཡུལ་ལྗོངས་དང་། རང་བྱུང་ཁམས་ཀྱི་རྣམ་པ་དང་། ཁོར་ཡུག ཡངས་ཤིང་གཙང་བའི་ས་ཁམས་བཅས་སྐོར་ལ་བསྟོད་ཚིག་དང་སྒྲོགས་ནས་ཞིབ་འབྲི་འདི་ལྟར་བྱས་ཡོད་དེ། “ཡུལ་མཐོ་ས་གཙང་བོད་ཀྱི་ཡུལ། །གངས་རི་མཐོ་གཙང་ཀུན་གྱི་གཉའ། །ཆུ་བོ་ཀླུང་ཡས་ཀུན་གྱི་འགོ །ལྷ་གཉན་ཡུལ་དབྱིངས་དཀྱིལ་འདི་ན།།” ཞེས་པ་ལྟར་རོ། །
  བོད་བཙན་པོའི་སྐབས་སུ་གངས་ཅན་ལྗོངས་ཀྱི་ས་བབས་དང་། ཁྱད་ཆོས། ཆགས་ཚུལ་སོགས་བརྗོད་སྐབས་དེའི་ཉེ་འབྲེལ་རྒྱལ་ཁམས་དང་འབྲེལ་བ་བྱས་ནས་བྲིས་བཀོད་བྱས་ཡོད། དེ་ཡང་ལྷོ་ཕྱོགས་སུ་ཆགས་པའི་རྒྱ་གར་ནི་ཆོས་ཀྱི་འབྱུང་གནས་དང་། ནུབ་ཕྱོགས་སུ་གནས་པའི་སྟག་གཟིག་ནི་ནོར་གྱི་ཡུལ། བྱང་ངོས་སུ་མཆིས་པའི་དྲུ་གུ་ནི་རྔམས་བརྗིད་དམག་གི་དོ་ར། ཤར་མཚམས་ཀྱི་རྒྱ་ཡི་ཡུལ་ནི་ཤེས་རབ་དང་ཚན་རིག་གི་ཡུལ་ཁམས་བཅས་ཡིན་ཚུལ་བརྗོད་སྲོལ་ཡོད་དོ། །
  བོད་རིགས་ཀྱི་རིག་གནས་ཀྱི་ཁྱད་ཆོས་གྲུབ་པའི་ནང་དོན་དུ་མའི་ནང་ལས་སྔ་དེང་གཉིས་ཀར་ཉམས་སྨད་དུ་མ་ཕྱིན་པར་གནས་བཞིན་ཡོད་པ་ནི་ཡུལ་ལྷ་ལ་དད་མོས་བྱེད་པའི་སྲོལ་དེ་ཡིན། དེའི་ཐད་ཀྱི་ཆེས་ཐོག་མའི་དཔེ་མཚོན་ཞིག་ནི་ཀོང་པོའི་ཡུལ་དུ་ཆགས་ཤིང་བོད་ཀྱི་བཙན་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ལྷ་ཡི་ཡུལ་ནས་མི་ཡུལ་དུ་བྱོན་སྐབས་ཞབས་ཀྱི་བཅགས་པར་གྲགས་པའི་ལྷ་རི་གྱང་ཏོ་ལྟ་བུ་ཡིན། བོད་ཀྱི་བཙན་པོ་ནི་ལྷ་ནས་མགོ་ནག་མི་ཡི་རྗེ་བོར་བྱོན་པ་དང་ཡར་ལུང་གི་ཁུལ་དུ་ཆགས་པའི་རི་བོ་ཡར་ལྷ་ཤམ་པོའི་ལྷ་དེར་ཡར་ལུང་རྒྱལ་རབས་ཀྱི་ཡབ་མེས་ཀྱི་ལྷ་ཡིན་པར་འདོད་པ་བཅས་ནི་ཡུལ་ལྷར་དད་མོས་བྱེད་པའི་སྲོལ་དེའི་དཔང་རྟགས་གསོན་ཉམས་དང་ལྡན་པ་ཞིག་ལགས། དེ་ཙམ་མ་ཟད་བོད་ཀྱི་བཙན་པོ་ག་གེ་མོ་ཞིག་གི་མཚན་ལའང་གནམ་རི་ཞེས་འབོད་སྲོལ་ཡོད།
  བོད་མི་རིགས་ཀྱི་ཁྱད་ཆོས་མངོན་པར་འཕགས་པར་བྱེད་པའི་སྲོལ་དེར་བོད་བཙན་པོའི་སྐབས་སུ་དང་དོད་ཆེ་ཆེར་བྱས་ཡོད་ལ། སྲོལ་དེ་བོད་ཀྱི་དུས་རབས་དཀྱིལ་མའི་སྐབས་སུ་ཅུང་ཟད་ཉམས་ཞན་དུ་ཕྱིན་ཡོད། དེ་ཡང་བོད་དུ་སངས་རྒྱས་ཆོས་ལུགས་ཤུགས་ཆེར་དར་བ་དང་དུས་མཚུངས། སྐབས་དེའི་བོད་རང་གི་ལ་རྒྱ་དང་རིག་གནས་དག་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་གྱི་སྐྱེ་བོའི་ཚོགས་རྣམས་ལ་དཀའ་ཁག་ཆེན་པོ་འཕྲད་ཡོད། དེ་ལྟའི་སངས་རྒྱས་ཆོས་ལུགས་ཀྱིས་མི་རྣམས་ཀྱི་བློ་ཡོངས་སུ་བཀུག་པ་དང་། ལྷག་པར་དུ་དགོན་སྡེའི་སློབ་གསོ་ཉིད་ཇེ་ཆེ་ཇེ་རྒྱས་ཀྱི་ཕྱོགས་སུ་འཕེལ་བར་བརྟེན། སྐབས་དེར་མི་རིགས་ཀྱི་རང་ཚུགས་དང་རང་སོ་སོའི་མི་རིགས་ཀྱི་ཁྱད་ཆོས་མངོན་པར་འཕགས་པར་བྱེད་འདོད་པའི་སྐྱེ་བོའི་ཚོགས་ཤིག་ཡོད་པ་དང་ཁོང་རྣམས་ཀྱིས་འཛིན་སྐྱོང་བྱེད་པའི་རིག་གནས་འདུ་ཤེས་དག་མུ་མཐུད་གནས་པར་བྱེད་པའི་ཁོར་ཡུག་མ་འབྱོར་བའི་ཁར་དེ་ལ་སྣང་ཆུང་ཡང་བྱས་ཡོད་པ་ནི་མངོན་གསལ་དོད་པོ་ཡིན་ནོ། །
  བོད་ཀྱི་ཆོས་ལུགས་རིག་གནས་ནང་དུ་ཕྱི་རོལ་ནས་དར་བའི་ཆོས་ལུགས་དང་རིག་གནས་ལ་སུན་འབྱིན་དང་བཀག་བསྡོམས་བྱེད་པའི་བསམ་བློ་ཤུགས་ཆེ་གནས་ཡོད། གལ་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་ཉིང་ཁུ་ནི་མི་རིགས་ཀྱི་ངོ་བོའི་ལམ་ནས་མཚོན་པར་བྱེད་པ་ཡིན་ན། བོད་དུ་ནི་དེ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་དང་དགོན་སྡེ་སྲུང་སྐྱོབ་བྱེད་པའི་ལམ་ནས་མཚོན་པར་བྱས་ཡོད་པ་ལས་ཡུལ་ཁམས་ཀྱི་ལ་རྒྱས་མཚོན་པར་བྱས་ཡོད་པ་མ་ཡིན་ནོ། དེ་ཡང་ཕྱོགས་གཞན་ཞིག་ནས་འགྲེལ་བཤད་བྱས་ན། སངས་རྒྱས་ཆོས་ལུགས་ཀྱི་ནང་དུ་བརྗོད་པའི་བྱམས་སྙིང་རྗེ་ཞེས་པའི་ཤུགས་རྐྱེན་དེ་བོད་མི་རིགས་ཀྱི་བསམ་བློར་ཤུགས་རྐྱེན་གཏིང་ཟབ་ཕོག་པ་ལས་ཁོ་ཚོས་རེ་ཞིག་རང་ཉིད་ཡང་སྙིང་སུ་ཡིན་མིན་དང་གང་དུ་གནས་མིན་སྐོར་གཏིང་བརྗེད་དུ་ཕྱིན་པ་ལྟ་བའི་གནས་སུ་གྱར་ཡོད། དེ་ཡང་ལོ་རྒྱུས་ཐོག་བོད་ཀྱི་མཐོ་རིམ་བླ་མ་ཞིག་སོག་པོའམ་ཆིང་རྒྱལ་རབས་ཀྱི་གོང་མ་ཞིག་དང་མཇལ་བའི་སྐབས་སུ་དེས་རང་གི་ཡུལ་ཁམས་དང་མིའི་ཁེ་ཕན་དག་གོང་མར་སྙན་ཞུ་བྱེད་པའི་སྐབས་ནི་ཤིན་ཏུ་ཉུང་ཞིང་། དེ་ལྟ་བུའི་སངས་རྒྱས་ཆོས་ལུགས་པའི་ཇི་མི་སྙམ་པའི་སེམས་ཁམས་དེ་ཉིད་ཁོང་ཚོའི་དུས་རྒྱུན་གྱི་བསམ་བློའི་གནས་སྟངས་ལས་མཚོན་པ་མ་ཟད། རང་ཉིད་གནས་པའི་ཡུལ་ཁམས་ཀྱི་ངོས་འཛིན་དང་དེ་ལ་ཤེས་རྟོགས་བྱེད་ཚུལ་ཁོ་ན་བཅས་ཀྱི་ཆ་ནས་ཀྱང་མཚོན་པ་ཡིན་སྟེ། སྤྱི་ལོ1916ལོར་ཉི་འོང་གི་ལྗོངས་རྒྱུ་བ་ཞིག་བོད་དུ་སླེབས་རྗེས་ཧང་སངས་དགོས་པའི་གནས་ཚུལ་ཞིག་འཕྲད་ཡོད་པ་ནི། སྐབས་དེའི་བཀའ་ཤག་སྲིད་གཞུང་ལ་དབྱིན་ཇིའི་རི་འཛེགས་རུ་ཁག་གཅིག་གིས་བོད་ཀྱི་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་ཆོག་པའི་ཆོག་མཆན་སྤྲོད་རོགས་ཞེས་ཞུ་སྐབས་བཀའ་ཤག་སྲིད་གཞུང་གིས་ཇོ་མོ་གླང་མའི་བྱང་ངོས་དེ་བོད་ཀྱི་ས་ཁོངས་སུ་གནས་ཡོད་པའི་གནས་ཚུལ་དག་མི་ཤེས་པ་དེ་ཡིན།
  ད་ལྟའི་བོད་མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ནི་སངས་རྒྱས་ཆོས་ལུགས་དང་འབྲེལ་ནས་གནས་ཡོད་ཅིང་། སངས་རྒྱས་ཆོས་ལུགས་ལ་དེ་ཙམ་གྱི་དད་པའམ་དང་དོད་བྱེད་པ་དེ་ཙམ་གྱིས་རང་ཉིད་བོད་རིགས་ཤིག་ཡིན་པའི་རྣམ་པ་དེ་མཚོན་པར་བྱེད་པ་ཡིན། བོད་ཀྱི་སྲོལ་རྒྱུན་སྤྱི་ཚོགས་ཐོག་སངས་རྒྱས་ཆོས་ལུགས་ཀྱི་གོ་གནས་མཐོ་ཤོས་བཟུང་ཡོད། དེ་དང་དུས་གཅིག་ཏུ་བོད་ནང་དུ་ཁ་ཆེའི་ཆོས་ལུགས་ལ་དད་པ་བྱེད་མཁན་ཡོད་པ་དང་། འཛམ་གླིང་གི་གྲགས་ཅན་ལོ་རྒྱུས་སྙན་ངག་སོགས་ཤིན་ཏུ་ཕུན་སུམ་ཚོགས་པའི་རྩོམ་རིག་གསར་དུ་གཏོད་པ། དེ་བཞིན་སངས་རྒྱས་ལས་བྱུང་བ་མ་ཡིན་པའི་བོད་ཀྱི་སྐྱེ་བོས་ཡུལ་ལྷ་ལ་དད་མོས་བྱེད་པ་དར་ཞིང་གནས་ཐུབ་པ་བཅས་ནི་ངོ་མཚར་ཆེ་བའི་གནད་ཅིག་ཡིན། ལར་བོད་དུ་འཛམ་གླིང་འདི་ན་ཡོངས་སུ་གྲགས་པའི་ལོ་རྒྱུས་སྙན་རྩོམ《གེ་སར་རྒྱལ་པོའི་སྒྲུང》སོགས་ཡོད་ནའང་། དེ་ནི་ཡུལ་ལྷ་ལ་དད་མོས་བྱེད་པའི་སྲོལ་ལྟར་མ་ཡིན་པར་དགོན་པའི་ནང་དུ་ལྟ་ཀློག་བྱེད་མི་ཆོག་ལ། ཆོས་པ་རྣམས་ཀྱིས་དེ་ལ་མཐོང་ཆུང་ཡང་མཛད་པ་ཡིན། འོན་ཀྱང་། བོད་ཀྱི་དམངས་ཁྲོད་དུ་གེ་སར་སྒྲུང་ནི་དར་ཁྱབ་ཤིན་ཏུ་ཆེ་ཞིང་། སྒྲུང་ནང་གི་མི་སྣ་གཙོ་བོ་གེ་སར་ནི་རྫུ་འཕྲུལ་དང་ལྡན་ཞིང་གཡུལ་ཀུན་ལས་རྒྱལ་བའི་དཔའ་བོ་ཞིག་དང་། སྐྱེ་བོ་ཕལ་པའི་ཕུགས་བསམ་ཁྲོད་ཀྱི་མགོན་སྐྱབས་ཤིག་ཏུ་འབྲི་བཞེངས་བྱས་ཡོད། དུས་མཚུངས་གེ་སར་རྒྱལ་པོ་ཉིད་གཡུལ་དུ་མ་ཞུགས་པའི་སྐབས་སུ་དེ་པ་སྒྲུབ་པ་ཉམས་ལེན་མཛད་མཁན་གྱི་ཆོས་པ་ཞིག་ཏུ་འདོད་པ་ཡང་ཡིན་ནོ། དོན་དངོས་ཐོག་གེ་སར་དམག་ལ་ཞུགས་ནས་མཐའ་བཞིའི་རྒྱལ་ཕྲན་རྣམས་དབང་དུ་བསྡུས་པའི་སྐོར་གྱི་སྒྲུང་དག་བློ་བཟོ་བྱས་པ་ལྟ་བུར་སྣང་ནའང་། དེ་ལས་བོད་མི་རིགས་ཀྱི་རྣམ་པ་དང་། མི་རིགས་ལ་རྒྱ། རང་བརྩིའི་འདུ་ཤེས་བཅས་གྲུབ་རྒྱུའི་ཐད་ནུས་པ་ངེས་ཅན་ཞིག་ཐོན་ཡོད། །
  སྤྱི་ལོ1985དང་1987ལོར་ཁོ་བོ་ལྷ་སར་ཞིབ་འཇུག་གི་ལས་དོན་སྒྲུབ་པའི་སྐབས་སུ་གེ་སར་རྒྱལ་པོའི་སྒྲུང་དེབ་མང་པོ་པར་སྐྲུན་བྱས་འདུག་པ་ཤེས་ཚོར་བྱུང་ཞིང་། གྲགས་ཅན་སྒྲུང་པས་སྒྲ་ཕབ་བྱས་པའི་སྤྱིན་ཤོག་ཀྱང་མང་པོ་འགྲེམ་ཚོང་བྱེད་ཀྱི་འདུག་པ་མ་ཟད། སྒྲུང་དཔེ་ཁག་ནང་གི་སྒྲུང་གི་ནང་དོན་མཚོན་པའི་བརྙན་པར་མི་འདྲ་བ་སྣ་ཚོག་ཀྱང་དཔེ་ཚོང་ཁང་དང་ཁྲོམ་རའི་ཐོག་ཉོ་རྒྱུ་འདུག ཁོ་བོས་མཐོང་བའི་སྣང་ཚུལ་ཞིག་ནི་བརྙན་པར་དེ་དག་ཐོག་བྲིས་པའི་མི་སྣ་མང་ཆེ་བ་ནི་གེ་སར་རྒྱལ་པོ་མ་ཡིན་པར་མ་ཡུམ་རྒྱ་རིགས་པའི་རྒྱ་ཚ་ཞལ་དཀར་ཞེས་པ་དེ་རེད་འདུག གེ་སར་རྒྱལ་པོའི་སྒྲུང་ལས་བོད་རིགས་རྣམས་རིག་གནས་གཅིག་མཐུན་ཡིན་པའི་རྣམ་པ་གྲུབ་པའི་གྲུབ་ཆ་གཞན་ཞིག་ནི་སྒྲུང་དེའི་ནང་དུ་གེ་སར་གྱིས་གེ་མཛོད་རིར་མཆོད་པ་མཛད་ཚུལ་དེ་ཡིན། དེ་ཡང་སྤུར་རྒྱལ་བོད་ཀྱི་བཙན་པོ་རྣམས་ཀྱིས་ཡར་ལྷ་ཤམ་པོ་ནི་ཁོང་རྣམས་ཀྱི་སྐུ་བླ་དང་གཙུག་གི་ལྷ་སྟེ་མེས་ལྷར་ངོས་འཛིན་མཛད་ནས་གསོལ་བ་ཡིན་ལ། གེ་སར་རྒྱལ་པོས་ཀྱང་གོང་དུ་བརྗོད་པའི་ཡུལ་ལྷ་དེ་རང་གི་མེས་པོར་ངོས་འཛིན་མཛད་ནས་གསོལ་བ་ཡིན། དེ་ལྟར་མཚོ་སྔོན་གྱི་མགོ་ལོག་རྒྱུད་ཀྱི་བོད་པ་རྣམས་ཀྱིས་ཨ་མྱེས་རྨ་ཆེན་རི་བོ་ནི་རང་གི་ཡབ་མེས་ལ་བརྩིས་ནས་གསོལ་བ་ཡིན་ནོ།།
 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།