བཙན་པོའི་དུས་སྐབས་ཀྱི་ཡིག་རྙིང《སྨན་དཔྱད་ཀྱི་རབས》ཞེས་པར་དཔྱད་པ།
རྩོམ་པ་པོ།  ལྕགས་མོ་མཚོ།    སྤེལ་དུས།  2016-04-19 19:18:49    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

 

བཙན་པོའི་དུས་སྐབས་ཀྱི་ཡིག་རྙིང《སྨན་དཔྱད་ཀྱི་རབས》ཞེས་པར་དཔྱད་པ།
ལྕགས་མོ་མཚོ།
ནང་དོན་གནད་བསྡུས།  དཔྱད་རྩོམ་འདིའི་ནང་དུ་གཙོ་བོ༢༠༠༦ལོར་བོད་ལྗོངས་མཚོ་སྨད་རྫོང་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་གྱི་ཡིག་རྙིང་ཁག་ལས་སྨན་དཔྱད་ཀྱི་རབས་ཞེས་པའི་ནང་དོན་སྤྱི་བཤད་དེ།  ཡིག་འདིའི་མ་ཡིག་དངོས་དང་《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་སྒྲིག》ཅེས་པའི་དེབ་ཁྲོད་ཀྱི་ཕབ་ཡིག་གཉིས་ལ་གཤིབ་བསྡུར་ནན་མོ་བྱས་ཏེ་ཡིག་སྐྱོན་བྱུང་བའི་གནད་དོན་སེལ་ཡོད་པར་མ་ཟད། སྨན་གྱི་སྦྱོར་ཐབས་དང་དེ་དག་ཕན་ནུས་སོགས་ལ་དཔྱད་པ་བརྒྱུད།   ཡིག་ཆ་འདིས་བཙན་པོའི་དུས་སྐབས་ཀྱི་བོད་ཀྱི་གསོ་བ་རིག་པའི་གནས་བབ་དང་སྨན་གྱི་སྦྱོར་ཚུལ་ཅི་ལྟ་བུ་ཞིག་ཡིན་པ་རྟོགས་སུ་འཇུག་ཅིང་།  དེས་བོད་ཀྱི་གསོ་བ་རིག་པའི་བྱ་བཞག་ལ་བཏོན་པའི་དགེ་མཚན་དང་དཔྱད་གཞིའི་རིན་ཐང་གླེང་ཡོད། དེ་མིན་ཁོ་མོས་ཡིག་རྙིང་གི་མ་ཡིག་དང་དབུ་ཅན་བདམས་སྒྲིག་གི་པར་མ་གཤིབ་བསྡུར་བྱས་པའི་མ་ཡིག་དེ་མཇུག་ཏུ་བཀོད་ཡོད་དོ། །
  གཙོ་གནད་ཚིག   ཡིག་སྐྱོན།  སྨན་དཔྱད།  བཀྲུ་སྨན།  སྦྱོར་ཐབས།  
དང་པོ།  ཡིག་རྙིང་གི་ནང་དོན་སྤྱི་བཤད།
སྨན་དཔྱད་ཅེས་པའི་རབས་འདི་ནི༢༠༠༦ལོར་བོད་ལྗོངས་ལྷོ་ཁ་ས་ཁུལ་གྱི་མཚོ་སྨད་རྫོང་གཏམ་ཤུལ་ཤང་དགའ་ཐང་འབུམ་པ་ཆེའི་མཆོད་རྟེན་གྱི་ནང་ནས་རྙེད་པའི་བོན་པོའི་ཡིག་རྙིང་དེ་དག་གྲས་ཀྱི་གཅིག་ཡིན་ཞིང་།  དེ་ལས་རབས་ཞེས་པ་ནི་གཏམ་རྒྱུད་དམ་སྒྲུང་གི་གོ་དོན་ཡིན་པས།  སྨན་དཔྱད་ཀྱི་རབས་ཞེས་པ་ནི་སྨན་གྱི་སྦྱོར་ཐབས་དང་ཕན་ཡོན་གྱི་གཏམ་རྒྱུད་དམ་ཆོ་གའི་ནང་དོན་བཤད་ཡོད་པས་ན་དེ་ལྟར་བཏགས་པ་དང་།  སྨན་དཔྱད་འདིའི་ནང་དུ་གནའ་བོའི་བཀྲུ་སྨན་ནམ་བཤལ་སྨན་གྱི་སྦྱོར་ཐབས་སོགས་གསལ་བོར་བསྟན་ཡོད།
མ་དཔེ་འདིའི་སྲིད་ཀྱི་རིང་ཚད་ལ་ལི་སྨི16.50ཡོད་པ་དང་། ཞེང་གི་རིང་ཚད་ལ་ལི་སྨི11.50 ཡོད་ཅིང་། དེ་ནི་ཐིག་སྒྲོམ་རྣམ་པ་ཡིན་པ་དང་། ཤོག་བུའི་ཁ་མདོག་ནི་སེར་སྐྱ་ཡིན། ཡིག་རྙིང་འདིར་བསྡོམས་པས་ལྡེབ་མ་སོ་གཅིག་ཡོད་པ་དང་། ལྡེབ་རེར་ཐིག་ཕྲེང་གཉིས་དང་། དྲུག   བརྒྱད། བདུན། དགུ་ཅན་བཅས་ཡོད།  
འདིའི་ནང་དུ་གཙོ་བོ་གནའ་བོའི་དུས་ཀྱི་བོད་ཀྱི་སྨན་གྱི་སྦྱོར་ཐབས་དང་། སྦྱར་བའི་ཕན་ནུས་སམ་ཡོན་ཏན།   སྨན་སྣའི་ཚད་གཞི་སོགས་མི་འདྲ་བ་བཅུ་ཁ་ལྷག་བཤད་ཡོད་དེ།  དང་པོ་བཀྲུ་སྨན་དྲག་པོ་དལ་བར་བཏང་ནས་འགྲོ་མི་ཐུབ་པའི་ལྦོས་པའི་སྨན་གྱི་སྦྱོར་ཐབས་དང་ཕན་ཡོན་དང་།  གཉིས་པ་བཀྲུ་སྨན་བཏང་བའི་འོག་ཏུ་བགྱི་བའི་སྨན་གྱི་སྦྱོར་བ་དང་ཡོན་ཏན། གསུམ་པ་བཀྲུ་སྨན་རྒྱལ་པོ་རིལ་ལུ་སྦྱར་བའི་ཐབས་དང་དེས་ཕན་པའི་ཡོན་ཏན།  བཞི་པ་སྔོན་བུ་བཀྲུ་སྨན་མར་དུ་སྦྱར་བའི་ཐབས་དང་ཡོན་ཏན།  ལྔ་པ་སྔོན་བུའི་སྨན་མར་རྣམ་གཅིག་དང་སྦྱར་བའི་ཐབས་དང་ཡོན་ཏན།  དྲུག་པ་སྔོན་བུའི་བཀྲུ་སྨན་རྣམ་ཅིག་སྦྱར་བའི་ཐབས་དང་ཕན་པའི་ཡོན་ཏན། བདུན་པ་འབྲས་བུ་གསུམ་གྱི་བཀྲུ་སྨན་དང་སྦྱར་བའི་ཐབས་དང་ཡོན་ཏན།  བརྒྱད་པ་བཀྲུ་སྨན་ཧ་པུ་ཤ་སྦྱར་བའི་ཐབས་དང་ཕན་པའི་ཡོན་ཏན།   བརྒྱད་པ་རྒྱའི་ཅུར་ཉིས་འབའ་ཞི་ཧྭང་སྦྱར་བའི་ཐབས་དང་ཡོན་ཏན།  དགུ་པ་ལིའི་བཀྲུ་སྨན་གྱི་རིགས་ལས་ཅུར་ཉིས་ཀྱི་ཁམས་སུ་གཏོགས་པའི་བཀྲུ་སྨན་གཞན་པ་སྦྱར་བའི་ཐབས་དང་ཡོན་ཏན།  བཅུ་པ་ནད་འདུས་ནས་ཏ་རི་ཡོན་ནམ་ཧ་ལ་ཟུ་ནེ་ཞེས་ལྟོ་ཚད་རྙིང་དུ་འཁྲུ་བ་ལ་ཕན་པའི་སྨན་གྱི་སྦྱར་ཐབས་དང་ཡོན་ཏན།   བཅུ་གཅིག་པ་ལྟོ་འཁྲོག་འཁྲོག་འཁྲུ་བ་དང་འཚིར་འདོད་པ་ལ་ཕན་པའི་སྨན་གྱི་སྦྱོར་ཐབས་དང་ཕན་ནུས།  བཅུ་གཉིས་པ་ལྟོ་ནད་རྙིང་དུ་འཁྲུ་བ་དང་འཁྲོག་ཅིང་འཚིར་བར་ཕན་པའི་སྦྱར་ཐབས།  བཅུ་གསུམ་པ་ནད་ཡོད་དོ་ཅོག་ལ་ཕན་པའི་སྦྱར་ཐབས།  བཅུ་བཞི་པ་ཕོ་བ་ན་སྟེ་དྲོད་ཆུང་བའི་སྨན་གྱི་སྦྱོར་ཐབས། བཅོ་ལྔ་པ་ཕོ་བ་ན་བ་དང་ཟུག་ཟེར་རླུང་ནད་ཀུན་ལ་ཕན་པའི་སྨན་གྱི་སྦྱོར་ཐབས།  བཅུ་དྲུག་པ་རླུང་ནད་དང་མཁལ་རྐྱེན་ན་བ་ལ་ཕན་པའི་སྨན་གྱི་སྦྱོར་ཚུལ།  བཅུ་བདུན་པ་གྱབས་པོ་ལི་ཏྲོལ་བྱ་བའི་སྦྱོར་ཐབས་དང་ཡོན་ཏན་བཅས་གསོ་རིག་འཕྲིན་ལས་རྒྱུད་ལས་ཕྱེ་མའི་སྨན་གྱི་སྦྱོར་ཐབས་དང་། རིལ་བུའི་སྡེབ་ཚུལ།  ལྡེ་གུའི་སྡེབ་ཚུལ། སྨན་མར་གྱི་སྦྱོར་སྡེ། ཐལ་སྨན་གྱི་སྦྱོར་སྡེ།  དུགས་ཀྱི་ཆོ་ག  བཤལ་གཏོང་ཚུལ་སོགས་ཀྱི་ཤེས་བྱ་མང་པོ་ཞིག་འདུས་ཡོད་དོ། །
གཉིས་པ། བྲིས་གཟུགས་དབུ་མེད་ནས་དབུ་ཅན་དུ་ཕབ་སྐབས་སུ་བྱུང་བའི་ཡིག་སྐྱོན།
གཤམ་གྱི་རེའུ་མིག་འདི་ནི་རྒན་པ་སངས་དབང་འདུས་དང་གླང་རུ་ནོར་བུ་ཚེ་རིང་ལགས་གཉིས་ཀྱིས་བདམས་བསྒྲིགས་བྱས་པའི《གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས》ཞེས་པའི་དཔེ་ཆ་གཞིར་བཟུང་ནས་ཡིག་རྙིང་གི་མ་ཕྱི་དངོས་དང་དབུ་ཅན་དུ་ཕབ་པའི་པར་གཞི་གཉིས་དབར་ཞུ་དག་བྱས་པ་ཡིན་ཞིང་། དཔེ་ཆ་དེ་པར་སྐྲུན་དང་ཞུ་དག་བྱ་བའི་ལས་རིམ་ཁྲོད་སྒྲུབ་མཁན་གྱིས་ཐུགས་མཉམ་མ་བཞག་པའམ་རྩིས་འཁོར་ནང་དུ་འགོད་དུས་ནོར་འཁྲུལ་བྱུང་བ་སོགས་ཀྱི་རྐྱེན་པས། ཡིག་རྙིང་ཁྲོད་ཀྱི་ཚིག་ཁ་ཤས་ལ་སྐྱོན་ཅུང་ཟད་བྱུང་བ་གཞིར་བྱས་ཏེ། ཁོ་མོས་ཡང་ནས་ཡང་དུ་ཐེངས་གང་མང་ཞིག་ལ་ཞུ་དག་དང་བསྡུར་བ་བྱས་མཐར་ནོར་འཛོལ་བྱུང་བའི་རིགས་གཤམ་གྱི་རེའུ་མིག་ཏུ་འགོད་ཁུལ་བྱས་པ་ཡིན།
རེའུ་མིག་ཏུ་བལྟ་བདེ་བའི་ཆེད་དུ་གཏམ་ཤུལ་དགའ་ཐང་འབུམ་པ་ཆེའི་ཡིག་རྙིང་དཔེ་སྒྲིག་དེར་དབུ་ཅན་ཕབ་ཡིག(བསྡུས་མིང་ལ་ཕབ)དང་། བྲིས་མའི་ཡིག་རྙིང་གི་མ་ཡིག(བསྡུས་མིང་ལ་མ)ཅེས་བཏགས་ཡོད་པར་མ་ཟད།  གཞུང་ཐིག་བཞི་པའི་ནང་དུ་མ་ཡིག་གི་དག་ཡིག་དེ་སྔོན་དང་། ཕབ་ཡིག་ཏུ་བྱུང་བའི་ནོར་འཛོལ་ཡི་གེ་རྗེས་སུ་བྱས་པ་གོ་རིམ་བཞིན་བཀོད་པ་སྟེ།

  

གནས་ཡུལ།
དབུ་ཅན་གྱི་ཕབ་ཡིག
ཡིག་རྙིང་གི་མ་ཡིག
དག་ཡིག་དང་ནོར་འཛོལ་གྱི་ཆ། 
ལྡེབ་གྲངས༡པོའི་ཐིག་ཕྲེང༡པོ།
྾྾྾྾ལ་ཡང་ཀླས།།
྾྾྾྾ལ་ཡང་དགུམ
དགུམ་དང་ཀླས།
ལྡེབ་གྲངས༡པོའི་ཐིག་ཕྲེང༢པ།
྾྾྾ལས་བདར་ཏེ་་་་
རུ྾྾྾ལས་བདར་ཏེ་་་་
྾དང་པོ་དེ་རུ་ཡིན།
ལྡེབ་གྲངས་༡པོའི་ཐིག་ཕྲེང༣པ།
མྱི་བཏུབ་ན་ཞིང་ལྦོས་ན་
མྱི་བཏུབ་ཞིང་ལྦོས་ན
བཏུབ་ཞིང་དང་བཏུབ་ན་ཞིང་།ན་ཡིག་མེད།
ལྡེབ་གྲངས༡པོའི་ཐིག་ཕྲེང༥པ།
དེས་མ་འཕན་ན྾྾ཞོ་ཤ་འབྲུ་་་
དེས་མ་འཕན་ན་བླ་བོར་ཞོ་ཤ་་་་་
(ཕབ) ྾྾ཚབ་ཏུ་བླ་བོར་ཡིན།
ལྡེབ་གྲངས༡པོའི་ཐིག་ཕྲེང༦པ།
ཆུ་ཕོར་བུ་ཆུངན་གང་དང་སྩལ།
ཆུ་ཕོར་བུ་ཆུང་བདུན་གང་དང་སྩལ།
(ཕབ)྾ཚབ་ཏུ་བདུ་ཡིན།
ལྡེབ་གྲངས༢པའི་ཐིག་ཕྲེང༢པ།
དེས་ཀྱང྾྾྾
དེས་ཀྱང་མ་འཕན་ན།
(ཕབ)྾྾྾ཚབ་ཏུ་མ་འཕན་ན་ཡིན།
ལྡེབ་གྲངས༢པའི་ཐིག་ཕྲེང༦པ།
བར་བགྱི་བའི་དཔྱད་ལཐབ་་་་
བར་བགྱི་བའི་དཔྱད་ལ།། ཐབ་་་
(ཕབ)ཡིག་གི་་་དཔྱད་རྗེས་སུ་ཤད་གཅིག་ཆད།
ལྡེབ་གྲངས༢པའི་ཐིག་ཕྲེང༨པ།
ལག་ཐེབ་འཛུབ་ཀྱི་བར་ལ་ཉེ།
ལག་ལག་ཐེབ་འཛུབ་ཀྱི་བར་བཉེ།
ལག་ཐེབ་ཀྱི་སྔོན་དུ་ལག་ཡིག་ཆད། བཉེ་དང་ཉེ།
ལྡེབ་གྲངས༢པའི་ཐིག་ཕྲེང༩པ།
་་་དུབ་ནས་དགྲོལ་ལོ།
་་དུབ་ནས་དགོལ་ལོ།
དགོལ་དང་དགྲོལ།
ལྡེབ་གྲངས༣པའི་ཐིག་ཕྲེང༤པ།
བུག་བཙོང་དང་ཟན་དྲང་མོ་་་།
ཕྲག་བཙོང་དང་ཟན་དྲང་མོ་་་་
ཕྲག་དང་བུག
ལྡེབ་གྲངས༣པའི་ཐིག་ཕྲེང༥པ།
་་་སྒ་ཁར་བཅའ།།།ཁུ་བོ་ཞྀང་དོང་
་་་སྒ་ཁར་བཅའ༹།། ཁུ་བ་ཞྀང་དོང་
བཅའ༹་དང་བཅའ།  ཁུ་བ་དང་ཁུ་བོ།
ལྡེབ་གྲངས༣པའི་ཐིག་ཕྲེང༧པ།
་་་་་གཞང་ཁ་ནས་བདུག།
་་་གཞང་ཁ་ནས་བདུག་།
བདུག་དང་ཤད་ཀྱི་བར་ཚེག་ཡོད།
ལྡེབ་གྲངས༣པའི་ཐིག་ཕྲེང༨པ།
བྲ་བོ་དུགས་ལས་བསྩོགས་པས་་་་
བྲ་བོ་དུབ་པ་ལས་བསྕོགས་པས་་་
དུབ་པ་དང་དུགས།
ལྡེབ་གྲངས༤པའི་ཐིག་ཕྲེང༡པོ།
བྱ་྾྾
བྱ་ཏང་ཀ
(ཕབ)྾྾ཚབ་ཏུ་ཏང་ཀ་ཡིན།
ལྡེབ་གྲངས༤པའི་ཐིག་ཕྲེང༢པ།
པྱི་པྱི་ལིང་།
པྱི་པྱི་ལིང།
བྱི་བྱི་ལིང།ཞེས་ལིང་གི་རྗེས་སུ་ཚེག་མེད།
ལྡེབ་གྲངས༤པའི་ཐིག་ཕྲེང༣པ།
་་་་དན་ཏི་མཆིས་྾྾།
་་་་དན་ཏི་མཆིས་ན་རབ།
(ཕབ) ྾྾ཚབ་ཏུ་རབ་ཡིན།
ལྡེབ་གྲངས༤པའི་ཐིག་ཕྲེང༥པ།
དན་ད་འཞུ་
དན་ད་བཞུ་
བཞུ་དང་འཞུ།
ལྡེབ་གྲངས༤པའི་ཐིག་ཕྲེང༦པ།
འཇུ་འུ་་་   ྾྾ཞལ་འུ་བ྾྾
འཇུ་འུ༹ ་་་་་་་་་྾྾ཞལ་ འུ༹ ་བེ྾྾
འུ་དེ་ འུ༹ ་ཡིན་པ་དང་། བེ་དང་བ།
ལྡེབ་གྲངས༤པའི་ཐིག་ཕྲེང༨པ།
ལྟོ྾྾ན་སྲང་་་་
ལོ་ཆེ་ན་སྲང་
ལོ་ཆེ་ན་དང་ལྟོ་྾྾
ལྡེབ་གྲངས༤པའི་ཐིག་ཕྲེང༩པ།
སྙི་ན་ཞོ་གཉིས། ཡོན་ཏན་ལ་ཕོ་བ
སྙི་ན་ཞོ་གཉིས།།ཡོན་ཏན་ལ་ཕོ་བ
(ཕབ)ཚིག་གཉིས་བར་ཤད་གཅིག་ཆད།
ལྡེབ་གྲངས༥པའི་ཐིག་ཕྲེང༤པ།
རླིག་པ་སྐྲངས་པ་རླུག་པ་་་་་་
རླིག་པ་སྐྲངས་པ་རླུགས་པ་ལ་་་་
རླུགས་དང་རླུག
ལྡེབ་གྲངས༥པའི་ཐིག་ཕྲེང༥པ།
྾།།་་་་་་་་་་་་་་་་་་་་་་་་དང་གཏང་བའི་ཐབས
ཏོ།།་་་་་་་་་དང་གཏང་བའི་ཐབས།
རྟགས་འདིའི྾ཚབ་ཏུ་ཏོ་ཡིན།ཐབས་རྗེས་སུ་ཚེག་མིན་པར་ཤད་ཡིན།
ལྡེབ་གྲངས༥པའི་ཐིག་ཕྲེང༦པ།
་འི་ནང་དུ་ཞག་གཅིག་་་་་
ཚྭ་འི་ནང་དུ་ཞག་གཅིག་་་་་
ཚྭ་དང་ཚ།
ལྡེབ་གྲངས༥པའི་ཐིག་ཕྲེང༨པ།
ར་བཞུ་བའི་ནང་དུ་སྩལ་ལ།
པར་བཞུ་བའི་ནང་དུ་སྩལ་ལ།
རྟགས་འདི྾ཡི་ཚབ་ཏུ་པ་ཡིན།
ལྡེབ་གྲངས༦པའི་ཐིག་ཕྲེང༨པ།
ཡང་སྔོན་བུ་ཅིག་བུ་ཡང་ཡང་རུང་།
ཡང་སྔོན་བུ་ཅིག་པུ་ཡང་ཡང་རུང་།
པུ་དང་བུ།
ལྡེབ་གྲངས༦པའི་ཐིག་ཕྲེང༩པ།
བཀྲུ 
བཀྲུ་སྨན
སྨན་དང་ ྾
ལྡེབ་གྲངས༧པའི་ཐིག་ཕྲེང༡པོ།
་་་་་་ནད་ཀུན་ལ་ཕན།།
་་་་་་ནད་ཀུན་ལ་འཕན།།
འཕན་དང་ཕན།
ལྡེབ་གྲངས༧པའི་ཐིག་ཕྲེང༣པ།
རྨུག་པོ་།
སྨུག་པོ་།
སྨུག་དང་རྨུག
ལྡེབ་གྲངས༩པའི་ཐིག་ཕྲེང༣པ།
ཆུ་ནི་དུར་མར་ཉི་ཙེ་ལུས་
ཆུ་ནི་དུ་མར་ཉི་ཙེ་ལུས
དུ་མར་དང་དུར་མར།
ལྡེབ་གྲངས༡༠པའི་ཐིག་ཕྲེང༣པ།
་་་་ལས་བསྩོགས་པ་ལ་འཕན་ཏེ།
་་་་་་ལས་བསྩོགས་པ་ལ་ཕན་ཏེ།
ཕན་དང་འཕན།
ལྡེབ་གྲངས༡༠པའི་ཐིག་ཕྲེང༤པ།
ཤ་རུ་ར།
བཱ་རུ་ར།
བཱ་དང་ཤ།
ལྡེབ་གྲངས༡༠པའི་ཐིག་ཕྲེང༦པ།
ཁ་རུ་ཚ་དང་སྒྱམ་ཚ་གང་་་་་
ཁ་རུ་ཚ་དང་ལྒྱམ་ཚ་གང་་
ལྒྱམ་དང་སྒྱམ།
ལྡེབ་གྲངས༡༠པའི་ཐིག་ཕྲེང༨པ།
ཚུལ་བཞིན་སྦྱར་ཏེ་བཏང
ཚུལ་བཞིན་སྦྱར་ཏེ་གཏང
གཏང་དང་བཏང་།
ལྡེབ་གྲངས༡༡པའི་ཐིག་ཕྲེང༢པ།
ཧ་པུ་ཤ།
ཧ་ཕུ་ཤ།
ཕུ་དང་པུ།
ལྡེབ་གྲངས༡༡པའི་ཐིག་ཕྲེང༤པ།
སྒྱམ་ཚ། རྩ་རུ་ཚ། ཁུ་རུ་ཚ།
ལྒྱམ་ཚ། རྩལ་རུ་ཚ། ་རུ་ཚ།
ལྒྱམ་དང་སྒྱམ། རྩལ་དང་རྩ། ཁ་དང་ཁུ།
ལྡེབ་གྲངས༡༡པའི་ཐིག་ཕྲེང༦པ།
སེ་འུ་འབྲུ།
སེ་ འུ༹ ་འབྲུ།
འུ༹ ་དང་ འུ །
ལྡེབ་གྲངས༡༡པའི་ཐིག་ཕྲེང༨པ།
྾ར་ཏེ་གཏང་ན་འཁྲུ་བར་འགྱུར་ཏེ།
སྦྱར་ཏེ་གཏང་ན་ འ༹ཁྲུ་བར་འགྱུར་ཏེ།
རྟགས྾འདི་ཡི་ཚབ་ཏུ་སྦྱ་ཡིན། འཁྲུ་དང་འ༹ཁྲུ།
ལྡེབ་གྲངས༡༢པའི་ཐིག་ཕྲེང༤པ།
རྣམས་ཞི་བར་བྱེད་དོ།།། །།
རྣམས་ཞི་བར་བྱེད་དོ།།།
་་་་བྱེད་དོ་རྗེས་སུ་ཤད་གཉིས་མང་འདུག   འདི་གཉིས་བར་དུ་ཤད་གཅིག་ཆད།
ལྡེབ་གྲངས༡༣པའི་ཐིག་ཕྲེང༡པོ།
་་་་་་འཚལ་མ་སྩལ་ཏོ།ཡོན་ཏན
་་་་འཚལ་མ་སྩལ་ཏོ།།ཡོན་ཏན་་
(ཕབ)ཡིག་ཏུ་ཚིག་གཉིས་བར་ཤད་གཅིག་ཆད།
ལྡེབ་གྲངས༡༣པའི་ཐིག་ཕྲེང༤ པ།
་་་་ཟུག་ཅི་བཙེ་བ་དང།
་་་་་་ཟུག་ཅི་བརྩེ་བ་དང།
བརྩེ་དང་བཙེ།
ལྡེབ་གྲངས༡༣པའི་ཐིག་ཕྲེང༥པ།
དབུག་མྱི་བདེའ་ཞིང་འགུལ་པ་་་་་།
དབུགས་མྱི་བདེའ་ཞིང་འགུལ་པ་་་་་།
དབུགས་དང་དབུག
ལྡེབ་གྲངས༡༣པའི་ཐིག་ཕྲེང༥པ།
སད་དེ་བཟང་རབ་
སད་དེ་བཟང་རབ།
རབ་རྗེས་ཀྱི་ཚེག་དེ་ཤད་ཡིན།
ལྡེབ་གྲངས༡༣པའི་ཐིག་ཕྲེང༦པ།
ལི་འི་བཀྲུ་སྨན་ཀྱི་རིགས་ལས།
ལི་འི་བཀྲུ་སྨན་ཀྱི་རིགས་ལས་།
(ཕབ)ཡིག་ཏུཆད་འདུག   ་་་་ལས་རྗེས་ཀྱི་ཚེག་གཅིག་ཡོད།
ལྡེབ་གྲངས༡༣པའི་ཐིག་ཕྲེང༦པ།
ཅུར་ཉིས་ཀྱི་འཁམས་སུ་གཏོགས་པའ་
ཅུར་ཉིས་ཀྱི་འཁསྨ་སུ་གཏོགས་པའ་
འཁསྨ་དང་འཁམས།
ལྡེབ་གྲངས༡༤པའི་ཐིག་ཕྲེང༥པ།
སྨན་འཚལ།
སྨན་འ༹ཚལ།
འ༹ཚལ་དང་འཚལ།
ལྡེབ་གྲངས༡༤པའི་ཐིག་ཕྲེང༧པ།
དམྱིགས་སེར་དང་།
དམྱིག་སེར་དང་།
དམྱིག་དང་དམྱིགས།
ལྡེབ་གྲངས༡༥པའི་ཐིག་ཕྲེང༡པོ།
ནད་ཐམས་ཅད་རྟུག་སྐམ་་
ནད་ཐམས་ཆད་རྟུག་སྐམ་་
ཆད་དང་ཅད།
ལྡེབ་གྲངས༡༥པའི་ཐིག་ཕྲེང༡པོ།
།།   །།ཡང་
།།   །།ཡང་
གཅིག་ཆད་འདུག
ལྡེབ་གྲངས༡༥པའི་ཐིག་ཕྲེང༢པ།
སེ་འུ་ནོ་ཞེས་་་་་
སེ་ འུ༹ ནོ་ཞེས་བགྱི་བ་་་་
འུ༹ ་དང་འུ།
ལྡེབ་གྲངས༡༥པའི་ཐིག་ཕྲེང༨པ།
྾ང་སྐྲངས་པ་དང་། དམུ་(རྫིང)
ཁོང་སྐྲངས་པ་དང་། དམུ་རྫྀང
འདིའི྾ཚབ་ཏུ་ཁོ་ཡིན། རྫྀང་དང་རྫིང་།
ལྡེབ་གྲངས༡༦པའི་ཐིག་ཕྲེང༧པ།
་་་ནང་དུ་དཀྲུགས་སྟེ་ཁེ་འུ་སུས་་་
་་་ནང་དུ་དཀྲུགས་སྟེ་ཁེ་འུ༹ ་སུས་་
འུ༹་དང་འུ།
ལྡེབ་གྲངས༡༦པའི་ཐིག་ཕྲེང༩པ།
དེ་ལས་ཡང་ལྟོ་ནང་པར་་་་
དེ་ལས་ཡང་ལྟོ་ནང་་་་
དེ་སྔོན་གྱི་ཤད་དེ་མེད།
ལྡེབ་གྲངས༡༧པའི་ཐིག་ཕྲེང༡པོ།
ཆུ་དྲང་ཅན་ཙེ་ཕྱེད་དང།
ཆུ་སྲང་ཅན་ཙེ་ཕྱེད་དང།
སྲང་དང་དྲང་།
ལྡེབ་གྲངས༡༧པའི་ཐིག་ཕྲེང༢པ།
ཁེ་འུ་
ཁེ་འུ༹
འུ༹ ་དང་འུ།
ལྡེབ་གྲངས༡༧པའི་ཐིག་ཕྲེང༦པ།
ཐུན་གཅིག་དུ་ཁེ་འུ་སུས་་་་་
ཐུན་གཅིག་དུ་ཁེ་འུ༹ ་སུས་ལ་་་་
འུ༹ ་དང་འུ།
ལྡེབ་གྲངས༡༨པའི་ཐིག་ཕྲེང༥པ།
ཐབས་ལ་།།།ཐ་རམས་་་
ཐབས་ལ་།། ཐ། ཐ་རམས་་་་
ཤད་གསུམ་གྱི་བར་དུ་ཐ་ཡིག་གཅིག་ཡོད།
ལྡེབ་གྲངས༡༨པའི་ཐིག་ཕྲེང༦པ།
དང་བསྲེས་ལ་ཁེ་འུ་སུས་་་
་་་དང་བསྲེས་ལ་ཁེ་འུ༹ ་སུས་
འུ༹་དང་འུ།
ལྡེབ་གྲངས༡༨པའི་ཐིག་ཕྲེང༩པ།
འགུབས་
འགུབ་
འགུབ་དང་འགུབས།
ལྡེབ་གྲངས༡༩པའི་ཐིག་ཕྲེང༡པོ།
྾ར་ཅི་རན་ཅིག་་་་་་། སུ་ཤེས་འདར་བྱ་བའམ་ཡང་ན་
མར་ཅི་རན་ཅིག་་་། པུ་ཤས་འདར་མ་བྱ་བའ་ཡང་ན་་་་
འདིའི྾ཚབ་ཏུ་ཚིག་དང་པོར་མ་དང་། ཚིག་གཉིས་པར་མ་ཡིན།   པུ་ཤས་དང་སུ་ཤེས།
ལྡེབ་གྲངས༡༩པའི་ཐིག་ཕྲེང༣པ།
་་་་་འགྲིལ་ལི་འྭ་སྐ་འམ།
་་་་་་འགྲིལ་ལི་འ༹ྭ་སྐ་འམ།
འ༹ྭ་དང་འྭ།
ལྡེབ་གྲངས༡༩པའི་ཐིག་ཕྲེང༤པ།
྾྾ར་མོ་ནི་་་་་་་ཞིབ་ཏུ་བཏགས་
྾པར་མོ་ནི་་་་་་ཞིབ་དུ་བཏགས་
འདིའི྾ཚབ་ཏུ་པ་ཡིན། ཞིབ་དུ་དང་ཞིབ་ཏུ།
ལྡེབ་གྲངས༢༠པའི་ཐིག་ཕྲེང༢པ།
ཁེ་འུ་སུས་ལ་གཏང།
ཁེ་འུ༹ ་སུས་ལ་གཏང།
འུ༹ དང་འུ།
ལྡེབ་གྲངས༢༡པའི་ཐིག་ཕྲེང༣པ།
་་་་་ལག་པས་བསུབས་ཏེ་ཤའུ་་་
་་་་ལག་པས་བསུབས་ཏེ་ཤ་དང
ཤ་དང་། ཤའུ།
ལྡེབ་གྲངས༢༡པའི་ཐིག་ཕྲེང༧པ།
་་་་་སླ་ང་ལ་ཞུ་ཏེ་འུ་བཞིན་་་་
་་་སླ་ང་ལ་ཞུ་ཏེ་ འུ༹ ་བཞིན་བཙོས་
འུ༹་དང་འུ།
ལྡེབ་གྲངས༢༢པའི་ཐིག་ཕྲེང༡པོ།
སྨན་རྗེས་ཆད་གྱི་ཉལ་པོ་
སྨན་རྗེས་ཆད་ཀྱི་ཉལ་པོ་
ཀྱི་དང་གྱི།
ལྡེབ་གྲངས༢༣པའི་ཐིག་ཕྲེང༣པ།
པི་པྀ་ལིང
པིཔྀ་ལིང
པིཔྀ་བར་གྱི་ཚེག་དེ་མེད།
ལྡེབ་གྲངས༢༤པའི་ཐིག་ཕྲེང༥པ།
།།  །། སྨན་དཔྱད་གཅེས་པ་་་་་
།། །། སྨན་དཔྱད་ག་ཅེས་པ་་་
།།།།གཉིས་རེའི་བར་དུ་རྟགསཡོད། ག་ཅེས་དང་གཅེས།
ལྡེབ་གྲངས༢༤པའི་ཐིག་ཕྲེང༧པ།
སྩོགས་སྷོ།།
རྫོགས་སྷོ།།
རྫོགས་དང་སྩོགས།

ནོར་འཛོལ་བྱུང་བའི་ཡི་གེ་འདི་དག་དང་མ་ཡིག་གི་དབར་བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་ཆ་ནས་ཁྱད་པར་ཡོད་མོད། ཁྱད་པར་ཡོད་པ་ཙམ་གྱིས་ལོ་རྒྱུས་ཀྱི་ཡིག་ཆར་བཟོ་བཅོས་དང་རྟོག་བཟོ་གང་ཡང་བྱ་མི་རུང་ལ། སྣང་མེད་དུའང་འཇོག་མི་ཉན། དེ་ལས་ལྡོག་སྟེ་ལོ་རྒྱུས་ཀྱི་དུས་ཡུན་རིང་བོའི་ཁྲོད་དུ་བྱུང་བའི་ཡིག་རྙིང་འདི་དག་ལ་སྲུང་སྐྱོབ་དང་གཙིགས་མཐོང་གང་ལེགས་བྱས་ཏེ་ཞིབ་འཇུག་གི་རིན་ཐང་ཆེ་བར་བཏང་ནས་བོད་མི་རིགས་སྤྱིའི་རིག་གཞུང་ཞིབ་འཇུག་ཐད་ལ་ནུས་པ་ཆེན་པོ་འདོན་དགོས་པར་བསམས་མོ། །
གསུམ་པ། སྨན་དཔྱད་ཀྱི་རབས་ཞེས་པའི་མ་ཡིག་དང་གོ་བདེར་ཕབ་པ།
མ་ཡིག     1. ༡  ྾ ྾ ྾ ྾ ྾ ྾  ལ་ཡང་དགུམ།  །  མེས་ཚིག་པ་ལ་འབྲ་གོ་འི་
           ༢  རུ྾ ལས་བདར་ཏེ་སྐུབ་ན་སྨན་ནོ། །  ། །  བཀྲུ་སྨན་
            ༣  དྲག་དལ་འདྲ་སྟེ་འཁྱིལ་ལམ་མཆིར་མྱི་བཏུབ་ཞིང་ལྦོས་ན་
            ༤  བུལ་ཏོག་དཀར་པོ་དྲི་རྩེ་དོ་།  ཆང་སྐྱོགས་གང་བསྲོས་པ་དང་གཏང།
            ༥  དུགས་བགྱི།  དེས་མ་འཕན་ན་བླ་བོར་ཞོ་ཤ་འབྲུ་གཅིག་བཏགས་
           ༦  ལ་།  ཆུ་ཕོར་བུ་ཆུང་བདུན་གང་དང་སྩལ་།  དེས་ཀྱང་མ་འཕན་ན་
           ༧  ཁ་རུ་ཚ་དང་།  ཤིང་ངར་ཞོ་རེ་རེ།  ཆུ་འམ་ཆང་དྲོན་པོ་ཕོར་བུ་གང་དང་
           ༨  སྦྱར་ཏེ་གཏང་།  དེས་མ་འཕན་ན་ ཤིང་ཚ་ཞོ་འཕྱེད་།  པྱི་པྱི་ལིང་
 ༩  ཞོ་གཅིག་བཏགས་ལ་ཆང་དང་བཙོས་ཏེ་སྦྲང་རྩི་ཞོ་གཉིས་
གོ་བདེར་ཕབ་པ།  མེས་འཚིག་པར་འབྲ་གོའི་རུ་བདར་ཏེ་སྐུབ་ན་ཕན་ནོ།   བཤལ་སྨན་དྲག་པ་དལ་བ་དང་འདྲ་སྟེ་དེ་འཁྱིལ་བར་འཇུག་པ་ལས་འགྲོར་མི་འཇུག་ཅིང་།  དེ་ལྦོས་ན་བུལ་ཏོག་དཀར་པོ་དྲི་རྩེ་དོ་དེ་ཆང་སྐྱོགས་བུ་གང་དང་བསྲེས་ནས་བཏང་སྟེ་དུགས་ཀྱི་ཆོ་ག་བྱ་བར་བྱ། དེས་མ་ཕན་ན་ཟླ་གོར་ཞོ་ཤ་འབྲུ་གཅིག་ཞིབ་མོར་འཐག་པ་དེ་ཆུ་ཕོར་བ་ཆུང་བ་བདུན་དང་བསྲེས་ནས་བྱིན།  དེས་ཀྱང་མ་ཕན་ན་ཁ་རུ་ཚ་དང་། ཤིང་ངར་ཞོ་རེ་རེ།  ཆུ་དང་ཡང་ན་ཆང་དྲོན་མོ་ཕོར་བ་གང་དང་སྦྱར་ཏེ་གཏང་བར་བྱ།  དེས་ཕན་པ་མེད་ན་ཤིང་ཚ་ཞོ་ཕྱེད་ཀ་དང་། པྱི་པྱི་ལིང་ཞོ་གཅིག་འཐག་ནས་ཆང་དང་མཉམ་དུ་ སྦྲང་རྩི་ཞོ་གཉིས་ཀྱི་ཕྱེད་ཀ་ཙམ་དུ་བཙོས་ནས་གཏང་བར་བྱ།  
2. ༡  འཕྱེད་དུ་ཙམ་དུ་བཙོས་ཏེ།  བསྒྲངས་ལ་ ྾ ྾ 
        ༢  སྩལ།  དེས་མ་འཕན་ན་རྐུབ་ནས་ཀྱང་གཏང།  དེས་ཀྱང་མ་འཕན་ན 
        ༣  ཐོག་མ་སྨན་ཅི་བཏང་བ་མས་ཀྱང་གཏང།   དེས་ཀྱང་མ་འཕན་ ྾྾
         ༤  རམ་སྲང་འཕྱེད་དང་གཉིས་།  སྦྲང་རྩི་སྲང་གཅིག་།  མར་སྲང་གསུམ་
          ༥  དང་སྦྱར་ཏེ་གཏང་ངོ། ། ། ། །  བཀྲུ་སྨན་གཏང་བའི་འོག་དུ་ཡ་ ྾྾
           ༦  བར་བགྱི་བའི་དཔྱད་ལ།།  ཐབ་གི་འོག་གི་ས་ནག་པོ་ཚ་བ་ཆུ ྾ ྾྾ 
           ༧  སྣར་བདུག་ལ་།  འཕྲག་པ་ནས་སྒྲོག་རུས་གཡས་གཡོས་ ྾྾྾
          ༨  ལག་ལག་ཐེབ་འཛུབ་ཀྱི་བར་བཉེ།  གྲུ་མོ་འི་འོག་དུ་དམ་དུ་བཅིངས་
         ༩  ནད་མ་དུབ་ཀྱི་བར་དུ་བཞག་ལ་དུབ་ནས་དགོལ་ལོ།  
 དེས་ཀྱང་ཕན་པ་མེད་ན་རྐུབ་ནས་གཏང་བར་བྱ། དེ་ལྟར་བྱས་ཀྱང་ཕན་མེད་ན་སྔར་སྨན་ཅི་ལྟར་བཏང་བ་ཨ་མས་ཀྱང་གཏོང་དགོས།  དེ་བཞིན་དུ་ཕན་པ་མེད་ན་རམ་སྲང་ཕྱེད་ཀ་གཉིས།  སྦྲང་རྩི་སྲང་གཅིག   མར་སྲང་གསུམ་མཉམ་དུ་སྦྱར་གཏང་དགོས།   བཀྲུ་སྨན་ནམ་བཤལ་སྨན་བཏང་བའི་རྗེས་སུ་ནད་ཇེ་ཡང་དུ་གཏོང་བའི་ཐབས་སུ།  ཐབ་འོག་གི་ས་ནག་པོ་ཚ་མོ་ཆུའི་ནང་དུ་བདུག་སྟེ་ཕྲག་པ་ནས་སྒྲོག་རུས་གཡས་གཡོན་བར་དང་།  ལག་པའི་མཐེ་མཛུབ་ཀྱི་བར་དུ་མཉེ་ཕུར་གཏོང་བ་དང་། གྲུ་མོའི་འོག་ཏུ་དམ་པོར་བཅིངས་ནས་ཐང་ཆད་པའི་བར་དུ་འཇོག་དགོས་པ་དང་།  ཐང་ཆད་རྗེས་བཀོལ་བ་ཡིན།
3. ༡  ཁོང་དུ་འཁྱིལ་ན་རྩིབ་མ་འི་གླད་ཚིགས་པ་ལ་ཟུག
  ༢  ྾ ྾ ཕ་རོལ་ཚུ་རོལ་དང་།  རྐ་ལག་ཉ་བཞི་དང་མཉེ་འོ།  །  ཕྲག་པྰ་
  ༣  ྾ ྾ རུས་སྨན་བུ་བརྩིར།  ཞིབ་དུ་མཉེ།  རྒྱབ་ཀྱི་གཞུང་མཉེ་
  ༤  ཕྲག་བཙོང་དང་ཟན་དྲང་མོ་བསྡམ།  །  ཀུ་ཤུ་དང་།  རྒུན་འབྲུ་དང་
  ༥  ྾ འུ༹་གཤེར་དང་སྒ་ཁར་བཅའ༹ ། །  ། ཁུ་བ་ཞྀང་དོང་རྐུབ་ནས་
  ༦  ྾ ྾ གྱི་།  བར་ལང་ལྕི་བ་སྲབ་མོ་ལེབ་ལེབ་པོར་བགྱིས་ཏེ་།  བསྲེགས་
  ༧  ྾ ྾ འི་ནང་དུ་དཀྲིས་ལ་ལྟོ་རྒྱབ་ནས་དང་གཞང་ཁ་ནས་བདུག་ །
  ༨  བྲ་བོ་དུབ་པ་ལས་བསྩོགས་པས་གོང་མ་བཞིན་དུ་བདུག་གོ ། །  །
  ༩  དཀྲུ་སྨན་རྒྱལ་པོ་རི་ལུ་སྦྱར་བའི་ཐབས་དང་སྨན་བའི་ཡོན་ཏན་ལ། །
 དེ་ཁོག་ཏུ་འཁྱིལ་ན་རྩིབ་མའི་ཀླད་ཚིགས་ལ་ཟུགས།  དེའི་ཕ་རོལ་ཚུར་རོལ་དང་རྐང་ལག་བཞི་བོར་ཕུར་མཉེ་བྱ་བ་དང་།  ཕྲག་པ་དང་རུས་སྨན་བར་ཕུར་མཉེད་ཞིབ་མོར་བྱ་དགོས་པར་མ་ཟད།  རྒྱབ་གཞུང་ཡང་ཕུར་མཉེད་གཏོང་དགོས།  ཙོང་དང་ཟས་རིགས་གྲང་མོའི་རིགས་གཅོད་དགོས་པ་དང་། ཀུ་ཤུ་དང་རྒུན་འབྲུམ།  འུ་གཤེར།  སྒ་ཁར་བཅའི་ཁུ་བ་གཤང་ལམ་ནས་ཡོང་།  བ་ལང་གི་ལྕི་བ་སྲབ་མོ་ལེབ་ལེབ་བྱས་ནས་བསྲེགས་པའི་ནང་དུ་དཀྲིས་ཏེ་ལྟོ་རྒྱབ་དང་གཞང་ཁ་ནས་དུགས་པར་བྱ།  འབྲུ་རིགས་བྲ་བོ་བདུག་པ་ལ་སོགས་གོང་མ་བཞིན་དུ་བྱའོ། ། བཀྲུ་སྨན་རྒྱལ་པོའི་རིལ་ལུ་སྦྱར་ཐབས་དང་དེའི་ཕན་ནུས་ལ།
4. ༡  ཨ་རུ་ར་འི་ཤ་སྲང་འཕྱེད་། སྐྱུ་རུ་ར །  སུག་སྨེལ།   བྱ་ཏང་ཀ །
 ༢   འགན་ད་པ་ཏྲ།  པྱི་པྱི་ལིང།  ན་ལེ་ཤམ།  ཤིང་ཚ་།  དྭ་ཚ།  འདི་རྣམས་
  ༣  ཞོ་རེ་རེ།  དུར་བྱིད་སྲང་འཕྱེད།  ། རྒྱ་གར་གྱི་དན་ཏི་མཆིས་ན་རབ །
  ༤  མ་མཆིས་ན་རྒྱ་འི་དན་ད་འབྲུ་གསུམ་མན་ཅད་གཉིས་ཡན་ཅད།  ྾ ྾
  ༥  འཕྱེད་།  སྨན་གཞན་ཞིབ་དུ་བཏགས་ནས་བཙགས་ནས།  ། དན་ད་བཞུ ་
  ༦  འཇུ་འུ༹་ཕྱུང་སྟེ་བཏུལ་ནས།   དེབ་ཙེ་འམ། ྾ ཞལ་ འུ༹ ་བེ་ ྾ ྾ ྾
  ༧  ནང་དུ་ཞིབ་དུ་བརྡུངས་ཏེ་། སྨན་སྦྲང་རྩི་ལ་སྦྲུས་པ་དང་བསྲེས་ཏེ྾
  ༨  དུ་བརྡུངས་པ་དང་།  རི་ལུ་སྲན་ཅུང་ཙམ་དུ་བྱས་ནས།  ལོ་ཆེ་ན་སྲང་
  ༩  འཕྱེད།  འབྲིང་ན་ཞོ་གསུམ།  སྙི་ན་ཞོ་གཉིས། ། ཡོན་ཏན་ལ་ཕོ་བ་
ཨ་རུ་རུའི་ཤ་སྲང་ཕྱེད་ཀ་དང་། སྐྱུ་རུ་ར།  སུག་སྨེལ།  བྱ་ཏང་ཀ    འགན་ད་པ་ཏྲ།  པྱི་པྱི་ལིང་།  ན་ལེ་ཤམ།  ཤིང་ཚ།  དྭ་ཚ་རྣམས་ཞོ་རེ་རེ་དང་།  དུར་བྱིད་སྲང་ཕྱེད། དེ་མིན་རྒྱ་གར་གྱི་དན་ཏིག་ཡོད་ན་རབ་ཡིན་པ་དང་། དེ་མེད་ན་རྒྱའི་དན་ཏིག་འབྲུ་གསུམ་མན་དང་གཉིས་ཡན་ཆད་ཀྱི་ཕྱེད་ཀ་དང་། སྨན་གཞན་རྣམས་ཞིབ་མོར་འཐག་ནས་བཙག་དགོས་པ་དང་། དན་ཏིག་བཞུ་བ་འཇུ་འུས་བླངས་ནས་འཐུལ་བ་དང་།  ཐེབ་ཙེའམ་ཞལ་འུ་བེའི་ནང་དུ་ཞིབ་མོར་བརྡུངས་རྗེས་རིལ་ལུ་སྲན་མའི་ཆེ་ཆུང་ཙམ་དུ་བྱེད་དགོས།  དེ་ལྟོ་ཆེ་ན་སྲང་ཕྱེད་དང་།  འབྲིང་ན་ཞོ་གསུམ།  སྙི་ན་ཞོ་གཉིས་ཞེས་རིལ་ལུ་སྦྱོར་ཐབས་བསྟན་ཡོད།   དེའི་ཕན་ནུས་ནི།  ཕོ་བ་ན་བ་དང་།
5. ༡  ན་བ་དང་།  མཆིན་པ་དང། མཁལ་རྐྱེད་དང།  དྲང་ནད་དང་རླུང་ནད་སྣ་
  ༢  ཚོགས་དང་།  སྲན་དང་ལྦ་བ་དང།  ཤ་ལག་སྐྱེས་པ་དང།  བུད་མྱེད་
  ༣  སྦྲུམ་མ་ཁོང་མྱི་བདེ་ཞིང་སྙོམ་བ་དང།  ཆུ་སོར་ཟུག་སྟེ་འདྲོ་མྱི་
  ༤  ཤེས་ཞིང་གཅིན་སྲི་བ་དང།  རླིག་པ་སྐྲངས་པ་རླུགས་པ་ལ་འཕན་
  ༥  ཏོ ། ། །  །  སྔོན་བུ་བཀྲུ་སྨན་མར་དུ་སྦྱར་བ་དང་གཏང་བའི་ཐབས།
  ༦  ྾ སྔོན་བུ་ཁྱོར་གང།  ཚྭ་འི་ནང་དུ་ཞག་གཅིག་བྲན་ལ་བསྐམས་ཏེ།
  ༧  ཞིབ་དུ་བཏགས་ལ་ཆུ་སྐྱོགས་གང་དང།  མར་སྲང་བཅུ་ཤ་མཐང་འཕྱེད་
  ༨  པར་བཞུ་བའི་ནང་དུ་སྩལ་ལ།  ཀྲུགས་ཏེ་བསྐོལ་ལ།  སྐྱ་བའི་ཐོར་ཏོ
  ༩  ྾ ྾ ྾ པ་མྱེར་སྩལ་ཏེ།  མར་གསུར་ཞེས་མྱི་མཆི་ན་
མཆིན་པ་དང་། མཁལ་རྐྱེན།  གྲང་ནད་དང་རླུང་ནད་སྣ་ཚོགས་དང་།  སྐྲན་དང་ལྦ་བ།  ཤ་ལག་སྐྱེས་པ་དང་།  བུད་མེད་སྦྲུམ་མའི་ཁོག་མི་བདེ་ཞིང་སྙོམ་པ། ཆུ་སོ་ཟུག་སྟེ་འགྲོ་མི་ཤེས་པ་དང་། གཅིན་ཉུང་བ།  རླིག་པ་སྐྲངས་པ་སོགས་ལ་ཕན་ནོ།།  ཡང་སྔོན་བུ་དེ་མར་དང་སྦྱར་ནས་བཀྲུ་སྨན་དུ་གཏང་བའི་ཐབས་ལ།  སྔོན་བུ་ཁྱོར་གང་ཚྭའི་ནང་དུ་ཞག་གཅིག་རིང་འབྲན་པར་བྱས་ཏེ་བསྐམས་པ་དང་། དེ་ཞིབ་མོར་འཐག་ནས་ཆུ་སྐྱོགས་བུ་གང་དང་། མར་སྲང་བཅུ། ཤ་མཐང་ཕྱེད་ཀ་བཞུ་བའི་ནང་དུ་བཞག་སྟེ་དཀྲུག་དཀྲུག་བཏང་ནས་བསྐོལ་བ་དང་།  སྐྱ་བའི་རྩེ་མོ་མེའི་ནང་དུ་བཞག་ནས་མར་གསུར་བྱས་ཏེ་
6. ༡  ཚོས་པའི་ཚད་ལགས་པས་འཕྱུང་ལ་།   འཇམ་ཙམ་གྱི་ནང་དུ་དུར་
  ༢  བྱིད་ཞོ་གཅིག །  ཟླ་འོར་ཞོ་ཤ་ཞོ་གཅིག་ཞིབ་དུ་བཏགས་པའི་
  ༣  ཞིབ་དུ་བཏགས་པའི་ཕྱེ་མ་དེར་སྩལ་ཏེ་།  འཁྱེག་སུ་ཉེ་བ་དང་འདྲེས
  ༤  དཀྲུགས་ལ་།  ལྟོ་སྲ་བ་ལས་སྲང་འཕྱེད།  སྙི་བ་ལ་ཞོ་གསུམ།
  ༥  ། སྐྱེམས་གདའ་བ་དྲོ་ཙམ་ཅན་ཅེ་གང་གི་ནང་དུ་བཞུ་སྟེ་གཏང། །
  ༦  ། དེ་འཁྲུས་ན་རྟ་བསྐྱོན།  ཆོ་ག་བཀྲུ་སྨན་གཞན་དང་འདྲའ།  ཐུན་ ྾ ྾
  ༧  ན་ཡང་ཉེན་མ་མཆིས།  དུར་བྱིད་དང་ཟླ་གོར་ཞོ་ཤ་མ་མཆིས།
  ༨  ཡང་སྔོན་བུ་ཅིག་པུ་ཡང་ཡང་རུང་། ། ཕན་བའི་ཡོན་ཏན་ལ་
  ༩  དུག་གསར་རྙིང་དང་།  ཆུ་སེར་ཀྱི་ནད་ལ་ལྷག་པར་བཟང །  བཀྲུ་སྨན
འཚོས་པའི་ཚད་དུ་སླེབས་རྗེས་ལག་པས་ཕྱིར་བླངས་ཏེ་དྲོད་འཇམ་དུ་སོང་རྗེས། དེའི་ནང་དུ་དུར་བྱིད་ཞོ་གཅིག་དང་། ཟླ་གོར་ཞོ་ཤ་ཞོ་གཅིག་ཞིབ་མོར་འཐག་ནས་ཕྱེ་མར་བཏང་རྗེས། འཁྱེག་སུ་ཉེ་བ་དང་འདྲེས་པར་བྱས་ནས་དཀྲུག་དཀྲུག་བྱེད་དགོས།  དེ་ལྟོ་སྲ་བ་ལ་སྲང་ཕྱེད་དང་། སྙི་བ་ལ་ཞོ་གསུམ།    སྐྱེམས་གདའ་བ་དྲོ་ཙམ་ཅན་ཙེ་གང་གི་ནང་དུ་བཞུ་བར་བཅུག་ནས་གཏོང་བར་བྱ།  དེ་འཁྲུས་ན་རྟར་བསྐྱོན་པ་དང་། དེའི་ཆོ་ག་བཀྲུ་སྨན་གཞན་དང་གཅིག་མཚུངས་ཡིན།    ཐུན་་་་ཉེན་མེད།  དུར་བྱིད་དང་ཟླ་གོར་ཞོ་ཤ་མེད་པ་དང་།  ཡང་སྔོན་བུ་གཅིག་པུས་ཀྱང་ཆོག    དེ་ཕན་པའི་ཡོན་ཏན་ལ།  དུག་གསར་རྙིང་དང་། ཆུ་སེར་གྱི་ནད་ལ་ལྷག་ཏུ་ཕན།  བཀྲུ་སྨན
7. ༡  ཀྱིས་བཀྲུ་བའི་ནད་ཀུན་ལ་འཕན། ། ། །  སྔོན་བུ་འི་སྨན་
  ༢  མར་རྣམ་ཅིག་སྦྱར་བའི་ཐབས་དང་ཡོན་ཏན་ལ་། །  བད་ཀན་
  ༣  སྨུག་པོ་།  ཆུ་སེར་ཐང་ལས་ལྷག་པ།  །  དུག་སྐྲང་བ་
  ༤  དང།  དམུ་ཆུ་དང།  དྲེག་ཚིགས་ནད་།  རྩ་བྲན་སྦུ་གུ་འགགས་པྰ་
  ༥  ཤུ་བ་ཆུ་རྒྱུས་འཁུམས་པ།   ཚ་བའི་ནད་རྣམས་ལ་འཕན ་
  ༦  ཏེ།  ། སྦྱར་བའི་ཐབས་ལ་།  ། སྔོན་བུ་སྲང་གཅིག་ཚྭ་ལས་ཞག་
  ༧  ཅིག་སྦངས་ཏེ་བཏུལ་ནས་བཙགས་ཏེ།  གྲིབ་མ་ལ་བསྐམས་ལ་
  ༨  སྲང་གཅིག་པྱི་པྱི་ལིང་ཞོ་གཉིས།  ཆུ་ལས་འདེ་གུ་བྱས་ཏེ།
གྱིས་བཀྲུ་བའི་ནད་ཚང་མར་ཕན།   ཡང་སྔོན་བུའི་སྨན་མར་རྣམ་གཅིག་དང་སྦྱར་བའི་ཐབས་དང་ཕན་ནུས་ནི།  བད་ཀན་སྨུག་པོ་དང་། དམུ་ཆུ།  དྲེག་ཚིགས་ཀྱི་ནད། རྩ་ཕྲ་མོའི་སྦུ་གུ་འགག་པ།   ཤུ་བའི་ཆུ་རྒྱུས་སམ་རྩ་འཁུམས་པ། ཚ་བའི་ནད་སོགས་ལ་ཕན་ཞིང་། དེ་སྦྱོར་ཐབས་ནི།  སྔོན་བུ་སྲང་གཅིག་ཚྭའི་ནང་དུ་ཞག་གཅིག་རིང་སྦངས་ཏེ་ཞིབ་མོར་བཏགས་ནས་བཙགས་པ་དང་། དེ་གྲིབ་མར་བསྐམ་རྗེས་སྲང་གཅིག་པྱི་པྱི་ལིང་ཞོ་གཉིས་དང་ཆུའི་ནང་དུ་ལྡེ་གུ་བྱེད་ཅིང་།
8. ༡  མར་སྲང་བཞི་དང་བཙོས་ཏེ་མྱེ་ལས་བསྲེགས་ནས།  ཚིག་
  ༢  ཚིག་མྱི་མཆི་བ་དང།  ལྟོ་སྲ་བ་ལ་ཞོ་ཕྱེད་དང་གཉིས།
  ༣  སྙི་བ་ལ་ཞོ་གཅིག །  །  ཤུ་ཏེ་བསྐོལ་བའི་ཁུ་བྰ་ལས་གཏང་ངོ་། །  ། །
  ༤  །  ། །  སྔོན་བུ་འི་བཀྲུ་སྨན་རྣམ་ཅིག་སྦྱར་བའི་ཐབས་དང་
  ༥  ཕན་བའི་ཡོན་ཏན་ལ།  །  དུག་གསར་རྙིང་ལ་ཕན།  ཤུ་བ་དང།
  ༦  གཡན་བ་དང།  ཆུ་སེར་ནག་པོ་དང། གྲུམ་བུ་འི་ནད་དང་། སྐྲན་དང་
  ༧  ཆུ་སྐྱགས་རྣམས་དང་མཆིན་པ་ན་བ་ལ་འཕན་ཏེ་། །  ། །  ། །
  ༨  འཕྲད་ལ་སྔོན་བུ་ཞོ་གསུམ་།  ཚྭ་རབ་འམ་ཆང་ཞིམ་པོ་འི་ནང་
ལྡེ་གུ་དེ་མར་སྲང་བཞི་དང་མཉམ་དུ་བཙོས་ནས་མེར་བསྲེགས་ཏེ་འཚིག་ཏུ་འཇུག་མི་ཉན།  དེ་ལྟོ་སྲ་བ་ལ་ཞོ་ཕྱེད་དང་གཉིས་དང་། སྙི་བ་ལ་ཞོ་གཅིག   དེ་བསྐོལ་བའི་ཁུ་བ་གཏང་བར་བྱ།   ཡང་སྔོན་བུའི་བཀྲུ་སྨན་རིགས་ཤིག་སྦྱར་བའི་ཐབས་དང་ཕན་ཡོན་ལ།   དུག་གསར་རྙིང་གཉིས་ཀར་ཕན།  ཤུ་བ་དང་གཡན་པ། ཆུ་སེར་ནག་པོ་བྱུང་བ་དང་།  གྲུམ་བུའི་ནད། སྐྲན་དང་ཆུ་སྐྱགས་སོགས་དང་མཆིན་པ་ན་བར་ཕན།   དེར་སྔོན་བུ་ཞོ་གསུམ་ཚྭ་བཟང་པོའམ་ཆང་ཞིམ་པོའི་ནང་དུ
9. ༡  དུ་ཞག་གསུམ་གྱི་བར་དུ་སྦངས་ཏེ་ཕྱུང་ནས་གྲིབ་མ་ལ་བསྐམས་
  ༢  ཏེ་།  པྱི་པྱི་ལིང་སྲང་འཕྱེད་ཞིབ་རབ་དུ་བཏགས་ལ་། མར་སྲང་
  ༣  གཅིག་།  ཆུ་ཕུལ་གང་དུ་བསྐོལ་ལ་།  ཆུ་ནི་དུ་མར་ཉི་ཙེ་ལུས་
  ༤  པྰ་དང་འཕྱུང་ནས་།  ཐུན་ཅིག་ལ་ཞོ་གཉིས་སམ་གསུམ་
  ༥  གཏང་གཡར་ཟས་ནི་བཀྲུ་སྨན་གཞན་དང་འདྲའ། །  །
  ༦  འབྲས་བུ་གསུམ་གི་བཀྲུ་སྨན་གྱི་འཕྲད་དང་ཡོན་ཏན་དང་
  ༧  སྦྱར་བའི་ཐབས་ལ་།  །  ནད་གཞི་གསུམ་ལས་གྱུར་པ་དང ། །
  ༨  མཆིན་པ་དང་། མཚེར་པ་ན་བ་དང།  ཆུ་སེར་གྱི་སྙད་ཀྱིས་
ཞག་གསུམ་གྱི་བར་དུ་སྦངས་རྗེས་ཕྱིར་བླངས་ནས་གྲིབ་མར་བསྐམས་ཏེ།  པྱི་པྱི་ལིང་སྲང་ཕྱེད་ཅིག་ཞིབ་ཏུ་འཐག་སྟེ་མར་སྲང་གཅིག་དང་ཆུ་ཕུལ་གང་བསྐོལ་དགོས་ཤིང་། ཆུ་ནི་དུ་མར་ཉི་ཙེ་ལུས་པ་ལྟ་བུ་ཕྱིར་ཕྱུང་ནས་ཐུན་གཅིག་ལ་ཞོ་གཉིས་སམ་གསུམ་འཐུང་བ་དང་། དེའི་གཡར་ཟས་ནི་བཀྲུ་སྨན་གཞན་དང་འདྲ་བ་ཡིན།   འབྲས་བུ་གསུམ་གྱི་བཀྲུ་སྨན་གྱི་སྦྱོར་ཐབས་དང་ཕན་ཡོན་ལ།  ནད་གཞི་གསུམ་ལས་གྱུར་པ་དང་། མཆིན་པ་དང་མཚེར་བ་ན་བ། ཆུ་སེར་གྱི་དབང་གིས་
10. ༡  ཤུ་བ་ཆེད་པོར་གྱུར་པ་དང་།  མ་ཞུ་བ་གསར་རྙིང་དང །  ཕོ་བ་ན་པ་དང །
  ༢  ཚད་རྙིང་ཆད་དུ་མྱི་བཏུབ་པ་དང ། གློ་གཅོང་དང།  གློ་འོར་དང ། རིམས་
  ༣  རྙིང་པ་འབྱང་རྐ་བ་ལས་བསྩོགས་པ་ལ་ཕན་ཏེ།  ། ཕྲད་ལ་
  ༤  ཨ་རུ་ར།  བཱ་རུ་ར།  སྐྱུ་རུ་ར།  པྱི་པྱི་ལིང་མུ་ལ།  པུ་ཙེ་ཤེལ།།
  ༥  ཁྱི་ལྕེ་བ་ལི་ག་ཏུར།  ལི་དོང་ར་།  འདི་རྣམས་ཞོ་ཕྱེད་དང་གཉིས་
  ༦  གཉིས།  ཁ་རུ་ཚ་དང་ལྒྱམ་ཚ་གང་འབྱོར་པ་ཞོ་ཕྱེད།  དུར་བྱིད་
  ༧  དུར་བྱིད་ཞོ་གཉིས་།  དོང་ཀ་སོར་བཞི།  རྒུན་འབྲུམ་སྲང་འཕྱེད།
  ༨  ཚུལ་བཞིན་སྦྱར་ཏེ་གཏང།   གཡར་ཟས་དང་བཅོས་ཐབས།
ཤུ་བའམ་རྨ་ཁ་ཆེན་པོར་འགྱུར་བ་དང་།   ཟས་མ་ཞུ་བ་དང་། ཕོ་བ་ན་བ། ཚད་རྙིང་ཆད་དུ་མི་ཐུབ་པ།  གློ་གཅོང་། གློ་གོར།  རིམས་རྙིང་པ་བྱང་དཀའ་བ་ལས་སོགས་པར་ཕན་ནོ།  ། ཕྲད་ལ་ཨ་རུ་ར་དང་། བ་རུ་ར། སྐྱུ་རུ་ར།  པྱི་པྱི་ལིང་མུ་ལ།  པུ་ཙེ་ཤེལ།  ཀྱི་ལྕེ་བ། ལི་ག་དུར།  ལི་དོང་ར་རྣམས་ཞོ་ཕྱེད་དང་གཉིས་གཉིས་དང་།  ཁ་རུ་ཚ་དང་ལྒྱམ་ཚ་གང་ཡོད་པ་ཞོ་ཕྱེད་ཀ་དང་། དུར་བྱིད་ཞོ་གཉིས། དོང་ཀ་སོར་བཞི། རྒུན་འབྲུམ་སྲང་ཕྱེད་ཚུལ་བཞིན་དུ་སྦྱར་ཏེ་གཏོང་བར་བྱ།  དེའི་གཡར་ཟས་དང་བཟོ་ཐབས་ནི་བཀྲུ་སྨན་གཞན་དང་འདྲའོ། །
11. ༡  བཀྲུ་སྨན་གཞན་དང་འདྲའ། །། །  ། ། བཀྲུ་སྨན་ཧ་པུ་ཤ་
  ༢  སྦྱར་བའི་ཐབས་དང་སྨན་བའི་ཡོན་ཏན་ལ།  ཧ་ཕུ་ཤ།  འབྲས་
  ༣  བུ་གསུམ་།  ནི་ལི་ནི །  ས་རྦ་ལ་སུ་བ་རྣམ་ཀྴི་རི། །  པུ་ཙེ་ཤེལ་
  ༤  པྱི་པྱི་ལྀང།  ཀྱི་ལྕེ་བ་།  ཤུ་དག །  ལྒྱམ་ཚ ། རྩལ་རུ་ཚ།  ཁ་རུ་ཚ།
  ༥  ལི་དོང་ར །  འདི་རྣམས་ཆ་བསྙམས་ཏེ་། ཞིབ་རབ་དུ་བཏགས་བཙགས་
  ༦  དཔའ།  ཞོ་གཉིས་།  འབྲས་བུ་གསུམ་བསྒོལ་པ་འམ།  སེ་འུ༹་འབྲུ་
  ༧  བསྐོལ་པའི་ཁུ་བ་འམ།   ཤ་ཁུ་འམ་གང་རུང་བ་དང་ནད་གཞི་ལས་
  ༨  སྦྱར་ཏེ་གཏང་ན་འ༹ཁྲུ་བར་འགྱུར་ཏེ།  མཛེ་ནད་དང་ཤ་གཟི་གུ་དང་
བཀྲུ་སྨན་ཧ་པུ་ཤ་སྦྱོར་ཐབས་དང་ཕན་ཡོན་ལ།  ཧ་པུ་ཤ་འབྲས་བུ་གསུམ་དང་།  ནི་ལི་ནི།  ས་རྦ་ལ་སུ་བ་རྣམ་ཀྴི་རི།  པུ་ཙེ་ཤེལ།  པྱི་པྱི་ལིང་། ཀྱི་ལྕེ་བ།  ཤུ་དག  ལྒྱམ་ཚ།  རྩལ་རུ་ཚ།  ཁ་རུ་ཚ། ལི་དོང་ར་རྣམས་ཆ་མཉམ་པོར་བྱས་ནས་ཞིབ་མོར་རབ་ཏུ་འཐག་སྟེ་བཙགས་ནས་དེ་ཞོ་གཉིས་དང་། འབྲས་བུ་གསུམ་བསྐོལ་པའམ་སེའུ་འབྲུ་བསྐོལ་བའི་ཁུ་བ་དང་། ཡང་ན་ཤ་ཁུ་སོགས་གང་རུང་ནད་གཞི་དང་སྦྱར་ནས་འཐུང་ན་འཁྲུ་བར་འགྱུར་ཏེ། མཛེ་ནད་དང་ཤ་གཟི་གུ་དང་།
12. ༡  ཁ་ཟས་མྱི་འཇུ་བྰ་དང་།  དྲོད་ཆུང་བ་དང།  སྐྲངས་པའི་ནད་དང།
  ༢  སྐྱ་རྦབ་ནད་དང །  དམྱིག་སེར་དང།  ནད་ལྕང་ཁུ་ཁ་དང་། གཞང་
  ༣  འབྲུམ་དང། དམུ་རྫིང་དང། འདུས་པའི་ནད་རྣམས་དང །   སྐྲན་
  ༤  རྣམས་ཞི་བར་བྱེད་དོ །   ། ། རྒྱ་འི་ཅུར་ཉིས་འབའ་ཞི་ཧྭང་སྦྱར་བའི་
  ༥  ཐབས་དང།  སྨན་བའི་ཡོན་ཏན་ལ།  ། གསོའ་མའི་སྙིང་པོ་སྲང་གཉིས། །
  ༦  ཞིན་ཞིམ་སྲང་གཅིག །  བོག་ལིང་ཨ་རུ་ར །  ལྕུམ་རྩ་སྲང་ཕྱེད་དང་གཉིས་
  ༧ གཉིས། ། ཞིབ་རབ་དུ་བཏགས།  བཙགས་སྟེ།  སྦྲང་རྩི་ལ་རི་ལུ་བྱི་རྟུག་ཙམ་
  ༨  དུ་བྱས་སྟེ།  ། ཐུན་ཅིག་ལ་ཞོ་གཉིས་གཉིས་ཡན་ཅད་ནས་ཞོ་གསུམ་
  ༩  གསུམ་མན་ཅད་དགུན་ཆང་ལ་ཕུལ་ཏེ་གཏང ། ནས་ལན་གཉིས་གསུམ་
ཁ་ཟས་མི་ཞུ་བ་དང་། དྲོད་ཆུང་བ། སྐྲངས་པའི་ནད་དང་། སྐྱ་རྦབ་ཀྱི་ནད། མིག་སེར་དང་། ནད་ལྕང་ཁུ་ཁ།  གཞང་འབྲུམ། དམུ་རྫིང་།  འདུས་ནད་དང་སྐྲན་རྣམས་ཞི་བར་ཕན་ནོ། །  རྒྱའི་ཅུར་ཉིས་འབའ་ཞི་ཧྭང་སྦྱར་བའི་ཐབས་དང་ཡོན་ཏན་ལ།  གསོ་མའི་སྙིང་པོ་སྲང་གཉིས་དང་། ཞིན་ཞིམ་སྲང་གཅིག  བོག་ལིང་ཨ་རུ་ར།   ལྕུམ་རྩ་སྲང་ཕྱེད་དང་གཉིས་གཉིས་ཞིབ་མོར་རབ་ཏུ་འཐགས་ནས་བཙགས་པ་དེ་སྦྲང་རྩི་དང་སྦྱར་ནས་རིལ་ལུ་བྱིའུ་རྟུག་ཙམ་དུ་བྱས་ཏེ།  ཐུན་གཅིག་ལ་ཞོ་གཉིས་གཉིས་ཡན་ཆད་ནས་ཞོ་གསུམ་གསུམ་གྱི་མན་ཆད་རྒུན་ཆང་དང་སྦྱར་ནས་འཐུང་སྟེ།
13. ༡ འཁྲུས་པ་དང་འཚལ་མ་སྩལ་ཏོ།  །ཡོན་ཏན་ལ་སྟོད་
  ༢  དང་གླ་རྙིང་ལ་ཁྲག་རྒྱས་ཤིང།  རླུང་ཚ་བྰ་ཡོད་པ་དང །  ཕོ་བའི་
  ༣  ཁ་ན་བད་ཀན་རྒྱས་པ་དང ། ལྟོ་རྦོ་ཞིང་ཟས་སུ་མྱི་ཆུད་པ་དང།  ཕོ་བ་ཉམ་
  ༤   ཆུང་བ་དང ། རོ་རྒྱབ་འཛིངས་ཤིང་།  རྒྱབ་ཀྱི་གཞུང་དུ་ཟུག་ཅི་བརྩེ་བ་དང །
  ༥   དབུགས་མྱི་བདེའ་ཞིང་འགུལ་པ་འགག་པ་ལ་འཕན་ནོ །  སད་དེ་བཟང་རབ།
  ༦ ། ལི་འི་བཀྲུ་སྨན་ཀྱི་རིགས་ལས་།  ཅུར་ཉིས་ཀྱི་འཁསྨ་སུ་གཏོགས་པའ་
  ༧  བཀྲུ་སྨན་གཞན་བས་འཞམ་ཞིང་བདེ་བྰ །  སྦྱར་བའི་ཐབས་ནི།  ། དའི་ས་
  ༨  ཅུར་ནིས།  བལ་བུ་ཞོ་གཅིག་།  ཐང་དུ་སྨན་གཞན་གྱི་ཞོ་ཚད་དང་སྦྱར་ལ་
ཐེངས་གཉིས་གསུམ་ལ་འཁྲུས་རྗེས་མི་འཐུང་བར་བྱ། དེའི་ཕན་ནུས་ལ་ལུས་སྟོད་དང་། ཀླད་རྙིང་ལ་ཁྲག་རྒྱས་པ་དང་། རླུང་ཚ་བ་ཡོད་པ། ཕོ་བའི་ཁ་ནས་བད་ཀན་རྒྱས་པ་དང་།  ལྟོ་ལྦོས་ཏེ་ཟས་མི་འགྲོ་བ་དང་། ཕོ་བའི་ཉམ་ཆུང་བ།  རོ་རྒྱབ་འཛིངས་པ་དང་རྒྱབ་གཞུང་དུ་ན་ཟུག་སྐྱེ་བ།  དབུགས་མི་བདེ་བ་དང་མིད་པ་འགག་པ་ལ་ཕན་ནོ། །སད་དེ་ཤིན་ཏུ་བཟང་།  ལིའི་བཀྲུ་སྨན་གྱི་རིགས་ལ་ཅུར་ཉིས་ཀྱི་ཁམས་སུ་གཏོགས་པ་བཀྲུ་སྨན་གཞན་ལས་འཇམ་ཞིང་བདེ་བ་ཡིན། དེའི་སྦྱོར་ཐབས་ནི།  དའི་ས་ཅུར་ནིས་དང་། བལ་བུ་ཞོ་གཅིག་ཐང་དུ་སྨན་གཞན་གྱི་ཞོ་ཚད་དང་སྦྱར་བ་དང་།
14. ༡  དེའི་སྟེང་དུ་ཤ་མ་དུར་བྱིད་ཞོ་ཕྱེད་དང་གཉིས་ཀྱིས་བསྣན་ལ་སྦྲང་རྩིས་
  ༢  སྦྲུས་ཏེ་།  རི་ལུ་ཤ་རྟུག་ཙམ་བས་ཡིད་ཆེར་བགྱིས་སྟེ ། ནང་རེ་རེ་འཚླ །
  ༣  ཉི་མ་ཕྱེད་ཙམ་ན་ལན་གཉིས་ཙམ་འཁྲུ །  ལན་ཅིག་མང་དུ་འཁྲུས་
  ༤  པར་བགྱི །  རིལ་ལུ་དེ་བས་མང་དུ་གཏང །  རྒྱུན་ཏུ་གཏང་ལ་དགུང་ལ་
  ༥  སྨན་འ༹ཚལ ། དགུང་ལྔ་བསྟི་སྟེ །  འདི་བཞིན་ནད་བྱང་བྱང་དུ་གཏང ། ། །
  ༦  ལུད་པ་དང།  གློ་དང།  ཁ་ཟས་ཡི་གར་མྱི་འོང་བ་དང།  མྱི་འཇུ་བ་དང ། སྙིང་
  ༧  ན་བ་དང །  ཤ་སེར་པོར་གྱུར་པ་དང ། དམྱིག་སེར་དང་། སྐྱུག་བྲོ་བ་དང།།
༨ སྐེམ་ནད་དང། མཚེར་པ་ན་བ་དང། འདར་བུ་འི་རིམས་ཚད་པ་ཁོང་
དེའི་སྟེང་དུ་ཤ་མ་དུར་བྱིད་ཞོ་ཕྱེད་དང་གཉིས་བསྣན་ཏེ་སྦྲང་རྩི་དང་སྦྲུས་ནས་རིལ་ལུ་ཤ་རྟུག་ཙམ་ལས་ཆེར་བྱས་ཏེ། ནངས་རེ་རེར་འཐུང་བར་བྱ། ཉིན་ཕྱེད་ཙམ་ན་ཐེངས་གཉིས་ཙམ་ལ་འཁྲུ་བ་དང་། ཐེངས་ཤིག་མང་དུ་འཁྲུ་བར་བྱ། དེ་ནས་རིལ་ལུ་དེ་བས་མང་དུ་བཏང་སྟེ་རྒྱུན་པར་དགུང་དུ་འཐུང་རྗེས། དགུང་ལྔར་ངལ་གསོ་དགོས། འདི་ལྟར་ནད་བྱང་རེག་བར་དུ་གཏང་བར་བྱ།  དེ་ལུད་པ་དང་། གློ། ཁ་ཟས་ཀྱི་ཡི་གར་མི་འོང་བ་དང་། ཁ་ཟས་མི་འཇུ་བ།  སྙིང་ན་བ། ཤ་མདོག་སེར་པོར་འགྱུར་བ། མིག་སེར་པོ་དང་། སྐྱུག་བྲོ་བ། སྐེམ་ནད་དང་མཚེར་བ་ན་བ། འདར་བུའི་རིམས་ཚད་ཀྱི་ཁོག
15. ༡  ནད་ཐམས་ཆད་རྟུག་སྐམ་རྣམས་ལ་འཕན ། །  ། ། ། །  ཡང་
  ༢  བྱི་དང་ཞོ་གཅིག །  སེ་འུ༹་ནོ་ཞེས་བགྱི་བ་གོ་སྙོད་འདྲ་བ་དེ་ཞོ་གཉིས །
  ༣  དེ་མ་སྙེད་ན་གོ་སྙོད་ཀྱང་རུང །  ཙིང་ཀ་ཞོ་གཅིག །  སྒྲོན་ཤིང་ ལི་དོང་ར་
  ༤  འབུག་སུག་གི་རྩ་བ་ཞོ་གཉིས་གཉིས ། ཤ་མ་དུར་བྱིད་སྲང་གཅིག  །
  ༥  འདི་རྣམས་ཞིབ་རབ་དུ་བཏགས་བཙགས་ལ་།  སྦྲང་རྩི་དང་སྦྱར་བ་རི་ལུ་
  ༦  རྔ་རྟུག་ཙམ་དུ་བགྱིས་ལ །  ནང་རེ་རེ་རེ་གཏང །  རིལ་ལི་གཅིག་ལ་ལྟོ་
  ༧  སྐྲ་སྙི་ལས་རེ་རེ་ཙམ་འཁྲུ་ ། ཞག་ལྔ་ཞིང་རི་ལུ་གཅིག་གཏང །
  ༨  ཁོང་སྐྲངས་པ་དང །   དམུ་རྫྀང་དང་རྐ་ལག་དང་ཤ་སྐྲངས་པ་ལ་ཕན །
ནད་ཐམས་ཅད་དང་རྟུག་སྐམ་པ་སོགས་ལ་ཕན།   ཡང་བྱི་དང་ཞོ་གཅིག་དང་། སེའུ་ནོ་ཞེས་གོ་སྙོད་འདྲ་བ་ཞོ་གཉིས་དང་། དེ་མེད་ན་གོ་སྙོད་ཀྱང་ཆོག   ཙིང་ཀ་ཞོ་གཅིག   སྒྲོན་ཤིང་། ལི་དོང་ར།   འབུག་སུག་གི་རྩ་བ་ཞོ་གཉིས་གཉིས། ཤ་མ་དུར་བྱིད་སྲང་གཅིག་སོགས་ཞིབ་ཏུ་འཐག་རྗེས་བཙགས་དགོས་པ་དང་། དེ་སྦྲང་རྩི་དང་སྦྱར་ནས་རིལ་ལུ་རྔ་རྟུག་ཙམ་དུ་བྱས་ནས་ནངས་མོ་རེ་རེར་འཐུང་བར་བྱ།  རིལ་ལུ་གཅིག་ལྟོ་སྲ་སྙི་ལས་རེ་རེ་ཙམ་འཁྲུ་བ་དང་།  ཞག་མ་ལྔའི་རིང་རིལ་ལུ་གཅིག་འཐུང་བར་བྱ།  དེ་ཁོག་སྐྲངས་པ་དང་། དམུ་རྫིང་དང་རྐང་ལག་དང་ཤ་སྐྲངས་པར་ཕན།
16. ༡  དྲག་དུ་འཁྲུ་བར་བགྱི་བ་ན་ །  སྦྲང་རྩི་སྐྱིན་བར ་།  བ་གཅིན་གྱིས་
  ༢  སྦྲུས་ཏེ་རྣོ་རབ་ལ་སྨན་ཚབས་ཆེ་འོ ། །  ། །  ། ། ནད་འདུས་ནས །
  ༣  ཏ་རི་ཡོན་ཞེས་བྱ་བ།   །ཧ་ལ་ཟུ་ནེ་ཞེས་བྱ།  ། ལྟོ་ཚད་རྙིང་དུ་འཁྲུ་
  ༤  བ་ལ་འཕན་ཏེ།  སྦྱར་བའི་ཐབས་ལ། སྲིན་ཁོག་དང།  འབུ་འདྲ་བ་བསྲེགས
  ༥  པའི་ཐལ་བ་སྲང་འཕྱེད །  འབུ་ཤག་ཙེ་ཞོ་གཉིས ། ན་ལེ་ཤམ་ཞོ་
  ༦  གཅིག །  འདི་རྣམས་ཞིབ་དུ་བཏགས་བཙགས་ནས །  ཐུན་ཅིག་
  ༧  ལ་ཞོ་གཉིས།  དགུན་ཆང་ངམ་ཆུ་འི་ནང་དུ་དཀྲུགས་སྟེ་ཁེ་འུ༹་སུས་
  ༨  ལ་གཏང །  ཁུ་བའི་ནང་དུ་སྤོད་ཀྱི་ཐབས་སུ་སྩལ་ན་ཡང་སྨན ། །
  ༩  དེ་ལས་ཡང་ལྟོ་ནང་པར་འཁྲེག་ཅིང་འཁྲུ་ན་།   ཐ་རམས་ཀྱི་ས་བོན །
དྲག་ཏུ་འཁྲུ་ན།  སྦྲང་རྩི་སྐྱིན་བར་དུ་བ་ལང་གི་གཅིན་གྱིས་སྦྲུས་ན་སྨན་ཚབས་ཆེ་བ་ཡིན།  ནད་འདུས་ནས་ཏ་རི་ཡོན་ཞེས་བྱ་བ་དང་།   ཡང་ན་ཧ་ལ་ཟུ་ནེ་བྱ་བ། ལྟོ་ཚད་རྙིང་པ་འཁྲུ་བ་ལ་ཕན་ཏེ།  དེ་སྦྱོར་ཐབས་ནི།  སྲིན་ཁོག་དང་འབུ་འདྲ་བ་བསྲེགས་པའི་ཐལ་བ་སྲང་ཕྱེད་དང་།  འབུ་ཤག་ཙེ་ཞོ་གཉིས།  ན་ལེ་ཤམ་ཞོ་གཅིག་རྣམས་ཞིབ་མོར་འཐགས་ནས་བཙགས་པ་དེ་ཐུན་གཅིག་ལ་ཞོ་གཉིས་དང་།  དེ་རྒུན་ཆང་ངམ་ཆུའི་ནང་དུ་དཀྲུགས་ཏེ་ཁེའུ་སུས་ཀྱིས་འཐུང་བར་བྱ།   ཁུ་བའི་ནང་དུ་སྤོད་ནས་འཐུང་ནའང་ཕན།   དེ་ལས་ཡང་ནངས་མོར་ལྟོ་འཁྱག་སྟེ་འཁྲུ་ན།  ཐ་རམས་ཀྱི་ས་བོན་ཞོ་གཉིས་དང་།
17. ༡  ཞོ་གཉིས།  ཆུ་སྲང་ཅན་ཙེ་ཕྱེད་དང། འགུལ་མར་སྲང་འཕྱེད་དང་
  ༢  གཅིག་དུ་བསྲེས་སྟེ །   ། འདྲེས་རབ་དུ་དཀྲུགས་ནས །  ཁེ་འུ༹་
  ༣  སུས་ལ་བཏང་ན་སྨན་རབ་པོ །    །  ། ཡང་ན་མང་ཁ་ཡ། འི་ས་
  ༤  བོན་བརྔོས་པ་ཞོ་གཉིས།  ཟི་ར་བརྔོས་པ་ཞོ་གཅིག །  ཁ་ར་དཀར་
  ༥  པོ་ཞོ་གཉིས།  འདི་རྣམས་བཏགས་བཙགས་ནས།  ཆུ་དྲང་གི་ནང་དུ་
  ༦  ཐུན་གཅིག་དུ་ཁེ་འུ༹་སུས་ལ་གཏང །  ། དེ་ལ་ཡང ། ནང་རོལ་
  ༧  ཆུ་སེར་ནག་པོ་དང །  བད་ཀན་ཞུགས་ནས་རྐོ་ཞིང་ན་བ་ལ་
  ༨  ཕན་ཏེ་།  སྦྱར་བའི་ཐབས་ལ་ །  །  ཨ་རུ་ར་སེ་པོ་སུམ་
ཆུ་སྲང་ཅན་ཅེ་ཕྱེད་ཀ   མགུལ་མར་སྲང་ཕྱེད་གཅིག་ཏུ་བསྲེས་ཏེ་འདྲེས་པར་བྱས་ནས་དཀྲུགས་པ་དེ་ཁེའུ་སུས་ལ་བཏང་ན་རབ་ཏུ་ཕན་ནོ།།  ཡང་མང་ཁ་ཡའི་ས་བོན་བརྔོས་མ་ཞོ་གཉིས་དང་། ཟི་ར་བརྔོས་མ་ཞོ་གཅིག    ཀ་ར་དཀར་པོ་ཞོ་གཉིས་རྣམས་འཐག་ནས་བཙགས་ཏེ་ཆུ་གྲང་མོའི་ནང་དུ་ཐུན་གཅིག་ལ་ཁེའུ་སུས་ལ་གཏང་། དེའང་ནང་རོལ
18. ༡  གཉིས་ཞིབ་དུ་བཏགས་ནས །  མང་ཁ་ཡའ་སུཾ་ཅ་གཅིག་དང་ཁ་ར་
  ༢  ཉུང་ཤས་སུ་བསྲེས་ཏེ། སྦྱར་ནས །   ཐུན་གཅིག་ལ་ཁ་གཟར་
  ༣  གང་ཆུ་གྲང་ཅི་རན་ཀྱིས་ཕུལ་ལ་གཏང། །  ། ། །   དེ་ལ་ལྟོ་འཁྲོག་
  ༤  འཁྲོག་ཅིང་འཁྲུ་བ་དང །  འཚིར་འདོད་པ་ལ་འཕན་ཏེ་སྦྱར་བའི་
  ༥  ཐབས་ལ་། །ཐ། ཐ་རམས་ཀྱི་ས་བོན་ཞོ་གཉིས་ཆུ་དྲང་གི་ནང་དུ་
  ༦  དཀྲུགས་ནས་ ། །  འགུལ་མར་ཉུང་ཤས་དང་བསྲེས་ལ་ཁེ་འུ༹་སུས་
  ༧  ལ་གཏང །  ། ། ལྟོ་འཁྲེག་པ་དང་འཚིར་འདོད་པ་ལ་འཕན་ཏེ་
  ༨  སྦྱར་བའི་ཐབས་ལ ། ནས་ཀྱི་འབེག་ཙེ་ཚོས་ཏེ་གྲང་པོར་གྱུར་པ་
  ༩  བཙགས་པའི་ཁུ་བ་འི་ནང་དུ་སྒོ་ང་གཅིག་གི་སེ་རུ་དང ། འགུབ་
གཉིས་ཞིབ་མོར་འཐག་སྟེ་མང་ཁ་ཡའ་སུམ་ཆ་གཅིག་དང་།  ཀ་ར་ཉུང་ཤས་དང་བསྲེས་ནས་སྦྱར་ཏེ་ཐུན་གཅིག་ལ་ཁེམ་གང་ཆུ་གྲང་མོའི་ནང་དུ་སྦྱར་ནས་གཏོང་བ་ཡིན། དེ་ལ་ལྟོ་འཁྲོག་འཁྲོག་ཅིང་འཁྲུ་བ་དང་།   དེ་བཙིར་འདོད་པར་ཕན་པ་སྦྱར་བའི་ཐབས་ནི།  ཐ་རམས་ཀྱི་ས་བོན་ཞོ་གཉིས་ཆུ་གྲང་མོའི་ནང་དུ་དཀྲུགས་ཏེ་འགུལ་མར་ཉུང་ཤས་དང་བསྲེས་ཏེ་ཁེའུ་སུས་ལ་གཏོང་བར་བྱ།  ལྟོ་འཁྲེག་པ་དང་བཙིར་འདོད་པ་ལ་ཕན་ཏེ་སྦྱར་བའི་ཐབས་ནི། ནས་ཀྱི་ཕུ་ཙེ་འཚོས་པ་གྲང་མོར་གྱུར་པ་དེ་བཙགས་པའི་ཁུ་བའི་ནང་དུ་སྒོང་སེར་གཅིག་དང་།  འགུལ་མར
19. ༡  མར་ཅི་རན་ཅིག་དང་སྦྱར་ཏེ །   པུ་ཤས་འདར་མ་བྱ་བའ་ཡང་ན་
  ༢  འབྲས་དང་བེ་འུ་གྱི་མཁལ་ཚིལ་དང །  བཙོས་ནས་བསྲེགས་
  ༣  པའི་ཁུ་བ་ཅན་ཙེ་གང་གི་ནང་དུ་འགྲིལ་ལི་འ༹ྭ་སྐ་འམ །   འགིལ་
  ༤  ྾པར་མོ་ནི་དང་གང་འབྱོར་པ་ཉུང་ཤས་ཞིག་ཞིབ་དུ་བཏགས་
  ༥  སྟེ་བསྲེས་ནས་པུ་ཤན་འདན་མར་བྱ་འོ །།  ཡང་རྣམ་ཅིག་
  ༦  ལ །  ལྟོ་ནད་རྙིང་དུ་འཁྲུ་བ་དང་འཁྲེག་ཅིང་འཚིར་བ་ལ་འཕན་ཏེ
  ༧  སྦྱར་བའི་ཐབས་ལ་ །  རའི་འོ་མ་འམ་ །  གནག་གི འོ་མ་འམ་གང་
  ༨  འབྱོར་པ་ཅན་ཙེ་གསུམ་།  རྡོ་བ་བསྲེགས་ཏེ་གཏར་བར་བྱ་ཞིང་
ཅི་རན་པ་གཅིག་དང་སྦྱར་ཏེ་པུ་ཤ་འདར་མ་བྱ་བ་དང་། ཡང་ན་འབྲས་དང་བེའུ་ཡི་མཁལ་ཚིལ་དང་མཉམ་དུ་བཙོས་ནས་བསྲེགས་པའི་ཁུ་བ་ཅན་ཅེ་གང་གི་ནང་དུ་འགིལ་ལིའ་སྐའམ་འགིལ་པར་མོ་གང་འབྱོར་བ་ཉུང་ཤས་ཞིབ་ཏུ་འཐགས་པ་དང་བསྲེས་ཏེ་པུ་ཤ་འདན་མ་བྱའོ། །  ཡང་རིགས་གཅིག་ནི། ལྟོ་ནད་རྙིང་པ་འཁྲུ་བ་དང་འཁྲེག་ཅིང་བཙིར་བ་ལ་ཕན་པ་སྦྱར་བའི་ཐབས་ནི།  རའི་འོ་མ་དང་། ཡང་ན་གནག་གི་འོ་མ་གང་ཡོད་པ་ཅན་ཅེ་གསུམ་དང་། རྡོ་བ་བསྲེགས་ཏེ་གཏར་བར་བྱས་པ་འོ་མའི་ནང་དུ་བཅུག་སྟེ་བསྐོལ་བ་དང་།
20. ༡  འོ་མའི་ནང་དུ་བཅུག་ཅིང་བསྐོལ་ནས །  སུམ་ཅ་གཅིག་ལུས་
  ༢  པ་དང་ ། ཁེ་འུ༹་སུས་ལ་གཏང ། །  ཡང་ན་སྒོ་ང་ཚྭ་འི་ནང་དུ་
  ༣  བཙོས་ཏེ་།  །  བཏང་ན་འཕན་ནོ །  ། །  ། །  ནད་ཏོ་ཅོག་ལ་ཕན་
  ༤  ཞིང་སྦྱར་བའི་དཔྱད་ལ ། །  འབྲས་དཀར་པོ་དང་།  ཏིལ་ནག་པོ་དང་ །
  ༥  སྲན་མ་ཤ་ཤེས་བྱ་བ་སྨུ་གུ་མཁལ་མ་ཙམ་འདྲ་བ་དང།   སྐྱུ་རུ་
  ༦  ར་ཆ་བསྙམས་ཏེ །  འབྲས་དང་མ་ཤ་དང་ །  ཏིལ་གསུམ་ལྷན་ཅྀག་
  ༧  དུ་ཁྱོར་ཕྱེད་ཙམ་།  འོ་མ་ཁྱོར་དོ་ཙམ་གྱི་ནང་དུ་སྦང་།  སྐྱུ་རུ་ར་ཁྱོར་
  ༨  གྱི་སུམ་ཉིས་ཙམ་།  འོ་མ་ཁྱོར་གང་ཙམ་གྱི་ནང་དུ་སྦང་།
དེའི་སུམ་ཆ་གཅིག་ལུས་པ་ཁེའུ་སུས་ལ་གཏང་བར་བྱ། ཡང་ན་སྒོ་ང་ཚྭའི་ནང་དུ་བཙོས་ཏེ་བཏང་ནའང་ཕན་ནོ། །  ནད་ཡོད་དོ་ཅོག་ལ་ཕན་ཞིང་སྦྱར་བའི་ཐབས་ནི།  འབྲས་དཀར་པོ་དང་། ཏིལ་ནག་པོ།  སྲན་མ་ཤ་ཤེས་བྱ་བའི་སྨྱུ་གུ་མཁལ་མ་ཙམ་འདྲ་བ་དང་། སྐྱུ་རུ་ར་ཆ་མཉམ་པོར་བྱེད་པ་དང་། འབྲས་དང་། མ་ཤ་དང་། ཏིལ་གསུམ་ལྷན་གཅིག་བསྲེས་པ་ཁྱོར་བ་ཕྱེད་ཙམ་འོ་མ་ཁྱོར་དོ་ཙམ་གྱི་ནང་དུ་སྦངས་དགོས་པ་དང་།  ཡང་སྐྱུ་རུ་ར་ཁྱོར་སུམ་ཆའི་གཉིས་ཙམ་འོ་མ་ཁྱོར་གང་ཙམ་གྱི་ནང་དུ་སྦངས་ཏེ
21. ༡  ཞག་ཅིག་ལོན་ཏེ་བངས་པ་དང་ །  འོ་མ་དང་བཅས་ཆུ་དགས་སུ་
  ༢  ཞིབ་རབ་དུ་བཏགས་ཏེ་ནལ་ནལ་བོར་འདེ་གུར་གྱུར་པའི་ནང་དུ་།
  ༣  སྐྱུ་རུ་ར་ལོགས་ཅིག་དུ་སྦངས་པ་ལག་པས་བསུབས་ཏེ་ཤ་དང་
  ༤  རུས་པ་བྱེ་བ་དང།  རུས་པ་ཀུན་ཕྱུང་སྟེ་།  ཤ་དང་འོ་མ་འདྲེས་
  ༥  པར་ནུར་ནུར་པོ་གོང་མའི་སྨན་རྣམས་ཀྱི་འདེ་གུ་འི་ནང་དུ་
  ༦  བླུགས་སྟེ་ཕྱིར་བསྲེས་ལ་ །   ཡང་རྡོ་བ་ལ་ཆུ་དགས་སུ་བཏགས་
  ༧  ཏེ་འདེ་གུ་ནལ་ནལ་པོ་དེ་སླ་ང་ལ་ཞུ་ཏེ་འུ༹་བཞིན་བཙོས་ལ །
  ༨  ཁུ་བ་དེ་འི་ཚད་ནི་།  ནང་གཅིག་ཀྱང་སྐྱེད་དུ་སོར་བཞི་།  ཟླུམ་པོ་
  ༩  ནང་གཅིག་ཀྱང །
ཞག་གཅིག་ལོན་རྗེས་ལེན་པ་དང་།  འོ་མ་དང་བཅས་ཆུའི་ནང་དུ་ཞིབ་མོར་རབ་ཏུ་འཐགས་ནས་ནུར་ནུར་བོའི་ལྡེ་གུར་གྱུར་པའི་ནང་དུ།  ལོགས་གཅིག་ཏུ་སྐྱུ་ར་ར་སྦངས་པ་ལག་པས་བསྲུབས་ཏེ་ཤ་དང་རུས་པ་བྱེས་ཏེ་རུས་པ་ཀུན་ཕྱིར་ཕྱུངས་བ་དང་།  ཤ་དང་འོ་མ་འདྲེས་པ་གོང་མའི་སྨན་རྣམས་ཀྱི་ལྡེ་གུའི་ནང་དུ་བླུགས་ཏེ་ཕྱིར་བསྲེས་པ་དང་།  ཡང་རྡོ་བ་ལ་ཆུས་བཏགས་ཏེ་ལྡེ་གུ་ནུར་ནུར་པོར་གྱུར་པ་སླ་ངའི་ནང་དུ་ཞུས་ཏེ་ཁུ་བ་བཞིན་བཙོ་བ་དང་།  ཁུ་བ་དེའི་ཚད་ནི་ནངས་གཅིག་ལ་སོར་བཞི་དང་། ཟླུམ་པོ་དེ་ནངས་གཅིག་ལའང་མི་ཆད་པར་ཟོས་ལ།
22. ༡  མྱི་ཆད་པར་ཟོས་ལ་ །  སྨན་རྗེས་ཆད་ཀྱི་ཉལ་པོ་
  ༢   ཐུབ་པར་བྱ་འོ ། །  ། ། །  ཕོ་བ་ན་སྟེ་དྲོད་ཆུང་བའི་དཔྱད་ལ ། དོ་བའི་རྩ་
  ༣  བ་ཞིབ་དུ་བཏགས་སྟེ་མཐེ་བོ་ཙམ་གཅིག་མར་གྱི་ལྡེ་གུ་ལས་ཟ་མ་
  ༤  གསུམ་གྱི་བར་དུ་བཏང་ན་སྨན་རབ་ །  ཕོ་བ་ནད་ཀྱིས་མྱི་བདེ་བ་
  ༥  བ་དང་དྲོད་ཆུང་སྟེ་མཁལ་རྒྱེད་ན་བ་དང།  རླུང་ནད་ཐམས་ཅད་དང།
  ༦  སྐེམ་ནད་དྲང་ནད་ཐམས་ཅད་ལ །  སྒོག་སྐྱ་འབྲུམ་བུ་བཅུ་བཞི་
  ༧  དཔགས་པ་ཚིག་ཙམ་དུ་བསྲེགས་ཏེ་།  བརྡུངས་ནས་བག་ཟན་གྱི་ནང་དུ་
  ༨  རི་ལུ་མཐེ་བོང་ཙམ་དུ་བྱས་ནས །  ཚོས་པར་བཙོས་ནས །   རིལ་ལུ་
  ༩  དེ་ཉིན་ཅིག་ལ་ལན་གསུམ་།   རིལ་མྱིད་དུ་བཏང་ན་།   ཡོན་ཏན་རབ་
སྨན་འཐུངས་རྗེས་ཉལ་ཐུབ་བཀབ་ནས་ཉལ་བར་བྱ།  ཕོ་བ་ན་སྟེ་དྲོད་ཆུང་བའི་དཔྱད་ལ།  དོ་བའི་རྩ་བ་ཞིབ་མོར་འཐགས་ཏེ་མཐེ་བོང་ཙམ་ཞིག་མར་གྱི་ལྡེ་གུའི་ནང་ཟ་མ་གསུམ་གྱི་བར་དུ་འཐུང་ན་རབ་ཏུ་ཕན།  ཕོ་བ་ནད་ཀྱིས་མི་བདེ་བ་དང་དྲོད་ཆུང་སྟེ་མཁལ་རྐྱེན་ན་བ། རླུང་ནད་ཐམས་ཅད་དང་སྐེམ་ནད་གྲང་ནད་ཐམས་ཅད་ལ།  སྒོག་སྐྱ་འབྲུམ་བུ་བཅུ་བཞིའི་ཕྱི་ལྤགས་འཚིག་པའི་ཙམ་དུ་བསྲེགས་པ་དེ་བརྡུངས་ནས་བག་ཟན་གྱི་ནང་དུ་རིལ་ལུ་མཐེ་བོ་ཙམ་དུ་བྱས་ནས་འཚོས་པར་བཙོས་ཏེ། རིལ་ལུ་དེ་ཉིན་གཅིག་ལ་ཐེངས་གསུམ་དུ་འཐུང་དགོས།  རིལ་ལུ་མིད་དུ་བཏང་ན།  དེའི་ཕན་ཡོན་ཤིན་ཏུ་ཆེ་སྟེ།
23. ༡  དུ་ཆེ་སྟེ།  དྲང་ནད་དང་ །  རླུང་ནད་ཀྱིས་ཕོ་བ་མྱི་བདེ་བར་གྱུར་པ
  ༢  དང།  འཁྲུ་བ་གཅོད་པར་བྱེད་ལ་ཕོ་བ་ཡང་འབྱང་བར་འགྱུར་རོ། །
  ༣   ། ། ། ཡང་རྣམ་ཅིག་ལ།  །སྒོག་པ་འབྲུ་ལྔ་དྲུག་ཙམ་དུ་བརྡུངས་སྟེ།  པིཔྀ་ལིང
  ༤  ན་ལེ་ཤམ།  བཅའ་སྒ།  རྣམས་ཅི་རན་ཙམ་ཅིག་དུ་བཏགས་པའ་དང།
  ༥  སྒོག་མ་དང་བསྲེས་སྟེ།   རི་ལུ་ཐེ་བོང་ཙམ་དུ་བྱས་སྟེ།  བག་ཟན་དུ་
  ༦  ཧོར་ཐོན་ཐབས་སུ་བྱས་ནས་བཙོས་ནས།  ཧག་ལེགས་རབ་དུ་
  ༧  སྦྱར་པ་དང།  བསྲེས་ཏེ་ཉིན་ཅིག་ལ།  ཧོན་ཏོན། འབྲུམ་བུ་བཅུ་བཅུ་ཙམ་
  ༨  ལན་གཉིས་ཙམ་འཚལ་ན། མ་ཞུ་བ་མཁལ་རྐྱེད་གྲང་བ། ཕོ་བ་ན་བ་།  ཟུག་
  ༩  ཟེར་རླུང་ནད་ཀུན་ལ་འཕན་རབ་པོ། །  ། །  ། །  ། །
གྲང་ནད་དང་། རླུང་ནད་ཀྱིས་ཕོ་བ་མི་བདེ་བ་དང་། འཁྲུ་བ་གཅོད་པར་བྱེད་ལ་ཕོ་བའང་བྱང་བར་འགྱུར་རོ། །  ཡང་རིགས་ཤིག་ནི།  སྒོག་པ་འབྲུ་རྡོག་ལྔ་དྲུག་ཙམ་བརྡུངས་པ་དང་།  པྱི་པྱི་ལིང་དང་།  ན་ལེ་ཤམ། བཅའ་སྒ་རྣམས་ཆུང་ངུར་འཐག་སྟེ་སྒོག་པ་དང་བསྲེས་ནས་རིལ་ལུ་མཐེ་བོང་ཙམ་དུ་བྱས་ནས་བག་ཟན་ཧོར་ཐོན་ཐབས་སུ་བྱས་ནས་བཙོ་དགོས་པ་དང་། དེ་ཧག་ལེགས་རབ་ཏུ་སྦྱར་བ་དང་བསྲེས་ཏེ་ཉིན་གཅིག་ལ་ཧོན་ཏོན་འབྲུམ་བུ་བཅུ་བཅུ་ཙམ་ཐེངས་གཉིས་ཙམ་ལ་འཐུང་དགོས།   དེ་མ་ཞུ་བ་མཁལ་རྐྱེན་གྲང་བ་དང་།  ཕོ་བ་ན་བ།  ཟུག་ཟེར་རླུང་ནད་ཀུན་ལ་རབ་ཏུ་ཕན་ནོ། །
24. ༡ རླུང་ནད་དང། མཁལ་རྐྱེད་ན་བ་ལ་འཕན་བའི་སྨན་རྣམས་གཏང་བ་ལ། །  ། །
  ༢  བཅའ་སྒ་སྲང་གཅིག ། པྱི་པྱི་ལིང། ལི་དོང་ར།  ཞོ་རེ་རེ།  བསྐོལ་བའི་ཁུ་བའ་
  ༣  སྨན་རབ་པོ ། །  ། །  ། ། གྱབས་པོ་ལི་ཏྲོལ་སྦྱར་བའི་ཐབས་དང་སྨན་
  ༤    པའི་ཡོན་ཏན་ལ། །མཆིན་པ་ན་བ་དང།  བད་ཀན་རྒྱས་ཏེ་ཕོ་བ་གང་བ་དང ། །
  ༥  ། ། ། །  ། །  ། ། སྨན་དཔྱད་ག་ཅེས་པ་གྲུབ་པ་ལེགས་སོ། །  ། །
  ༦  ། །   ། ། སྨན་དཔྱད་གཅེས་པ་དྲུབ་པ་ཀུན་བསྡུས་པ་།  རྩོ ། ཡེགས་སྷོ། །
  ༧  རྫོགས་སྩོ།  ། །  རྫོགས་སྷོ། །  ། །  ། །
རླུང་ནད་དང་མཁལ་རྐྱེན་ན་བར་ཕན་པའི་སྨན་སྦྱོར་ཐབས་ལ།  བཅའ་སྒ་སྲང་གཅིག་དང་། པྱི་པྱི་ལིང་།  ལི་དོང་ར་ཞོ་རེ་རེ་བསྐོལ་བའི་ཁུ་བ་ནི་སྨན་མཆོག་ཏུ་གྱུར་པ་ཡིན་ནོ།  ། གྱབས་པོ་ལི་ཏྲོལ་བྱ་བ་སྦྱར་བའི་ཐབས་དང་ཕན་ཡོན་ནི། མཆིན་པ་ན་བ་དང་བད་ཀན་རྒྱས་ཏེ་ཕོ་བ་གང་བ་སོགས་ལ་ཕན།   སྨན་དཔྱད་ཅེས་པ་གྲུབ་པ་ལགས་སོ།   སྨན་དཔྱད་ཅེས་པ་གྲུབ་པ་ཀུན་འདུས་པ་རྫོགས་སོ །།
བཞི་པ།  ཡིག་རྙིང་ཁྲོད་དུ་བྱུང་བའི་སྨན་སྣའི་སྦྱོར་ཐབས་དང་ཕན་ཡོན།

ནད་རིགས།
སྨན་སྣ།
སྦྱོར་ཐབས།
ཕན་ཡོན།
བཀྲུ་སྨན་དུགས་ཐབས།
བུལ་ཏོག་དཀར་པོ། ཆང་། ཞོ་ཤ།  ཆུ།  ཁ་རུ་ཚ།  ཤིང་ངར། ཤིང་ཚ། པྱི་པྱི་ལིང་།  སྦྲང་རྩི།  རམ་སྲང་། མར་སྲང་།
བུལ་ཏོག་དཀར་པོ་དྲི་རྩེ་དོ་དང་ཆང་སྐྱོགས་གང་བསྲེས་ནས་དུགས་པ་དང་། དེས་མ་ཕན་ན་ཞོ་ཤ་འབྲུ་གཅིག་འཐགས་ནས་དེ་ཆུ་ཕོར་བ་བདུན་དང་བསྲེས་ནས་དུགས་པ།  དེས་ཀྱང་མ་ཕན་ན་ཁ་རུ་ཚ་དང་ཤིང་ངར་ཞོ་རེ་རེ།  ཆུའམ་ཆང་དྲོན་མོ་ཕོར་བ་གང་དང་སྦྱར་ནས་གཏོང་བ།   དེས་མ་ཕན་ན་ཤིང་ཚ་ཞོ་འཕྱེད།  པྱི་པྱི་ལིང་ཞོ་གཅིག་འཐགས་ནས་ཆང་དང་བཙོས་ཏེ་སྦྲང་རྩི་ཞོ་གཉིས་ཀྱི་ཕྱེད་ཀ་དང་བཙོས་ཏེ་སྦྱོར་བ།  དེས་མ་ཕན་ན་རྐུབ་ནས་དུགས་པ།  དེས་ཀྱང་མ་ཕན་ན་རམ་སྲང་ཕྱེད་གཉིས་དང་། སྦྲང་རྩི་སྲང་གཅིག  མར་སྲང་གསུམ་དང་སྦྱར་ནས་དུགས་པར་བྱ།
 
བཀྲུ་སྨན་གཏང་ཐབས།
ས་ནག་པོ། ཆུ།  ཕྲག་བཙོང་།  ཀུ་ཤུ།  རྒུན་འབྲུམ།  འུ་གཤེར།  སྒ་ཁ།  ཁུ་བ།  བ་ལང་གི་ལྕི་བ།
ཐབ་འོག་གི་ས་ནག་པོ་ཚ་མོ་ཆུར་བདུག་པ་དང་།  ལག་པའི་མཐེབ་མཛུབ་ཀྱིས་ཕྲག་པ་ནས་སྒྲོག་རུས་གཡས་གཡོན་གཉིས་ཉེད་ནས་གྲུ་མོའི་འོག་ཏུ་དམ་པོར་བསྡམས་པ།   ཁོག་ཏུ་སོང་ན་རྩིབ་མའི་ཀླད་ཚིག་ལ་ཟུག་པ་དང་། ཕ་རོལ་ཚུར་རོལ་གྱིས་རྐང་ལག་ཉ་བཞི་ཉེད་པ།  བ་ལང་གི་ལྕི་བ་སྲབ་མོ་ལེབ་མོར་བྱས་ནས་བསྲེགས་པའི་ནང་དུ་བཞག་ནས་ལྟོ་རྒྱབ་དང་གཞང་ཁ་ནས་དུགས་དགོས།
 
བཀྲུ་སྨན་རྒྱལ་པོ་རིལ་ལུ་སྦྱར་ཐབས།
ཨ་རུ་རའི་ཤ་སྲང་ཕྱེད།   སྐྱུ་རུ་ར།  སུག་སྨེལ།  བྱ་ཏང་ཀ   འགན་ད་པ་ཏྲ།  པྱི་པྱི་ལིང་།  ན་ལེ་ཤམ།  ཤིང་ཚ།  དྭ་ཚ།  དུར་བྱིད།  རྒྱ་གར་གྱི་ཏན་ཏི། རྒྱའི་དན་ད།  སྦྲང་རྩི།  དེབ་ཙེའམ་ཞལ་འུ་བེ།
ཨ་རུ་རའི་ཤ་སྲང་ཕྱེད།   སྐྱུ་རུ་ར།  སུག་སྨེལ།  བྱ་ཏང་ཀ   འགན་ད་པ་ཏྲ།  པྱི་པྱི་ལིང་།  ན་ལེ་ཤམ།  ཤིང་ཚ།  དྭ་ཚ་སོགས་ཞོ་རེ་རེ།   དུར་བྱིད་སྲང་ཕྱེད།  རྒྱ་གར་གྱི་ཏན་ཏི་ཡོད་ན་བཟང་བ་དང་། མེད་ན་རྒྱའི་དན་ད་འབྲུ་གསུམ་མན་ཆད་སྨན་གཞན་དང་མཉམ་དུ་ཞིབ་མོར་འཐགས་ཏེ་བཙགས་པ་དང་། དན་ད་བཞུ་བར་བཅུག་ནས་དུགས་པ།   དེབ་ཙེའམ་ཞལ་འུ་བེ་ནང་དུ་ཞིབ་མོར་བརྡུངས་ནས་སྦྲང་རྩི་དང་སྦྲུས་ནས་བསྲེས་ཏེ་བརྡུངས་རྗེས་རིལ་ལུ་སྲན་མའི་ཆེ་ཆུང་དུ་བྱེད་པ།  ལོ་ཆེ་ན་སྲང་ཕྱེད།  འབྲིང་ན་ཞོ་གསུམ།  སྙི་ན་ཞོ་གཉིས།
ཕོ་བ་ན་བ་དང་། མཆིན་པ་དང་། མཁལ་རྐྱེན།  གྲང་ནད་དང་རླུང་ནད་སྣ་ཚོགས་དང་།  སྲན་དང་ལྦ་བ་དང་། ཤ་ལག་སྐྱེས་པ།  བུད་མེད་སྦྲུམ་མ་ཁོག་མི་བདེ་བ་དང་། ཆུ་སོར་ཟུག་སྟེ་འགྲོ་མི་ཤེས་པ་དང་གཅིན་ཉུང་བ། རླིག་པ་སྐྲངས་པ་སོགས་ལ་ཕན།
སྔོན་བུ་བཀྲུ་སྨན་མར་དང་སྦྱོར་ཐབས།
སྔོན་བུ།  ཚྭ། ཆུ། མར།  ཤ་ཁུ།  མར་གསུར། དུར་བྱིད།  ཟླ་གོར་ཞོ་ཤ།  
སྔོན་བུ་ཁྱོར་གང་ཚྭའི་ནང་དུ་ཞག་མ་གཅིག་རིང་བཞག་ནས་བསྐམས་པ་དེ་ཞིབ་མོར་འཐགས་པ་དང་། དེ་ཆུ་སྐྱོགས་བུ་གང་དང་མར་སྲང་བཅུ་ཤ་ཁུ་ཕྱེད་བཞུ་བའི་ནང་དུ་བཞག་ནས་དཀྲུགས་ཏེ་བསྐོལ་བ་དང་།  དེའི་སྐྱ་བའི་ཐོར་ཏོ་མེའི་ནང་དུ་བཞག་ནས་མར་གསུར་བྱས་ཏེ་ཚོས་པའི་ཚད་ན་ལག་པས་བླངས་པ་དང་། དེ་ཅུང་དྲོད་འཇམ་དུ་སོང་བ་ན་དུར་བྱིན་ཞོ་གཅིག་དང་། ཟླ་གོར་ཞོ་ཤ་ཞོ་གཅིག་ཞིབ་མོར་བཏགས་པའི་ཕྱེ་མ་དེ་འཁྱགས་སུ་བཅུག་ནས་དཀྲུགས་དཀྲུགས་བྱས། ལྟོ་སྲ་བ་ལ་སྲང་ཕྱེད་དང་།  སྙི་བ་ལ་ཞོ་གསུམ་བླངས་ནས་ཅན་ཙེ་གང་གི་ནང་དུ་བཞུས་ནས་གཏོང་བ། དུར་བྱིད་དང་ཟླ་གོར་ཞོ་ཤ་མེད་ན་སྔོན་བུ་གཅིག་པུས་ཀྱང་ཆོག
དུག་གསར་རྙིང་དང་། ཆུ་སེར་གྱི་ནད་ལ་ལྷག་པར་བཟང་།  བཀྲུ་སྨན་གྱིས་བཀྲུས་པའི་ནད་ཀུན་ལ་ཕན།
སྔོན་བུའི་སྨན་མར་དང་སྦྱོར་ཐབས།
སྔོན་བུ།  ཚྭ།  པྱི་པྱི་ལིང་།  ཆུ། མར།  མེ།
སྔོན་བུ་སྲང་གཅིག་ཚྭའི་ནང་དུ་ཞག་མ་གཅིག་ལ་སྦངས་ཏེ་བཏུལ་ནས་བཙགས་པ་དང་། དེ་གྲིབ་མར་བསྐམས་རྗེས་དེའི་སྲང་གཅིག་དང་། པྱི་པྱི་ལིང་ཞོ་གཉིས་དང་ཆུའི་ནང་དུ་ལྡེ་གུ་བྱས་ནས་མར་སྲང་བཞི་དང་བཙོས་ཏེ་མེར་བསྲེགས་ནས་འཚིག་ཏུ་འཇུག་མི་རུང་།   དེ་ལྟོ་སྲ་བ་ལ་ཞོ་ཕྱེད་དང་གཉིས།  སྙི་བ་ལ་ཞོ་གཅིག    དེ་བསྐོལ་བའི་ཁུ་བ་འཐུང་དགོས་སོ། །
བད་ཀན་སྨུག་པོ་དང་། ཆུ་སེར་ཐང་ལས་ལྷག་པ།   དུག་སྐྲངས་བ་དང་།   དམུ་ཆུ་དང་། དྲེག་ཚིགས་ནད།   རྩ་ཕྲན་གྱི་སྦུ་གུ་འགགས་པ།  ཤུ་བའི་ཆུ་རྒྱུས་བཀུམས་པ། ཚ་བའི་ནད་སོགས་ལ་ཕན་ནོ། །
ཡང་སྔོན་བུའི་བཀྲུ་སྨན་སྦྱར་ཐབས།
སྔོན་བུ། ཚྭ་རབ།  ཆང་ཞིམ་པོ།   པྱི་པྱི་ལིང་།  མར། ཆུ།
སྔོན་བུ་ཞོ་གསུམ།  ཚྭ་བཟང་པོའམ་ཆང་ཞིམ་པོའི་ནང་དུ་ཞག་མ་གསུམ་གྱི་བར་དུ་སྦངས་ནས་བླངས་རྗེས་གྲིབ་མར་བསྐམས་པ་དང་།  པྱི་པྱི་ལིང་སྲང་ཕྱེད་ཀ་ཞིབ་མོར་འཐགས་རྗེས་མར་སྲང་གཅིག་དང་ཆུ་ཕོར་གང་བསྐོལ་བ་དང་།  ཆུ་ནི་དུ་མར་ཉི་ཙེ་ལུས་པ་དང་ཕྱུང་ནས་ཐུན་གཅིག་ལ་ཞོ་གཉིས་གསུམ་འཐུང་བ་ཡིན།
དུག་གསར་རྙིང་ལ་ཕན།  ཤུ་བ་དང་།  གཡན་པ།  ཆུ་སེར་ནག་པོ།  གྲུམ་ནད་དང་སྐྲན་དང་། ཆུ་སྐྱགས་རྣམས་དང་མཆིན་པ་ན་བ་སོགས་ལ་ཕན།  
འབྲས་བུ་གསུམ་གྱི་བཀྲུ་སྨན་གྱི་སྦྱོར་ཐབས།
ཨ་རུ་ར།  བཱ་རུ་ར།  སྐྱུ་རུ་ར།  པྱི་པྱི་ལིང་མུ་ལ།  པུ་ཙེ་ཤེལ།  ཁྱི་ལྕེ་བ་ལི་ག་ཏུར།  ལི་དོང་ར།  ཁ་རུ་ཚ།  ལྒྱམ་ཚ། དུར་བྱིད།  དོང་ཀ  རྒུན་འབྲུམ།
ཨ་རུ་ར།  བཱ་རུ་ར།  སྐྱུ་རུ་ར།  པྱི་པྱི་ལིང་མུ་ལ།  པུ་ཙེ་ཤེལ།  ཁྱི་ལྕེ་བ་ལི་ག་ཏུར།  ལི་དོང་ར་རྣམས་ཞོ་ཕྱེད་དང་གཉིས་གཉིས།  ཁ་རུ་ཚ་དང་ལྒྱམ་ཚ་གང་ལག་ཏུ་ཡོང་བ་ཞོ་ཕྱེད། དུར་བྱིད་ཞོ་གཉིས།  དོང་ཀ་སོར་བཞི།    རྒུན་འབྲུམ་སྲང་ཕྱེད་ཚུལ་བཞིན་དུ་སྦྱོར་བ།
ནད་གཞི་གསུམ་ལས་གྱུར་པ་དང་། མཆིན་པ་དང་། མཚེར་བ་ན་བ་དང་། ཆུ་སེར་བྱུང་བ།  ཁོག་གི་གསར་རྙིང་མ་ཞུ་བ་དང་།  ཕོ་བ་ན་བ།  གློ་གཅོང་། གློ་འོར།  རིམས་རྙིང་པ་འབྱང་རྐ་བ་ལ་སོགས་པ་ལ་ཕན།
བཀྲུ་སྨན་ཧ་པུ་ཤ་དང་སྦྱོར་ཐབས།
ཧ་པུ་ཤ།  འབྲས་བུ།   ནི་ལི་ནི།   ས་རྦ་ལ་སུ་བ་རྣམ་ཀྴི་རི།  པུ་ཙེ་ཤེལ།  པྱི་པྱི་ལིང་།   ཁྱི་ལྕེ་བ།  ཤུ་དག   ལྒྱམ་ཚ།  རྩལ་རུ་ཚ།  ཁ་རུ་ཚ།  ལི་དོང་ར།  སེའུ་འབྲུ།   ཤ་ཁུ།
ཧ་པུ་ཤ།  འབྲས་བུ།   ནི་ལི་ནི།   ས་རྦ་ལ་སུ་བ་རྣམ་ཀྴི་རི།  པུ་ཙེ་ཤེལ།  པྱི་པྱི་ལིང་།   ཁྱི་ལྕེ་བ།  ཤུ་དག   ལྒྱམ་ཚ།  རྩལ་རུ་ཚ།  ཁ་རུ་ཚ།  ལི་དོང་ར་འདི་རྣམས་ཆ་མཉམ་པོར་བྱས་ནས་ཞིབ་མོར་རབ་ཏུ་འཐགས་ནས་བཙག་དགོས་པ་དང་།  དེ་ཞོ་གཉིས་དང་འབྲས་བུ་གསུམ་བསྐོལ་པའམ།  སེའུ་འབྲུ་བསྐོལ་པའི་ཁུ་བའམ་ཤ་ཁུ་གང་རུང་ནད་གཞི་དང་སྦྱར་ནས་བཀྲུ་བ།
མཛེ་ནད་དང་ཤ་གཟི་གུ་དང་།  ཁ་ཟས་མི་འཇུ་བ།  དྲོད་ཆུང་བ།  སྐྲངས་པའི་ནད།  སྐྱ་རྦབ་ནད།  མིག་སེར་བ་དང་། ནད་ལྕང་ཁུ་ཁ།  གཞང་འབྲུམ།  དམུ་རྫིང་།  འདུས་པའི་ནད་དང་སྐྲན་ནད་སོགས་ཞི་བར་ཕན།
རྒྱའི་ཅུར་ཉིས་འབའ་ཞི་ཧྭ་སྦྱོར་ཐབས།
གསོ་མ།  ཞིན་ཞིམ།  བོག་ལིང་ཨ་རུ་ར།  ལྕུམ་རྩ།  སྦྲང་རྩི།  རྒུན་ཆང་།  
གསོ་མའི་སྙིང་པོ་སྲང་གཉིས་དང་། ཞིན་ཞིམ་སྲང་གཅིག   བོག་ལིང་ཨ་རུ་ར།   ལྕུམ་རྩ་སྲང་ཕྱེད་དང་གཉིས་གཉིས་ཞིབ་མོར་འཐགས་ནས་བཙགས་པ་དང་། དེ་སྦྲང་རྩི་དང་སྦྲུས་ནས་རིལ་ལུ་བྱིའུ་རྟུག་ཙམ་དུ་བྱས་ཏེ་ཐུན་གཅིག་ལ་ཞོ་གཉིས་གཉིས་ཡན་ཆད་ནས་ཞོ་གསུམ་གསུམ་མན་ཆད་རྒུན་ཆང་དང་བསྲེས་ནས་འཐུང་བ་དང་།  ཐེངས་གཉིས་གསུམ་ཙམ་ལ་འཁྲུ་རྗེས་མི་འཐུང་བར་བྱ།
སྟོད་དང་ཀླད་རྙིང་གི་ཁྲག་རྒྱས་པ་དང་།  རླུང་ཚ་བ། ཕོ་བའི་ཁ་ན་བད་ཀན་རྒྱས་པ། ལྟོ་ལྦོས་ནས་ཟས་མི་ཆུད་པ།  ཕོ་བ་ཉམ་ཆུང་བ།  རོ་རྒྱབ་འཛིངས་པ་དང་རྒྱབ་ཀྱི་གཞུང་དུ་ན་ཟུག་ཅི་ཡོད་བརྩེ་བ་དང་།  དབུགས་མི་བདེ་བ། མགུལ་བ་འགགས་པ་སོགས་ལ་ཕན།
ལའི་བཀྲུ་སྨན།
དའི་ས་ཅུར་ཉིས།  བལ་བུ།  ཤ་མ་དུར་བྱིད།  སྦྲང་རྩི།  
དའི་ས་ཅུར་ནིས།  བལ་བུ་ཞོ་གཅིག   ཐང་དུ་སྨན་གཞན་གྱི་ལོ་ཚད་དང་སྦྱར་བ་དེའི་སྟེང་དུ་ཤ་མ་དུར་བྱིད་ཞོ་ཕྱེད་དང་གཉིས་བསྣན་ཏེ་སྦྲང་རྩི་དང་སྦྲུས་ནས་ཤ་རྟུག་ཙམ་གྱི་རིལ་ལུ་བཅོས་ཏེ་ནངས་རེ་རེར་འཐུང་བ་དང་། ཉི་མ་ཕྱེད་ཙམ་ན་ལན་གཉིས་ཙམ་ལ་བཤལ་བ་ཡིན། ལན་གཅིག་མང་དུ་འཁྲུས་པར་བྱ།  དེ་ནས་རིལ་ལུ་མང་དུ་བཏང་ནས་རྒྱུན་པར་འཐུངས་ནས་དགུང་མ་ལྔར་འཐུང་དགོས་པ་དང་།  དེ་ནས་ཡང་དགུང་ལྔར་ངལ་གསོ་དགོས།
ལུད་པ་དང་། གློ། ཁ་ཟས་ཡི་གར་མི་འོང་བ་དང་། མི་འཇུ་བ།  སྙིང་ན་བ།  ངོ་མདོག་སེར་པོར་གྱུར་པ།  མིག་སེར་བ་དང་།  སྐྱུག་བྲོ་བ། སྐེམ་ནད། མཚེར་བ་ན་བ།  འདར་བའི་ནད་དང་ཁོང་ནད་ཐམས་ཅད།  རྟུག་སྐམ་པ་སོགས་ལ་ཕན།
 
དུར་བྱིད།  སེའུ་ནོ།  གོ་སྙོད།  ཙིང་ཀ།  སྒྲོན་ཤིང་། ལི་དོང་ར།  འབུག་སུག་གི་རྩ་བ།  ཤ་མ་དུར་བྱིད། སྦྲང་རྩི།
ཡང་དུར་བྱིད་ཞོ་གཅིག   སེའུ་ནོ་ཞེས་གོ་སྙོད་དང་འདྲ་བ་ཞོ་གཉིས།  དེ་མེད་ན་གོ་སྙོད་ཀྱང་ཆོག   ཙིང་ཀ་ཞོ་གཅིག  སྒྲོན་ཤིང་ལི་དོང་ར་འབུག་སུག་གི་རྩ་བ་ཞོ་གཉིས་གཉིས།  ཤ་བ་དུར་བྱིད་སྲང་གཅིག་སོགས་ཞིབ་ཏུ་བཏགས་ནས་བཙག་དགོས་པ་དང་།  བཙགས་པ་དེ་སྦྲང་རྩི་དང་སྦྱར་ནས་རིལ་ལུ་རྔ་རྟུག་ཙམ་དུ་བྱས་ནས་ནངས་མོ་རེ་རེར་འཐུང་བ་ཡིན།  རིལ་ལུ་གཅིག་ལ་ལྟོ་སྲ་སྙི་ལས་རེ་རེ་ཙམ་འཁྲུ་བར་བྱ། ཞག་ལྔ་རིང་རིལ་ལུ་གཅིག་འཐུང་དགོས།  དྲག་ཏུ་འཁྲུ་བར་བྱ་ན།  སྦྲང་རྩི་སྐྱིན་བར་བ་གཅིན་གྱིས་སྦྲུས་ཏེ་བཏང་ན་སྨན་ནུས་ཤིན་ཏུ་ཆེ།
ཁོག་སྐྲངས་པ་དང་། དམུ་རྫིང་དང་རྐང་ལག  ཤ་སྐྲངས་པ་ལ་ཕན།
ནད་འདུས་ནས་ཏ་རི་ཡོན་བྱ་བ།
སྲིན་ཁོག་དང་འབུ་འདྲ་བ་བསྲེགས་པའི་ཐལ་བ།  འབུ་ཤག་ཙེ།  ན་ལེ་ཤམ།  རྒུན་ཆང་།  ཆུ།  ཐ་རམས་ཀྱི་ས་བོན།  མགུལ་མར།  མང་ཁ་ཡའི་ས་བོན་བརྔོས་མ།  ཟི་ར་བརྔོས་མ། ཀ་ར་དཀར་པོ།
༡ སྲིན་ཁོག་དང་འབུ་འདྲ་བ་བསྲེགས་པའི་ཐལ་བ་སྲང་ཕྱེད།  འབུ་ཤག་ཙེ་ཞོ་གཉིས།  ན་ལེ་ཤམ་ཞོ་གཅིག་རྣམས་ཞིབ་མོར་བཏགས་ནས་བཙགས་པ་དང་།  དེ་རྒུན་ཆང་ངམ་ཆུའི་ནང་དུ་དཀྲུགས་དཀྲུགས་ཏེ་ཁེའུ་སུས་ལ་གཏོང་།  དེ་ཁུ་བའི་ནང་དུ་སྤོད་ཀྱིས་འཐུང་ནའང་ཕན།  
༢ དེ་ཡང་ལྟོ་ནང་མཁྲེགས་པོ་ཡིན་ཏེ་བཀྲུ་ན།  ཐ་རམས་ཀྱི་ས་བོན་ཞོ་གཉིས་དང་། ཆུ་སྲང་ཅན་ཙེ་ཕྱེད་ཀ། མགུལ་མར་སྲང་ཕྱེད་དང་གཅིག་ཏུ་བསྲེས་ཏེ་འདྲེས་ནས་དཀྲུགས་པ་དང་། དེ་ཁེའུ་སུས་ལ་བཏང་ན་ཧ་ཅང་ཕན།
༣ མང་ཁ་ཡའི་ས་བོན་བརྔོས་པ་ཞོ་གཉིས་དང་། ཟི་ར་བརྔོས་མ་ཞོ་གཅིག  ཀ་ར་དཀར་པོ་ཞོ་གཉིས་རྣམས་འཐགས་ནས་བཙགས་པ་དེ་ཆུའི་ནང་དུ་བཞག་ནས་ཐུན་གཅིག་ལ་ཁེའུ་སུས་ལ་གཏང་།
ལྟོ་ཚད་རྙིང་དུ་འཁྲུ་བ་ལ་ཕན།
ཨ་རུ་ར་སེར་པོ།  མང་ཁ་ཡ།  ཀ་ར།
 
ཨ་རུ་ར་སེར་པོ་གསུམ་གཉིས་ཞིབ་མོར་བཏགས་ནས་མང་ཁ་ཡ་སུམ་ཆ་གཅིག་དང་ཀ་ར་ཉུང་ཤས་མཉམ་དུ་བསྲེས་ཏེ་སྦྱར་ནས་ཐུན་གཅིག་ལ་ཁ་གཟར་གང་ཆུ་གྲང་མོ་ཅི་རན་གྱིས་གཏོང་བ་ཡིན།
དེ་ཡང་ནང་རོལ་ཆུ་སེར་ནག་པོ་དང་། བད་ཀན་ཞུགས་ནས་རྐོ་ཞིང་ན་བ་ལ་ཕན།
ལྟོ་འཁྲོག་འཁྲོག་འཁྲུ་བ་དང་འཚིར་འདོད་པར་ཕན་ཐབས།
ཐ་རམས་ཀྱི་ས་བོན། ཆུ། མགུལ་མར།  
ཐ་རམས་ཀྱི་ས་བོན་ཞོ་གཉིས་ཆུ་གྲང་མོའི་ནང་དུ་དཀྲུགས་དཀྲུགས་བྱས་ཏེ་མགུལ་མར་ཉུང་ཤས་དང་བསྲེས་ནས་ཁེའུ་སུས་ལ་གཏོང་བ།
ལྟོ་འཁྲོག་འཁྲོག་འཁྲུ་བ་དང་འཚིར་འདོད་པར་ཕན།
ལྟོ་མཁྲེག་པ་དང་འཚིར་འདོད་པར་ཕན་ཐབས།
ནས་ཀྱི་འབེག་ཙེ། སྒོ་ང་སེར་པོ།  མགུལ་མར། པུ་ཤས་འདམ་མ།  འབྲས།  བེའུ་ཡི་མཁལ་ཚིལ།  འགིལ་ལི་འ་སྐ།
ནས་ཀྱི་བེག་ཙེ་འཚོས་པ་གྲང་མོར་གྱུར་པ་བཙགས་པའི་ཁུ་བའི་ནང་དུ་སྒོང་སེར་དང་མགུལ་མར་རན་གཅིག་དང་སྦྱར་ཏེ།  པུ་ཤས་འདན་མའམ་འབྲས་དང་། བེའུ་ཡི་མཁལ་ཚིལ་བཙོས་ནས་བསྲེགས་པའི་ཁུ་བ་ཅན་ཙེ་གང་གི་ནང་དུ་འགིལ་ལི་འ་སྐ་སྤར་མོ་གང་སོགས་ཞིབ་མོར་འཐགས་ནས་བསྲེས་པ་ནི་པུ་ཤན་འདན་མ་བྱའོ། །
ལྟོ་འཁྲོག་འཁྲོག་འཁྲུ་བ་དང་འཚིར་འདོད་པ་ལ་ཕན་པ།
ལྟོ་ནད་རྙིང་བཀྲུ་བ་དང་མཁྲེག་ཅིང་འཚིར་བའི་ཕན་ཐབས།
རའི་འོ་མ།  གནག་གི་འོ་མ།  
རའི་འོ་མའམ་གནག་གི་འོ་མ་གང་ཡོད་པ་ཅན་ཙེ་གསུམ་རྡོ་བར་བསྲེགས་ཏེ་གཏར་བྱ་བ་དང་། འོ་མའི་ནང་དུ་བཅུག་ནས་བསྐོལ་ཏེ་སུམ་ཆའི་གཅིག་ཁེའུ་སུས་ལ་གཏོང་། ཡང་ན་སྒོ་ང་ཚྭའི་ནང་དུ་བཙོས་ན་ཕན།
ལྟོ་ནད་རྙིང་བཀྲུ་བ་དང་མཁྲེག་ཅིང་འཚིར་བ་ལ་ཕན།
ནད་ཡོད་དོ་ཅོག་ལ་ཕན་པའི་སྦྱོར་ཐབས།
འབྲས་དཀར་པོ།  ཏིལ་ནག་པོ།  སྲན་མ།  སྐྱུ་རུ་ར།  འོ་མ།  
འབྲས་དཀར་པོ་དང་ཏིལ་ནག་པོ། སྲན་མ་ཤ་ཤེས་བྱ་བའི་སྨྱུ་གུ་མཁལ་མ་ཙམ་འདྲ་བ་དང་། སྐྱུ་རུ་ར་ཆ་མཉམ་སྟེ་འབྲས་ཀྱི་དྭངས་མ་ཤ་དང་ཏིལ་གསུམ་ལྷན་གཅིག་ཏུ་ཁྱོར་བ་ཕྱེད་ཙམ་ཞིག་འོ་མ་ཁྱོར་དོ་ཙམ་གྱི་ནང་དུ་སྦངས་པ་དང་།  སྐྱུ་རུ་ར་ཁྱོར་གསུམ་གཉིས་ཙམ་ཞིག་འོ་མ་ཁྱོར་གང་ཙམ་གྱི་ནང་དུ་ཞག་གཅིག་རིང་སྦངས་པ་དང་།   དེ་འོ་མ་དང་ཆུ་རྣམས་ཞིབ་མོར་འཐགས་ཏེ་འདེ་གུ་ནལ་ནལ་བོར་གྱུར་པའི་ནང་དུ། ལོགས་གཅིག་ཏུ་སྐྱུ་རུ་ར་སྦངས་པ་ལག་པས་བསྲུབས་ཏེ་ཤ་དང་རུས་པ་ཕྱེས་ནས་རུས་པ་ཕྱིར་ཕྱུང་བ་དང་། ཤ་དང་འོ་མ་འདྲེས་པ་ནུར་ནུར་པོ་གོང་མའི་འདེ་གུའི་ནང་དུ་བླུགས་ཏེ་ཡང་བསྐྱར་བསྲེས་པ་དང་།  དེ་རྡོ་བར་ཆུ་བླུགས་ནས་འཐགས་རྗེས་འདེ་གུ་སླ་ངའི་ནང་དུ་ཞུས་ཏེ་ཤ་བཞིན་བཙོ་དགོས།  དེའི་ཁུ་བའི་ཚད་ནི་ནང་གཅིག་ཀྱང་སྐྱེད་དུ་སོར་བཞི་དང་། ཟླུམ་པོ་ནང་གཅིག་ཀྱང་མི་ཆད་པར་ཟས་རྗེས་ཉལ་ཐུབ་པར་བྱ་དགོས།
 
ཕོ་བ་ན་སྟེ་དྲོད་ཆུང་བའི་ཐབས་ལ།
དོ་བའི་རྩ་བ།  མར།
དོ་བའི་རྩ་བ་ཞིབ་མོར་འཐགས་ཏེ་མཐེ་བོང་ཙམ་ཞིག་མར་གྱི་ལྡེ་གུ་ལས་འཚལ་མ་གསུམ་གྱི་བར་དུ་བཏང་ན་ཧ་ཅང་ཕན།  
 
ཕོ་བ་ན་བའི་དཔྱད།
སྒོག་སྐྱ།   བག་ཟན།  
སྒོག་སྐྱ་འབྲུམ་བུ་བཅུ་བཞིའི་པགས་པ་ཚིགས་ཙམ་དུ་བསྲེགས་ཏེ་བརྡུང་དགོས་པ་དང་། དེ་བག་ཟན་གྱི་ནང་དུ་རིལ་ལུ་མཐེ་བོང་ཙམ་ཞིག་བཞག་ནས་འཚོས་པར་བཙོས་རྗེས།   རིལ་ལུ་དེ་ཉིན་གཅིག་ལ་ཐེངས་མ་གསུམ་གྱིས་འཐུང་དགོས། རིལ་ལུ་དེ་མིད་ན་ཕན་པ་ཤིན་ཏུ་ཆེ།
ཕོ་བ་ནད་ཀྱིས་མི་བདེ་བ་དང་དྲོད་ཆུང་སྟེ་མཁལ་རྐྱེན་ན་བ། རླུང་ནད་ཐམས་ཅད་དང་། སྐེམ་ནད་གྲང་ནད་ཐམས་ཅད་ལ་ཕན་པར་མ་ཟད།  རིལ་ལུ་མིད་ན་གྲང་ནད་དང་།  རླུང་ནད་ཀྱིས་ཕོ་བ་མི་བདེ་བར་གྱུར་བ་དང་།  འཁྲུ་བ་གཅོད་པར་བྱེད་པའི་ཕོ་བའང་འབྱང་བར་བྱེད་པར་ཕན།
བཀྲུ་སྨན་གྱི་ཐབས།
སྒོག་པ།  པྱི་པྱི་ལིང་།  ན་ལེ་ཤམ།  བཅའ་སྒ།  སྒོག་མ།  བག་ཟན།
སྒོག་པ་འབྲུ་ལྔ་དྲུག་ཙམ་བརྡུངས་ཏེ་པྱི་པྱི་ལིང་ན་ལེ་ཤམ་དང་། བཅའ་སྒ་རྣམས་འཐགས་ཏེ་སྒོག་མ་དང་བསྲེས་ནས་རིལ་ལུ་མཐེ་བོང་ཙམ་དུ་བྱས་པ་དང་། དེ་བག་ཟན་དང་མཉམ་དུ་བཙོས་ནས་བསྲེས་ཏེ་ཉིན་གཅིག་ལ་ཧོན་ཏོན་འབྲུམ་བུ་བཅུ་བཅུ་ཙམ་ལན་གཉིས་ཙམ་ལ་འཐུང་དགོས།
དེ་འཐུང་ན་མཁལ་རྐྱེན་གྲང་བ་དང་། ཕོ་བ་ན་བ།  ཟུག་ཟེར་རླུང་ནད་ཀུན་ལ་ཕན་པ་ཆེའོ། །
རླུང་ནད་དང་མཁལ་རྐྱེན་ན་བར་ཕན་པའི་སྨན་གྱི་གཏང་ཐབ།
བཅའ་སྒ།  པྱི་པྱི་ལིང་།  ལི་དོང་ར།  
བཅའ་སྒ་སྲང་གཅིག་དང་། པྱི་པྱི་ལིང་དང་ལི་དོང་ར་ཞོ་རེ་རེ་བསྐོལ་བའི་ཁུ་བ་འཐུང་ན་སྨན་ནུས་ཧ་ཅང་ཆེའོ། །
རླུང་ནད་དང་མཁལ་རྐྱེན་ན་བར་ཕན།
གྱབས་པོ་ལི་ཏྲོལ་སྦྱོར་ཐབས་དང་ཕན་ནུས།
 
 
མཆིན་པ་ན་བ་དང་བད་ཀན་རྒྱས་ཏེ་ཕོ་བ་གྲང་བ་སོགས་ལ་ཕན།

ལྔ་པ།  སྨན་དཔྱད་ཀྱི་རབས་འདིའི་རིན་ཐང་དང་དགེ་མཚན།
འདི་ནི་གནའ་བོའི་བོད་ཀྱི་སྨན་སྦྱོར་ཐབས་དང་ཡོན་ཏན་སོགས་བོད་སྨན་ལས་རིགས་ཀྱི་ཆེས་སྔ་བའི་ཡིག་ཐོག་གི་སྨན་སྦྱོར་ཐབས་ཀྱི་དེབ་གཅིག་ཡིན་ཞིང་།  ཡིག་རྙིང་འདིའི་ནང་དུ་གནའ་བོའི་གསོ་རིག་གི་དུགས་སྦྱོར་ཐབས་དང་།  ཕྱེ་མར་འཐག་ཐབས།  ལྡེ་གུ་སྦྱོར་ཐབས་སོགས་ཀྱི་རིག་གནས་ཀྱི་ཤུལ་རྗེས་མངོན་པར་མ་ཟད། བཙན་པོ་དུས་སྐབས་ཀྱི་བོད་ཀྱི་གསོ་རིག་གི་ཆུ་ཚད་ཇི་འདྲ་ཞིག་ཡིན་པ་ཤེས་ཐུབ།
 སྨན་དཔྱད་ཀྱི་ཡིག་རྙིང་འདིར་ཏུན་ཧོང་ཡིག་རྙིང་ཡོངས་ལ་ཐུན་མོང་གིས་ལྡན་པའི་ཁྱད་ཆོས་དྲུག་པོ་དེ་དག་ལྡན་པར་མ་ཟད། འ་ལ་ཙ་རྟགས་ཏེ་འ༹་དང་འྭ༹་སོགས་ཀྱི་སྣང་ཚུལ་བྱུང་ཡོད་པས་ན། འདི་ཕལ་ཆེར་ཏུན་ཧོང་ཡིག་རྙིང་དང་དུས་མཉམ་པ་རིགས་བསྒྲེས་བྱེད་ཐུབ་ཅིང་།  ཡིག་རྙིང་འདིའི་བརྗོད་བྱའི་དོན་དང་།  རྗོད་བྱེད་ཀྱི་ཚིག   དེ་མིན་རྐྱེན་དང་ཡི་གེའི་གཟུགས།  ཡིག་རྙིང་རྙེད་སའི་ཡུལ་དེའི་རིག་གནས་ཀྱི་རྒྱབ་ལྗོངས་སོགས་ལ་དམིགས་ཏེ།  ཁོ་མོས་དུས་རབས་བརྒྱད་པའི་དུས་དཀྱིལ་ནས་དུས་རབས་དགུ་པའི་དུས་མཇུག་བར་གྱི་ཡིག་རྙིང་ཞིག་ཡིན་པ་བསྒྲུབས་པ་དཔྱད་རྩོམ་གཞན་དུ་གསལ་ཞིང་། སྨན་དཔྱད་དུ་བྱུང་བའི་སྨན་མིང་སྣ་ཚོགས་དེ་དག་ནི་དེང་སྐབས་ཀྱི་བོད་ཀྱི་གསོ་རིག་གི་ཁྲོད་དུ་བེད་སྤྱོད་བྱས་དང་བྱེད་བཞིན་པའི་སྒང་ཡིན་ལ།  གཞན་བོད་ཀྱི་ཚད་དང་མང་ཉུང་འཇལ་བྱེད་ཀྱི་བརྡ་ཆད་འདི་དག་ཀྱང་བཙན་པོའི་སྐབས་ནས་བཀོལ་བ་སྟེ། དཔེར་ན་ཞོ་དང་། སྲང་། ཕུལ། བྲེ་སོགས་ཀྱིས་སྨན་རྫས་ཀྱི་མང་ཉུང་གི་ཚད་འཇལ་བ་ཡིན་ཞིང་། འདི་དག་གིས་བོད་སྨན་གྱི་བཟོ་ལས་དང་ལག་རྩལ།  རྩྭ་སྨན་གྱི་རིགས་དང་དེའི་ནུས་པ།  ཚད་འཇལ་སྣང་ཚུལ་ཇི་འདྲ་ཡིན་པ་བཙན་པོའི་དུས་སྐབས་ནས་ཡོད་པར་གཞི་འདེད་ཀྱི་ལུང་ཁུངས་བཙུན་པ་ཞིག་སྤྲད་ཡོད་པས།  ཡིག་རྙིང་འདིས་གསོ་རིག་ཞིབ་འཇུག་དང་སྨན་སྣ་སྡེབ་སྦྱོར་གྱི་ཐད་ལ་གཞན་དྲིང་མི་འཇོག་པའི་ནུས་པ་དང་དགེ་མཚན་ཞིག་བཏོན་ཡོད་པར་མ་ཟད།  བོད་སྨན་ལ་མཁས་པའི་རྣམ་དཔྱོད་ཅན་དག་གིས་ཡིག་རྙིང་འདིར་གཞིགས་ནས་བོད་ཀྱི་གསོ་རིག་གི་རིག་གཞུང་དང་བྱ་གཞག་གི་གཏིང་ཟབ་སར་ཞུགས་ཏེ་བོད་མི་རིགས་སྤྱིའི་རིག་གནས་ལ་བྱས་རྗེས་འཇོག་པར་རེ་བ་ཆེན་པོ་བཅོལ་ཡོད་ཅིང་།  ཁོ་མོ་ནི་གསོ་རིག་གི་ཤེས་བྱར་རྨོངས་པ་ཞིག་ཡིན་པ་དང་། འདིའི་སྐོར་ལ་ཞིབ་ཏུ་ཞིབ་འཇུག་བྱ་བའི་སྤོབས་པའང་མེད་པས།   ཡིག་རྙིང་ལ་ཞིབ་འཇུག་བྱེད་ཁུལ་གྱིས་རྩོམ་ཡིག་འདི་ལྟ་བུ་ཞིག་བྲིས་ཏེ་གསོ་རིག་གི་ཆེད་ལས་གཉེར་བར་མཁས་པའི་དཔྱོད་ལྡན་ཡོངས་ལ་དཔྱད་གཞིའི་རྒྱུ་ཆ་མཁོ་འདོན་ཞིག་གི་ཚུལ་དུ་ཡིག་རྙིང་འདིའི་མ་ཡིག་དང་འགྲེལ་བཤད་བཅས་པ་ཕུལ་ཡོད་དོ། །
དཔྱད་གཞིའི་ཡིག་ཆ།
༡ པ་སངས་དབང་འདུས་དང་ནོར་བུ་ཚེ་རིང་གཉིས་ཀྱིས་བསྒྲིགས། 《གཏམ་ཤུལ་དགའ་ཐང་འབུམ་པ་ཆེའི་བོན་གྱི་ཡིག་རྙིང་བདམས་སྒྲིག》  བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་།  2006ལོར་པར་དུ་བསྐྲུན། 
༢ སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱིས་བརྩམས།   སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ་པོད་གསུམ་པ་དང་བཞི་པ།   གསོ་རིག་གི་སྐོར།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2014ལོའི་ཟླ10པར་པར་དུ་བསྐྲུན།  
༣ ཆབ་མདོ་ས་ཁུལ་སྨན་རྩིས་ཁང་གིས་བསྒྲིགས། འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་།  མི་རིགས་དཔེ་སྐྲུན་ཁང་།  2007ལོའི་པར་གཞི12པ།

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།