མིའི་ལུས་པོའི་དོན་སྣོད་ཀྱི་གནས་ལུགས་དང་བྱེད་ལས་སོགས་ཅུང་ཙམ་བཤད་པ།
རྩོམ་པ་པོ།  གཡུང་དྲུང་ཚེ་རིང་།     སྤེལ་དུས།  2015-12-08 19:05:45    རྡེབ་ཚད།     ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

གཅིག།དོན་གྱི་སྐོར་བཤད་པ།
དང་པོ། དོན་གྱི་གོ་དོན་དང་བཏགས་དོན།

དེ་ཡང་སྙིང་དང་གློ་བ།མཆིན་པ།མཆེར་བ།མཁལ་མ་ལ་སོགས་པ་ལ་དོན་ལྔ་ཟེར་ཞིང་དེ་དག་གིས་རང་རང་སོ་སོས་ཐུན་མ་ཡིན་པའི་དོན་རེ་བྱེད་ནུས་པའམ་ཡང་ན་དེ་དག་ལྔ་བོ་ལྗོན་ཤིང་གི་འབྲས་བུ་སྨིན་པ་ནང་བཞིན་མིའི་ལུས་པོའི་བྲང་ཁོག་ནང་དུ་རྡོག་རྡོག་གམ་སྙིང་བོ་ལྟ་བུ་འབུར་དུ་ཐོན་པའི་ཆ་ནས་དོན་ཞེས་ཟེར་བ་ཡིན།དེ་ཡང་དོན་ནི་བཏོན་གྱི་བརྡ་སྙིང་བ་ཡིན་ལ་སྙིང་བོ་དང་འབྲས་བུ།ཤིང་ཏོག།དོན་རྣམས་དོན་གཅིག་པ་ཡིན་ལ་སྙིང་དང་གློ་བ་མཁལ་མ་མཆིན་པ།མཆེར་བཅས་ནི་ལུས་ཀྱི་འབྲས་བུ་སྨིན་པ་ལྟར་ཕྱིར་འབུར་དུ་ཐོན་ཡོད་པས་དོན་ཞེས་རྣམ་པའི་སྒོ་ནས་བཏགས་པ་ཞིག་ཡིན་ནོ།།
གཉིས་པ། སྙིང་དང་དེའི་བྱེད་ལས།
སྙིང་ནི་ནམ་མཁའི་ཁམས་ཀྱི་དྭངས་མ་འབྱུང་ས་ཞིག་དང་ཚེ་སྲོག་སེམས་གསུམ་གྱི་རྟེན་དུ་གྲགས་པ་དང་དེས་འཕར་ལྡིང་ལ་བརྟེན་ནས་ཕྱི་རོལ་གྱི་ནམ་མཁའི་ཁམས་ཀྱི་དྭངས་མ་རྣམས་སྡུད་ལེན་བྱས་པ་ལས་མིའི་ལུས་ཀྱི་ནམ་མཁའི་ཁམས་ཀྱི་ཆ་རྣམས་བྱུང་བ་དང་ལུས་ཀྱི་འགུལ་སྐྱོད་དང་མིག་གི་འབྱེད་འཛུམ།ཁྲག་གི་འཁོར་རྒྱུག།ངག་གི་སྨྲ་བརྗོད།ཡིད་ཀྱི་འཆར་སྒོ་དང་འདོད་པ།ཁོང་ཁྲོ།སྙིང་སྟོབས།ང་རྒྱལ།སྤོབས་པ་ལ་སོགས་པའི་མཁྲིས་བ་དང་རླུང་གི་བྱེད་ལས་མཐའ་དག་དོན་སྙིང་གིས་བྱེད་པ་དང་དེ་ཉིད་གཙོ་བོ་སྙིང་ཤ་དང་སྙིང་ཁོང་།སྙིང་ཁྲག།སྙིང་རྩ།སྙིང་སྐྱི་བཅས་ལས་གྲུབ་ཡོད་པ་ཞིག་རེད།དེར་མཁྲིས་བ་སྒྲུག་བྱེད་དང་ཁྱབ་བྱེད་རླུང།ཁུ་བའི་དྭངས་མའམ་མདངས་གསུམ་ཡང་གནས་ཡོད་པ་རེད།དེ་ནི་མིའི་ལུས་པོ་ལས་ཤིན་ཏུ་གཉེན་པའི་གཉན་པ་གནད་ཞིག་ཀྱང་ཡིན།དེ་ནི་མིའི་ཡ་ཆུང་བྲང་ཁོག་གི་ཕོ་བྲང་དུ་རྒྱལ་པོ་ལྟ་བུ་བཞུགས་ནས་ལུས་ཁམས་ཡོངས་ལ་དབང་སྒྱུར་བྱེད་ཀྱི་ཡོད་པ་མ་ཟད།ཁྲག་རྩ་དང་འཕར་རྩའི་རྩ་བ་ཡང་སྙིང་ནས་ཐོན་པས་རྩ་ནག་གི་ཨ་མ་ལྟ་བུའང་ཡིན།དེ་བས་སྙིང་ལ་ནད་འགྱུར་དང་ན་ཚ་བྱུང་ཚེ་ལུས་ཡོང་མི་མི་བདེ་ལ་སེམས་དང་འགུལ་སྐྱོབ་སོགས་ཀྱང་ཚུལ་བཞིན་ཐོན་མི་ཐུབ་པས་སྔ་མོ་ནས་སྙིང་ནད་ཡོད་མིན་ལ་རྟགས་དཔྱད་དང་གལ་སྲིད་སྙིང་ནད་ཡོད་ཚེ་དུས་ཐོག་ཏུ་སྨན་བཅོས་བྱ་རྒྱུའང་ནི་ཤིན་ཏུ་གལ་ཆེའོ།།
གསུམ་པ། གློ་བ་དང་དེའི་བྱེད་ལས།
གློ་བ་ནི་ཉེས་པ་རླུང་འབྱུང་ས་ཞིག་དང་དབུགས་ཀྱི་རྟེན་དུ་གྲགས་པ་དང་།དེས་དབུགས་འབྱིན་རྔུབ་ལ་བརྟེན་ནས་ཕྱི་རླུང་གི་དྭངས་མ་རྣམས་སྡུད་ལེན་བྱས་ནས་ཉེས་པ་རླུང་བྱུང་བ་ཞིག་ཡིན་ལ།ལུས་ཀྱི་ཁྲག་དང་ཁ་ཟས།བཤང་གཅིན་ལ་སོགས་རང་རང་སོ་སོར་དབྱེ་ནས་དྭངས་སྙིགས་རྣམས་ཚུལ་བཞིན་དུ་འབྱེད་པ་བྱེད་པ་དང་སྙིང་གི་འཕར་ལྡིང་དང་མིག་གི་འབྱེད་འཛུམ་དང་ཁ་ཟས་མིད་པར་བྱེད་པ།སྐད་ཀྱི་གདངས།སེམས་ཀྱི་དྲན་པ་ལ་སོགས་པ་གསལ་བར་བྱེད་པ།ཁ་གདངས་བཙུམ་དང་།བཤང་གཅིན་འབབ་པར་བྱེད་པ་ལ་སོགས་པའི་རླུང་གི་ལས་མཐའ་དག་དོན་གློ་བས་བྱེད་པ་ཡིན་པས་ན་གློ་བ་ལ་རྒྱལ་སྲས་དང་རྒྱལ་བློན་ལྟ་བུ་ཡིན་ལ།དེ་ནི་མིའི་ལུས་པོ་ལས་ཤིན་ཏུ་གཉེན་པའི་གཉེན་པ་གནད་ཞིག་ཀྱང་ཡིན།དེ་ཉིད་མིའི་ལུས་པོའི་ཡ་ཆུང་བྲང་གཞུང་དུ་གནས་པ་དང་གཙོ་བོ་གློ་ཤ་དང་གློ་བའི་རྩ་སྦུབས་གློ་སྐྱི་སོགས་ལས་གྲུབ་པ་ཞིག་རེད།དེ་ཉིད་ལ་ནད་འགྱུར་བྱུང་ན་རླུང་གི་བྱེད་ལས་ཚུལ་བཞིན་དུ་མི་ཐོན་ལ་དབུགས་ཀྱི་བྱེད་ལས་ཡང་འགྱུར་བ་འགྲོ་བ།ཁྱད་པར་དུ་རང་ཅག་མཐོ་སྒང་གི་ཡུལ་གྲུ་འདི་ལ་གསོ་རླུང་མི་འདངས་པའི་རྐྱེན་གྱིས་དོན་གློ་བ་ལ་ནད་འགྱུར་འབྱུང་བ་མང་ཞིང་ཆམས་རིམས་ཀྱི་རིགས་དང་འགོས་ནད་མང་པོ་ཞིག་ཀྱང་དང་པོ་འབབ་ས་ཡང་གློ་བ་ཡིན་པའི་རྐྱེན་གྱིས་གློ་ནད་ལ་ནམ་ཡང་བྱ་ར་སྒྲིམས་དགོས་པ་ཞིག་ཀྱང་རེད།དེ་མ་ཟད་དེང་སང་དུས་དབང་གིས་འགོས་ནད་མང་ཞིག་དར་ཁྱབ་ལ་འགྲོ་བཞིན་ཡོད་པ་དང་གློ་བ་ནི་འགོས་ནད་ཀྱི་རྒྱུ་ལམ་དང་པོ་ཡིན་པས་ནད་འབྱུང་སླ་བ་ཞིག་ཀྱང་ཡིན་པས་དོན་གློ་བར་ནད་འགྱུར་བྱུང་ན་དུས་ལྟར་སྨན་བྱེད་རྒྱུ་ཡང་ཤིན་ཏུ་གལ་ཆེའོ།
བཞི་བ། མཆིན་པ་དང་དེའི་བྱེད་ལས།
མཆིན་པ་ནི་མེ་ཁམས་དྭངས་མ་འབྱུང་ས་ཞིག་དང་ཁྲག་གི་རྟེན་དུ་གྲགས་པ་དང་དེས་མཁྲིས་པའི་ནུས་ཤུགས་ལ་བསྟེན་ནས་ཕྱི་མེ་ཁམས་ཀྱི་དྭངས་མ་སྡུད་ལེན་བྱས་ནས་མིའི་ལུས་པོར་ལ་དྲོད་སྐྱེད་པ་དང་ཟས་ཀྱི་དྭངས་མའི་ཁ་དོག་ཁྲག་ལ་སྒྱུར་དང་ཟས་འཇུ་བ།ཁ་སྐོམ་པ།ཕོ་བ་ལྟོགས་པ།ཁ་ལེན་པ།བློ་མི་ཞུམ་པར་དཔའ་བར་བྱེད་པ།ལུས་མདངས་གསལ་བ།བློ་དང་ལྡན་པར་བྱེད་པ་ལ་སོགས་པའི་མཁྲིས་བའི་ལས་མཐའ་དག་དོན་མཆིན་པས་བྱེད་པ་ཡིན།དེ་ཉིད་གཙོ་བོ་མཆིན་དྲི་དང་མཆིན་ཤ།མཆིན་ཁྲག།མཆིན་སྐྱི།མཆིན་རྩ་སོགས་ལས་གྲུབ་པ་ཞིག་རེད།དེ་ནི་ལུས་པོ་ལས་ཤིན་ཏུ་གཉན་པའི་གཉན་པ་གནད་ཞིག་ཀྱང་ཡིན།དེ་ཉིད་མིའི་མ་ཆུང་གི་སྟོད་ཀྱི་གཡོས་ངོས་སུ་ལུ་གུ་ཉལ་བ་ནང་གནས་ཡོད་པ་དང་བཙུན་མོ་ནང་བཞིན་མིའི་ལུས་པོ་ལ་བྱ་བའང་བྱེད་བཞིན་ཡོད།དེ་ལ་ནམ་འགྱུར་ཡོང་ན་ཁྲག་མཁྲིས་ཚ་བ་རྒྱས་ནས་མགོ་སོགས་ན་བྱེད་པ་འམ་ཡང་ལུས་པོ་གྲང་ནས་ཟས་ལ་སོགས་པ་མི་འཇུ་བའི་མ་ཞུ་བའི་ནད་སོགས་ཀྱང་འབྱུང་བ་ཡིན།དེ་བས་མཆིན་ནད་ལ་དུས་ནམ་ཡིན་ཡང་བྱ་ར་སྒྲིམས་རྒྱུ་ཡང་ཤིན་ཏུ་གལ་ཆེའོ།།
ལྔ་པ། མཆེར་བ་དང་དེའི་བྱེད་ལས།
མཆེར་ནི་ས་ཁམས་ཀྱི་དྭངས་འབྱུང་ས་ཞིག་དང་སྲ་ཞིང་ལྕི་བའི་རྟེན་དུ་གྲགས་པ་དང་དེས་ནུས་པའི་ཕྱི་འབྱུང་བའི་ས་ཁམས་ཀྱི་དྭངས་མ་སྡུད་ལེན་བྱས་ནས་ཉེས་པ་བད་ཀན་གྱི་ཀན་ཀྱི་ཆ་དག་བྱུང་ཞིང་དེས་ཤ་དང་རུས་པ།ཚིལ་ལ་སོགས་པ་སོ་སོར་མི་འབྲལ་བར་བརྟེན་པར་བྱེད་པ་དང་བློ་བརྟན་པ།གཉིད་ཡོང་བ།ལུས་འཇམ་པོ་ཡོང་བ་ལ་སོགས་པའི་བད་ཀན་ཀྱི་ལས་མང་པོ་ཞིག་དོན་མཆེར་བའི་བྱེད་བཞིན་ཡོད་ལ།དེ་ཉིད་གཙོ་བོར་མཆེར་ཤ་དང་མཆེར་སྐྱི་གཉིས་ལས་གྲུབ་ཞིག་ཡིན།དེ་ནི་མིའི་ལུས་པོའི་མ་ཆུང་གི་སྟོད་ཀྱི་གཡོན་ངོས་སུ་ཡོད་པ་རེད།དེ་ལ་ནད་འགྱུར་བྱུང་ན་མཆུ་ཏོ་ཐུར་དུ་དཔྱངས་པ་དང་ཕོ་བ་སྦྲོ་འཁྲོག་གི་རྟགས་སོགས་འབྱུང་བ་ཡིན་ཀྱང་ནད་ཐོག་ལག་ལེན་དུ་མཐོང་ཉུང་ལ་འགའ་ཤས་མ་གཏོགས་མི་འདུག།
དྲུག་པ། མཁལ་མ་དང་དེའི་བྱེད་ལས།
མཁལ་ནི་ཆུ་ཁམས་ཀྱི་དྭངས་མ་འབྱུང་ས་ཞིག་དང་ཆུ་ཡི་རྟེན་དུ་གྲགས་པ་དང་དེས་འབྱིན་སྡོམ་གྱིས་ནུས་པ་ལ་བརྟེན་ནས་ཕྱི་ཆུ་ཁམས་ཀྱི་དྭངས་མ་རྣམས་སྡུད་ལེན་བྱས་ནས་ཉེས་པ་བད་ཀན་གྱི་བད་ཀྱི་ཆ་རྣམས་བྱུང་ཞིང་རྐང་བ་བརྟེན་པོ་གནས་པ་དང་ཆུ་དྭངས་སྙིགས་འབྱེད་པ།དེ་མིན་ཁྲག་དང་གཅིན་ལ་སོགས་པའི་ལུས་ཀྱི་བརླན་གཤེར་གྱི་ཆ་མཐའ་དག་དོན་མཁལ་མས་ལས་བྱེད་པ་ཡིན་པ་དང་དེ་ཉིད་གཙོ་བོ་མཁལ་ཤ་དང་མཁལ་སྐྱི།མཁལ་རྩ།མཁལ་ཆུ་བཅས་ལས་གྲུབ་པ་ཞིག་ཡིན་ལ།དེ་ནི་མིའི་ལུས་པོའི་མ་ཆུང་གི་རྐེད་པའི་གཡས་གཡོན་དུ་རྟ་གཡག་ལ་མཁལ་བཀལ་ནང་བཞིན་ཡོད་ལ་དེ་ནི་མིའི་ལུས་པོ་ལས་ཤིན་ཏུ་གཉེན་པའི་གཉེན་པ་གནད་ཞིག་ཀྱང་ཡིན།དེ་ལ་ནད་འགྱུར་བྱུང་ན་ཕོ་མཚན་མི་ལངས་པ་དང་འདོད་པ་ཆུང་དུ་འགྲོ་བ།ལུས་རྒུར་པོ་འགྲོ་བ་སོགས་ཀྱི་ནད་རྟགས་མང་པོ་ཡོད་པས་སྔ་མོ་ནས་མཁལ་ནད་བརྟག་དཔྱད་དང་མཁལ་ནད་དུས་ལྟར་གསོ་རྒྱུ་ཡང་ཤིན་ཏུ་གལ་ཆེའོ།།
དེ་ལྟར་དོན་ལྔ་བོ་ནི་ཉེས་པ་རླུང་མཁྲིས་བད་ཀན་ལ་སོགས་འབྱུང་ས་ཡིན་ལ་དེ་དག་ལྔ་བོ་ནི་མིའི་ལུས་པོ་ལས་ཤིན་ཏུ་གཉན་པའི་གཉན་པ་གནད་ཞིག་ཀྱང་ཡིན་པས་ན་དེ་དག་ལ་སྲུང་སྐྱོབ་དང་གཅེས་སྤྲས་བྱེད་རྒྱུ་ཤིན་ཏུ་གལ་ཆེ་ལ།དེ་དག་ལ་ནད་འགྱུར་བྱུང་ན་དུས་ཐོག་ཏུ་གསོ་བཅོས་བྱ་རྒྱུ་ཡང་ཤིན་ཏུ་གལ་ཆེའོ།།
གཉིས། སྣོད་ཀྱི་སྐོར་བཤད་པ།
དང་པོ།དོན་སྣོད་ཀྱི་འབྲེལ་བ།

དེ་ཡང་དོན་ལྔ་སྣོད་དྲུག་ཟེར་བ་ནི་བོད་ལུགས་གསོ་རིག་གི་བརྡ་ཆད་ཞིག་ཡིན་ལ།དོན་ལྔ་ནི་འབྱུང་ལྔའི་དྭངས་མ་འབྱུང་ས་ཞིག་དང་སྣོད་དྲུག་ནི་འབྱུང་བའི་སྙིགས་མ་གསོག་ས་ཞིག་ཡིན་ལ།དོན་གྱིས་དྭངས་མ་རྣམས་འཛིན་ཞིང་སྣོད་ཀྱིས་སྙིགས་མ་རྣམས་གསོག་པའི་ནུས་དང་ལྡན་ལ།དོན་སྣོད་ཕན་ཚུན་འབྲེལ་སྦྱོར་དང་ཕན་ཚུན་རོགས་ལས་ཀྱི་ཚུལ་དུ་གནས་ཡོད་པས་གཅིག་གི་ནུས་པ་ཉམས་ན་གཅིག་ཤས་ཀྱི་ནུས་པའང་རྒྱུན་ལྡན་ཅན་དུ་ཐོན་མི་ཐུབ་ལ།དོན་གྱིས་དྭངས་མ་བླངས་པ་དང་ཆབས་ཅིག་ཏུ་སྣོད་ཀྱིས་སྙིགས་མ་གསོག་གི་ཡོད་པ་རེད།དེ་གཉིས་གཅིག་ལ་གཅིག་བརྟེན་དང་གཅིག་གྲོགས་གཅིག་བྱེད་ཀྱིས་ཕན་ཚུན་ལས་རོགས་བྱེད་བཞིན་ཡོད།དྭངས་སྙིགས་ཀྱི་ནུས་པ་ཚུལ་བཞིན་ཐོན་པ་ནི་ལུས་ཟུངས་ཐ་མལ་གནས་པའི་རྟགས་མཚན་གཙོ་བོ་ཞིག་ཡིན།དེ་བས་དྭངས་སྙིགས་ཀྱི་རྣམ་བཞག་བཤད་པ་ནི་བོད་ལུགས་གསོ་རིག་གི་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་ཤེས་བྱ་ཡིན། དྭངས་མའི་རྟེན་སྙིང་དང་གློ་བ།མཆིན་པ།མཆེར་བ།མཁལ་མ་བཅས་ལྔ་པོ་དང་སྙིགས་མའི་སྣོད་ཕོ་བ་དང་རྒྱུ་མ།ལོང་ག།བསམ་སེའུ།མཁྲིས་པ།ལྒང་བ་ལ་སོགས་པ་ནི་མེད་དུ་མི་རུང་བའི་ལུས་པོའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།དེ་དག་གིས་བྱེད་ལས་རྣམས་ཚུལ་བཞིན་དུ་ལེགས་པར་ཐོན་ན་ལུས་ཟུངས་རྣམས་བདེ་ཞིང་ནད་མེད་ཚེ་རིང་བ་དང་གལ་སྲིད་དེ་དག་གང་རུང་ཞིག་ལ་ནད་འགྱུར་བྱུང་བ་ཡིན་ན་མིའི་ལུས་པོ་སྤྱི་དང་ལྷག་པར་དུ་དྭངས་སྙིགས་ཀྱི་བྱེད་ནུས་རྒྱུན་ལྡན་ལྟར་དུ་ཐོན་མི་ཐུབ།དེ་བས་དོན་སྣོད་ལ་གཅེས་སྤྲས་བྱས་ཏེ་ཟས་སྐོམ་མཁོ་མི་མཁོ་བ་དང་འཕྲོད་མི་འཕྲོད་པ་ལ་སོགས་ལེགས་པོར་བརྟག་པ་དང་།དྲག་དལ་དང་ལོག་གཡེམ་ལ་སོགས་པའི་སྒོ་གསུམ་གྱི་སྤྱོད་ལམ་ཡང་དག་པར་བསྟེན་རྒྱུ་ནི་ཤིན་ཏུ་གལ་ཆེའོ།
གཉིས་པ།སྣོད་ཀྱི་གོ་དོན་དང་བཏགས་དོན།
དེ་ཡང་ཕོ་བ་དང་རྒྱུ་མ།ལོང་ག།མཁྲིས་བ།ལྒང་བ།བསམ་སེའུ་བཅས་ལ་སྣོད་དྲུག་ཟེར་བ་དང་དེ་དག་གི་རང་རང་གིས་ནུས་པ་བརྟེན་ནས་ཟས་སྐོམ་ཀྱི་སྙིགས་མ་རྣམས་རང་རང་གི་ཡུལ་དུ་བསགས་ནས་ཡུན་རིང་བོར་འཛིན་ཞིང་སྐྱོར་བར་བྱེད་པའི་ནུས་བ་དང་ལྡན་ཞིང་དེ་དག་གི་དབྱིབས་གཟུགས་དག་ཀྱང་སྣོད་ཀྱི་དབྱིབས་དང་མཚུངས་པའི་ཕྱིར་སྣོད་ཅེས་ནུས་པའམ་དབྱིབས་གཟུགས་ཀྱི་སྒོ་ནས་བཏགས་པ་ཞིག་ཡིན་ལ།དེ་དག་གིས་ཟས་སྐོམ་དང་བད་ཀན།རླུང་།མཁྲིས་པ་ལ་སོགས་པའི་སྙིགས་མ་རྣམས་རང་རང་གི་གནས་སུ་མཁོ་འདོན་བྱས་ནས་དོན་གློ་སྙིང་ལ་སོགས་པ་ལའང་རོགས་བྱེད་ཀྱི་ཡོད།སྣོད་དྲུག་ནི་མེད་དུ་མི་རུང་བའི་མིའི་ལུས་པོའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།དེ་དག་གང་རུང་ཞིག་ནད་འགྱུར་བྱུང་ན་དྲི་མ་ཚུལ་བཞིན་དུ་ཐོན་མི་ཐུབ་ལ།དོན་གློ་བ་སོགས་ཀྱང་མི་བདེ་བའི་སྣང་ཚུལ་འབྱུང་བ་ཡིན་པས་དུས་ཐོག་ཏུ་སྨན་བཅོས་བྱ་རྒྱུ་དེ་ཡང་གཅེས་པར་བཟུང་ཤིག།
གསུམ་པ།ཕོ་བ་དང་དེའི་བྱེད་ལས།
ཕོ་བ་ནི་ཟས་སྐོམ་གྱི་ཡུལ་དང་མཆེར་བའི་བད་ཀན་ཀྱི་སྙིགས་མ་བེ་སྣབས་གསོག་སའང་ཡིན།དེ་ཡང་ཟས་སྐོམ་མིད་པ་དང་འཇུ་བ།ཟས་མྱག་ཅིང་འདྲིལ་བར་བྱེད་པ།ཟས་ཀྱི་དྭངས་སྙིགས་འདྲེས་པ་རྣམས་ཐུར་དུ་གཏོང་ཞིང་ཕོ་བ་ལ་སོགས་པའི་རླུང་མེ་མཉམ་གྱི་ལས་མཐའ་དག་སྣོད་ཕོ་བའི་བྱེད་པ་དང་དེ་ཉིད་མིའི་ལུས་པོའི་མ་ཆུང་གི་སྟོད་ཀྱི་དཀྱིལ་དུ་ཡར་སྣེ་མིད་པ་འབྲེལ་བ་དང་མར་སྣེ་རྒྱུ་མ་ལ་འབྲེལ་ནས་གནས་ཡོད་པ་རེད།ཕོ་བའི་གྲུབ་ཆ་གཙོ་བོ་ནི་ཕོ་སུབས་དང་ཕོ་ཤ།ཕོ་སྐྱི།ཕོ་རྩ།ཕོ་ཡུ།ཕོ་རྩི་བཅས་ལས་གྲུབ་པ་ཞིག་ཡིན་ལ་དེར་མེ་མཉམ་ཀྱི་རླུང་དང་མཁྲིས་པའི་ཆུ་སྐྱུར།ཕོ་ཆུ་གསུམ་ཡང་གནས་ཡོད་པ་མ་ཟད།མ་ཞུ་བ་དང་བད་ཀན་གྱི་ནད།ཟས་སྐྲན་ལ་སོགས་པའི་ཁོང་ནད་ཐམས་ཅད་འབྱུང་སའང་ཡིན་པས་ཕོ་བའི་ནད་ལ་ནམ་ཡང་བྱ་ར་དང་གཅེས་བར་བཟུང་ཤིག།།
བཞི་བ།རྒྱུ་མ་དང་དེའི་བྱེད་ལས།
རྒྱུ་མ་ནི་ཁ་ཟས་འཇུ་ས་ཞིག་དང་མཁྲིས་པའི་སྙིགས་མ་བརྟེན་སའང་ཡིན།དེ་ཡང་ཟས་འཇུ་བ་དང་ལུས་དྲོད་སྐྱེད་པ།ཟས་ཀྱི་དྭངས་སྙིགས་འབྱེད་པ།མཁྲིས་པ་མདངས་སྒྱུར་དང་སྒྲུབ་བྱེད།མདོག་གསལ།མཐོང་བྱེད་དེ་བྱེ་བྲག་གི་མཁྲིས་པ་བཞི་ཡི་གྲོགས་དང་སྟོབས་ལ་སོགས་པའི་ལས་མཐའ་དག་སྣོད་རྒྱུ་མ་ཡིས་བྱེད་བཞིན་ཡོད་པ་དང་དེ་ནི་མིའི་ལུས་པོའི་མ་ཆུང་གི་སྨད་ཀྱི་དཀྱིལ་ངོས་སུ་ཡར་སྣེ་ཕོ་དང་མར་སྣེ་ལོང་དང་འབྲེལ་ནས་ཡོད་ལ་ནང་ཁོག་ཏུ་ཟས་སྙིགས་འདྲེས་མས་ཁེངས་ནས་ཡོད།དེ་མིན་རྒྱུ་མ་ནི་ཁྲག་རྩ་དང་ཁྲག་དང་ཟས་ཆུ་རྒྱུ་སའི་ཨ་མ་ལྟ་བུ་ཡིན་པས་རྒྱུ་མ་ཞེས་ཀྱང་བཤད།དེ་ཉིད་གཙོ་བོར་རྒྱུ་ཤ་དང་རྒྱུ་སྐྱི།རྒྱུ་རྩི།རྒྱུ་རྩ།རྒྱུ་ཚིལ་བཅས་ལས་གྲུབ་པ་ཞིག་རེད།དེར་མཁྲིས་པ་འཇུ་བྱེད་དང་མཁྲིས་པའི་སྙིགས་མའང་གནས་ཡོད་པས་དེ་ལ་ནད་འགྱུར་བྱུང་ན་ཟས་མི་འཇུ་བ་དང་ཐུར་དུ་བཤལ་བ།ཚ་བ་རྒྱས་པ།ནད་ཀྱི་དུག།རྒྱུ་གཟེར་ལ་སོགས་པའི་མཁྲིས་པའི་ནད་རིགས་དག་ཀྱང་འབྱུང་བ་ཡིན་ལ་དུས་ལྟར་སྨན་བཅོས་མ་བྱས་ན་ཚེ་སྲོག་ལ་རྒོལ་བར་སླ་བས་དུས་ལྟར་སྨན་བཅོས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ།
ལྔ་བ།ལོང་ག་དང་དེའི་བྱེད་ལས།
ལོང་ག་ནི་ཟས་ཀྱི་སྙིགས་མ་གསོག་ས་ཞིག་དང་རླུང་གི་སྙིགས་མ་གནས་སའང་ཡིན།དེས་ཟས་སྙིགས་ཐུར་དུ་གཏོང་བ་དང་འོག་རླུང་བདེ་བར་རྒྱུ་བ་ལ་སོགས་པའི་ཐུར་སེལ་རླུང་གི་ལས་མཐའ་དག་སྣོད་ལོང་གིས་བྱེད་པ་དང་དེ་ཉིད་མིའི་མ་ཆུང་གི་སྨད་ཀྱི་གཡས་ངོས་ནས་ལོང་མགོ་རྒྱུ་མ་དང་འབྲེལ་ནས་རྒྱུ་མའི་གཡས་མཐའ་སྐོར་ནས་ཡར་ཐོན་ཞིང་ཕོ་ཞབས་བརྒྱུད་ནས་རྒྱུ་མའི་གཡོན་མཐའ་དེད་དེ་མར་བབས་ནས་བཞང་ཁ་འབྲེལ་ནས་ཡོད་པ་དང་རྣམ་པ་ལོང་ལོང་གཡོ་བ་ལྟར་གནས་པའི་ལོང་ག་ཞེས་ཀྱང་ཟེར།དེ་ཉིད་གཙོ་བོར་ལོང་ཤ་དང་ལོང་རྩི།ལོང་རྩ།ལོང་ཚིལ།ལོང་སྐྱི་བཅས་ལས་གྲུབ་པ་ཞིག་ཡིན་ལ།དེ་ལ་ཐུར་སེལ་ཀྱི་རླུང་དང་རླུང་གི་སྙིགས་མ།ཟས་ཀྱི་སྙིགས་མ་སོགས་ཀྱང་གནས་ཡོད་པས་མིའི་ལུས་པོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་རེད།དེ་ལ་ནད་འགྱུར་སོགས་བྱུང་ན་སྦོ་འཁྲོག་དང་ཡང་ན་བཞང་བ་འཕེལ་བ་འམ་ཟད་པའི་རྟགས་སོགས་འབྱུང་བ་ཡིན་པས་སྨན་བཅོས་དུས་ལྟར་བྱ་རྒྱུ་གལ་ཆེའོ།།
དྲུག་པ།མཁྲིས་པ་དང་དེའི་བྱེད་ལས།
མཁྲིས་པ་ནི་མཆིན་པའི་སྙིགས་མ་གསོག་ས་ཞིག་དང་ཆུ་སེར་གྱི་འབྱུང་ས་ཞིག་ཡིན་ལ།ཟས་འཇུ་བ་དང་ཁ་སྐོམ་པ།ལྟོ་ལྟོགས་པ།ལུས་དྲོད་སྐྱེད་པ།གཟུགས་མཐོང་བ།སྟོབས་སྐྱེད་པ།དབང་པོ་གསལ་བ་ལ་སོགས་པའི་མཁྲིས་པའི་ལས་ཕལ་ཆེར་སྣོད་མཁྲིས་པའི་བྱེད་ཀྱི་ཡོད་པ་ཞིག་རེད།དེ་ཉིད་གཙོ་བོར་མཁྲིས་སྣོད་དང་མཁྲིས་ཁུ།མཁྲིས་རྩ།མཁྲིས་རྩི་བཅས་གྲུབ་པ་ཞིག་ཡིན་ཞིང་དེ་ནི་མིའི་ལུས་པོའི་མ་ཡ་ཆུང་གི་སྟོད་ཀྱི་གཡོས་ངོས་མཆིན་པ་དང་འབྱར་ནས་ཐུར་དུ་དཔྱངས་བའི་ཚུལ་དུ་སྡད་ཡོད་པ་རེད།དེ་ནི་མིའི་ལུས་པོ་ལ་མེད་དུ་མི་རུང་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ།དེ་ཉིད་ནད་འགྱུར་བྱུང་ན་ཚ་བ་རྒྱས་ཤིང་ལུས་དྲོད་འབར་བ་དང་ཡང་ན་ལུ་གྲང་ནས་ཁ་ཟས་མི་འཇུ་བ་ལ་སོགས་པའི་མཁྲིས་ནད་ཚ་གྲང་གཉིས་ཀའང་འབྱུང་བ་ཡིན།དེ་བས་དེ་ལ་ནད་འགྱུར་བྱུང་ཡོད་མེད་བརྟགས་དཔྱད་བྱ་རྒྱུ་དང་གལ་ཏེ་ནད་འགྱུར་བྱུང་ན་དུས་ལྟར་སྨན་བཅོས་བྱ་རྒྱུའང་ཤིན་ཏུ་གལ་ཆེའོ།།
བདུན་པ།བསམ་སེའུ་དང་དེའི་བྱེད་ལས།
བསམ་སེའུ་ནི་སེམས་པ་གནས་ས་ཞིག་དང་ནམ་མཁའི་ཁམས་ཀྱི་སྙིགས་མ་གསོག་ས་ཞིག་ཀྱང་ཡིན།དེ་ནི་མི་མངོན་ལྐོགས་གྱུར་གྱི་སྣོད་ཞིག་ཡིན་པས་གྲུབ་ཚུལ་དང་རྣམ་པ་སོགས་ཤིན་ཏུ་བཤད་དཀའ་འོ།།མི་ལ་ལས་བསམ་སེའུ་རླིག་སྒོང་ལ་བཀོལ་ཀྱང་ཁྱབ་ཆུང་བསམ།དེ་ལ་སེམས་ཀྱི་སྙིགས་མ་དང་ཁུ་བའི་སྙིགས་མ་གཉིས་ཀྱང་གནས་ཡོད་པས་མིའི་ལུས་པོའི་གྲུབ་ཆ་གལ་ཞིག་ཀྱང་ཡིན།དེ་ལ་ནད་འགྱུར་བྱུང་ན་འདོད་པ་ཉམས་པ་དང་ས་བོན་མི་འཛིན་པ།ལུས་སྟོབས་སོགས་ཀྱང་ཉམས་ཞན་དུ་འགྲོ་བས་དུས་ལྟར་སྨན་བཅོས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ།།
བརྒྱད་པ། ལྒང་ཕུག་དང་དེའི་བྱེད་ལས།
ལྒང་ཕུག་ནི་ཆུ་ཡི་སྙིགས་མ་གསོག་ས་ཞིག་དང་ཆུ་སེར་གྱི་སྙིགས་མ་འབེབ་ས་ཞིག་ཀྱང་ཡིན་ལ།དེས་དྲི་ཆུ་ཕྱིར་འབྱིན་པའམ་སྡོམ་པའི་ལས་རྣམས་བྱེད་བཞིན་ཡོད།དེ་ཉིད་ནི་མིའི་ཚང་ཁུང་དུ་ཡར་སྣེ་མཁལ་རྩ་དང་མར་སྣེ་གཅིན་ཁུང་དང་འབྲེལ་ནས་གནས་ཡོད་ལ།དེ་ནི་གཙོ་བོར་ལྒང་ཤ་དང་ལྒང་སྐྱི།ལྒང་རྩ་བཅས་ལས་གྲུབ་པ་ཞིག་རེད།དེ་ལ་ནད་འགྱུར་བྱུང་ན་མཁལ་ནུས་ཉམས་ནས་དྲི་ཆུ་འགག་པའམ་ཡང་ན་ཡང་སྲི་གཏོང་བ་ལ་སོགས་ཀྱི་ནད་རྟགས་ཀྱང་འབྱུང་བས་དུས་ལྟར་སྨན་བཅོས་བྱ་རྒྱུ་ནི་ཤིན་གལ་ཆེའོ།།
དེ་ལྟར་སྣོད་དྲུག་ནི་འབྱུང་བ་དང་དོན།ཉེས་པ་སོགས་ཀྱི་སྙིགས་མ་གསོག་ས་ཡིན་པའི་རྐྱེན་གྱིས་དེ་དག་ལ་ནད་འགྱུར་བྱུང་ན་འབྱུང་ཉེས་དོན་གསུམ་གྱི་བྱེད་ལས་ཚུལ་བཞིན་ཐོན་མི་ཐུབ་བོ།དེ་བས་སྣོད་དྲུག་ལ་ནད་འགྱུར་བྱུང་མིན་བརྟག་དཔྱད་དང་གལ་སྲིད་ནད་ནད་འགྱུར་བྱུང་ཡོད་ན་དུས་ལྟར་སྨན་བཅོས་བྱས་ནས་རང་གི་མིག་འབྲས་བཞིན་དུ་གཅེས་བར་འཛིན་རྒྱུ་ཡང་ཤིན་ཏུ་གལ་ཆེའོ།།
སྨྲས་པ། གསོ་རིག་ཕ་མཐའ་མི་མངོན་རྒྱ་མཚོ་ལས།།
དོན་སྣོད་གནས་ལས་ཅུང་ཞིག་བཤད་པ་འདི།།
བདག་འདྲ་བསམ་བློ་བརྗེ་ཕྱིར་བྲིས་ལས།།
རང་ཉིད་མཁས་མདོག་སྟོན་པའི་ཚུལ་མིན་ནོ།།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།