ཁྲི་ཀའི་ཡུལ་ལྷ་གསོལ་བ་དང་ལྷ་བསང་གཏོང་སྲོལ་སྐོར་ལ་དཔྱད་པ།
རྩོམ་པ་པོ།  བཀྲ་ཤིས་འཚོ།    སྤེལ་དུས།  2012-12-15 03:10:23    རྡེབ་ཚད།     ཡོང་ཁུངས། ཁྲི་ཀའི་མི་རིགས་བཅའ་སྡོད་སློབ་གྲྭའི་དྲ་བ།

                                                                          གླེང་གཞི། 
          དེ་ཡང་བོད་མིའི་འཚོ་བའི་བདེ་འཇགས་དང་འགྲོ་དོན་མཛད་འཕྲིན་རྒྱ་ཆེར་སྤེལ་བ་དང་། མི་རྣམས་ཚེ་རིང་ནད་མེད་བདེ་བར་གནས་པའི་མགོན་དང་སྐྱབས་སུ་དུས་སྔ་མོ་ཞིག་ནས་ཡར་ལྷ་ལ་བསང་གཏོང་སྲོལ་གྱི་ཆོ་ག་ཞིག་རྒྱུན་ཆགས་སུ་སོང་ཡོད། ལྷ་གསོལ་བསང་གཏོང་གི་ཆོ་ག་དེ་ནི་བོད་ཀྱི་ཡུལ་གྲུ་ཀུན་ཏུ་ཁྱབ་པ་མ་ཟད། དུས་ད་ལྟའང་ཉམས་མེད་གསོན་པོའི་ཚུལ་དུ་གནས་ཡོད་པས་བོད་ཀྱི་རིག་གནས་དང་ཆོས་ལུགས་དར་བའི་རྒྱལ་ཁབ་དང་མི་རིགས་ནང་དུའང་རྒྱ་ཁྱབ་དུ་དར་ཡོད། དེར་ཆོ་གའི་ཕྱག་ལེན་བཞིན་ཕུལ་བའི་རྟེན་འབྲེལ་གྱིས་སྔོན་བསགས་ཀྱི་ཉེས་བྱས་དང་བླ་མ་དང་སྐུ་གསུང་ཐུགས་དང་འགལ་བའི་ཉེས་བྱས་གྲིབ་རིགས་སྣ་ཚོགས་དང་། མི་གཙང་བའི་རིགས་སོགས་དག་ཅིང་སེལ་བ་མ་ཟད་གཞན་དང་རྩོད་པའི་བསམ་ངན། ནད་རིམས་གདོན་བགེགས། མི་ཁ་དགྲ་མཆུ།དགྲ་ཇག་ཆོམ་རྐུན། བྱད་ཕུར་རྦོད་གཏོང་སོགས་མི་འདོད་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་བཟློག་པ་དང་། མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་རླུང་རྟ་སྙན་གྲགས་སོགས་དཀར་ཕྱོགས་ཀྱི་ཟླ་བའི་དཔལ་བཞིན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། ཡུལ་ཕྱོགས་ཀུན་ལ་ལེཊ་ཚོགས་འབྱུང་བའི་སླད་དུ་འབུལ་ཞིང་བསྔོ་བ་ཡིན།
གཅིག       ཡུལ་ལྷ་གསོལ་བ་དང་ལྷ་བསང་གཏོང་བའི་སྔོན་འགྲོ་དང་དགོས་ངེས་ཀྱི་རྫས་རིགས་བརྗོད་པ།
             ཡུལ་ལྷ་གསོལ་བ་དང་ལྷ་བསང་གཏོང་བའི་སྔོན་འགྲོ་བཤད་ན།  ཐོག་མར་སྔོན་འགྲོ་ཅེས་པ་ནི་གྲ་སྒྲིག་གི་ལས་ཀར་བརྗོད་པ་ཡིན་ལ། ལྷ་གསོལ་བསང་གི་ཆོ་ག་སྤེལ་དུས་རིམ་པ་དང་པོ་ནི་བསང་ཕུད་སའི་གནས་ཤིག་དགོས་པ་དང་། བསང་གི་ཆེ་ཆུང་གཞིར་བཟུང་ནས་བསང་ཕུད་ས་ཞིག་ལས་དགོས་པ་སྟེ། སྤྱིར་བཏང་ཁྱིམ་ཚང་སོ་སོས་ར་བའི་ནང་ངམ་སྒོ་དྲུང་དུ་བསང་ཁུང་ཆུང་ཆུང་རེ་ལས་ཡོད་ལ། སྡེ་བའི་མ་ཎི་ཁང་དུ་བསང་ཁྲིའམ་བསང་ཁུང་ཆེན་པོ་རེ་ལས་ཡོད་པ། གཞན་ད་དུང་དགོན་པ་དང་གཙུག་ལག་ཁང་སོགས་སུ་ཡོད་པའི་བསང་ཕུད་ས་ཚང་མ་བསང་མ་ཕུད་པའི་ཡར་སྔོན་དུ་བཅའ་བ་རིམ་གྲོས་རབ་གནས་གང་ལེགས་བྱེད་དགོས། དེང་སང་བོད་ཀྱི་ཡུལ་གྲུ་ཀུན་ཏུ་ཁང་བའི་ཐོག་དང་ལྷས་དཀྱིལ། ཡང་ན་བསྐོར་ལམ་དང་ལྷ་ཁང་སོགས་ཀྱི་སྒོ་འགྲམ་གང་སར་བསང་བུམ་མམ་་་ བསང་ཁུང་རེ་ཡོད་པ་ཀུན་གྱིས་མཐོང་བ་ལྟར་རོ།། ལྷ་གསོལ་བསང་གཏོང་གི་ཆོ་ག་དེ་ནི་སུ་ཞིག་གིས་དད་པའི་ཡུལ་དུ་བཟུང་བའི་ལྷ་དང་སྲུང་མ་སོགས་འཕྲིན་ལས་བཅོལ་བའི་ཕྱིར་དུ་ལེགས་སྐྱེས་སམ་དངོས་རྫས་འབུལ་བའི་ཆོ་ག་ཞིག་ཡིན་པས་བསང་ཕུད་དུས་གསོལ་འདེབས་ལེགས་པོ་ཞིག་བྱས་ཏེ། རང་ཉིད་ཀྱི་འདོད་དོན་འགྲུབ་པར་བྱེད་པ་ནི་བསང་ཕུད་སྐབས་མེད་དུ་མི་རུང་བའི་གོ་རིམ་ཞིག་ཡིན།
           དེ་བས་རྒྱལ་དབང་ལྔ་བ་ཆེན་མོ་ངག་དབང་བློ་བཟང་རྒྱ་མཚོ་ལགས་ཀྱིས་བརྩམས་པའི་བསང་མཆོད་བཀྲ་ཤིས་འཁྱིལ་བ་རུ་བསང་གཏོང་བར་ཚང་དགོས་པའི་རྫས་རིགས་གསལ་བོར་བཀོད་ཡོད་པ་སྟེ། ཀྱེེ་གསེར་གྱི་མདངས་ལ་འཁུ་བའི་ལོ་འདབ་ཚོགས།། གཡུར་དུ་ཟ་བའི་ལྗོན་ཤིང་སྟག་པས་བསངས།། གཡུ་ཡི་མདོག་ཅན་གནམ་སྔོན་ཞུན་མ་དག། འཁྱིལ་འདྲའི་འདབ་མ་རབ་རྒྱས་ཤུག་པས་བསངས།། རབ་དཀར་དུང་གི་མདངས་ལ་འགྲན་བཟོད་པའི།། ཕང་ཕུང་འདབ་མ་བཞད་པའི་མཁན་པས་བསངས།། མཆོང་གི་མདོག་ལྟར་རབ་དམར་ལོ་འདབ་ཀྱི།། ཕང་ཕུང་མཛེས་པར་རྒོད་པའི་བ་ལུས་བསངས།། བཟང་དྲུག་སྨན་དང་སྤོས་དཀར་མ་ནུ་དང་།། ཙན་དན་དཀར་དམར་ཨ་ཀུ་རུ་ཡིས་བསངས།། བདུད་རྩི་ཅན་གྱི་ལྗོན་པའི་ཤིང་གི་ཚོགས།། ཕྱེ་མར་ཟས་ཕུད་འབྲུ་སྣའི་རིགས་ཀྱིས་བསངས།། དར་དང་ཟ་འོག་རིན་ཆེན་རྣམ་པ་ལྔ།། དཀར་གསུམ་མངར་གསུམ་ལ་སོགས་མཐུན་པའི་རྫས།། ཏིང་འཛིན་སྔཊ་དང་ཕྱག་རྒྱས་བྱིན་བརླབས་ནས།། རང་རང་འདོད་པའི་དངོས་པོར་གྱུར་བས་བསངས།།ཞེས་གསུངས་ཡོད་པ་དེ་ལས་མཐོང་ཐུབ་པ་ལྟར་བསང་གཏོང་བའི་བསང་རྫས་གཙོ་བོ་ནི། ཤུག་པ་དང་། སྟག་པ། སྤ་མ། བ་ལུ། མཁན་པ་སོགས་དྲི་བཟང་ལྡན་པའི་རྩི་ཤིང་གི་རིགས་ཡིན་ཅིང་། བསང་ལ་དང་དོད་ཆེ་བ་ཚོས་ཙན་དན་དཀར་དམར་དང་། ཨ་ཀ་རུ། གུར་ཀུམ། སྤང་སྤོས་སོགས་ཀྱང་བསྲེ་མཁན་ཡོད། བསང་རྩམ་ནི་གཙོ་བོ་རྩམ་པ་དང་མར་བསྲེས་ཀྱིས་བསང་མེའི་ཐོག་ཏུ་འདེབས་པ་དང་། ད་དུང་ཇ་ཕུད་དང་ཆང་ཕུད། གྲིབ་སེལ་གྱི་ཆབ་འདེབས་པ་སོགས་ཀྱང་བྱེད་སྲོལ་ཡོད་དེ། བསང་དུད་གདུག་པ་དང་ཆང་ཕུད་སོཊ་ཀྱི་ཆབ་འདེབས་པ་དེས་དོན་དངོས་ཐོག་ཡུལ་ཁམས་ཀྱིམབཙོག་གྲིབ་སེལ་བར་བྱེད་ཅིང། མཁའ་དབུགས་དག་གཙང་དུ་འགྲོ་བ།མི་ཕྱུགས་ཐམས་ཅད་བདེ་ཐང་ཡོང་བར་འཕྲོད་བསྟེན་གྱི་ནུས་པ་ངེས་ཅན་ཐོན་གྱིན་ཡོད། ཡང་བཤད་སྲོལ་ཞིག་ལ་བསང་རྫས་གྲ་སྒྲིག་བྱེད་དུས་རང་ཉིད་ཀྱིས་མཆོད་སའི་ལྷ་ཉིད་ཀྱི་དགའ་ཁ་འཁྱེར་སོ་དང་བསྟུན་ ནས་བསང་མཆོད་བྱས་ན་ཕན་ཡོན་ཆེ་བར་བཤད་པས་བསང་རྫས་ལ་ཤུག་པ་སོགས་རྩི་ཤིང་གི་རིགས་དང་ཟས་རིཊ་སྣ་ཚོགས་ལས་གཞན་རིལ་བུ་དཀར་གཏོར་བཟོས་ཏེ་བསང་མཆོད་བྱེད་པས་ཁྱིམ་བསང་ལས་བསང་རྫས་གྱ་ནོམ་པ་ཞིག་གྲ་སྒྲིག་བྱེད་དགོས།རིལ་བུ་དཀར་གཏོར་ནི་རྩམ་པ་དང་མར། ཀ་ར་བྱེ་མ་གསུམ་བརྫིས་ནས་སྡེར་མ་གཙང་མ་ཞིག་གི་ནང་དུ་གཏོར་མ་ཆུང་ཆུང་གསུམ་བཟོས་པ་དང་ལྷག་མ་དེས་རིལ་བུ་ཆུང་ཆུང་མང་པོ་བཟོས་ཏེ་གཏོར་མའི་མཐའ་བསྐོར་དུ་བླུགས་རྗེས་ཀ་ར་དང་སིལ་ཏོག་མེ་ཏོག་སོགས་ཀྱིས་བརྒྱན་པ་དེ་ཡིན། རིལ་བུ་དཀར་གཏོར་བཟོ་དུས་གཙང་མ་བྱེད་རྒྱུ་གལ་ཆེ་ལ་བཟོ་མཁན་གྱིས་དཀར་གཏོར་བཟོས་ཚར་རག་བར་དུ་སྐད་ཆ་བཤད་མི་རུང་།རྒྱུ་མཚན་ནི་དེའི་ནང་དུ་ཁ་ཆུ་འཐོར་བའམ་ཁ་རླུང་སོགས་ཀྱིས་བཙབ་དང་དུས་ཆེན་དང་མཛད་སྒོའི་སྐབས་སུ་དམར་བསང་ཕུལ་ནས་ཡུལ་ལྷ་གཞི་བདག་ཉེས་པར་བྱེད་པ་ཡིན། ཁྲི་ཀའི་དྲུག་གི་ལྷ་རྩེའི་དུས་དང་སྡེ་བའི་དོན་དག་གལ་ཆེན་ཞིག་གཞི་བདག་ལ་སྐྱབས་བཅོལ་དུས་སྡེ་བ་སོ་སོའི་དཀར(དམར)བསང་ཕུད་དེ་ཡུལ་ལྷ་གསོལ་བ་ཡིན། བསང་ལ་བསང་རྫས་ཀྱི་སྒོ་ནས་དབྱེ་ན། དཀར་བསང་དང་དམར་བསང་གཉིས་ཡོད་ཅིང་། དཀར་བསང་ལའང་ཁྱིམ་ཚང་གིས་དགོངས་ཞོགས་སུ་རྒྱུན་བསང་གཏོང་བ་ཁྱིམ་བསང་དང་། གཟའ་སྐར་ལེགས་པ་དང་བསྟུན་ནས་ལྷ་རི་མཐོ་སར་བསང་གཏོང་བ་ལ་རི་བསང་། སྡེ་བ་ཐུན་མོང་དང་དུས་སྦྱོར་ལེགས་པའི་ཉིན་མོ་བསང་གཏོང་བ་ལ་སྤྱི་བསང་ཞེས་སུ་དབྱེར་ཡོད། བསང་གཏོང་སྐབས་ཐོག་མར་རྫས་སྣ་ཅི་རིགས་གྲ་སྒྲིག་གང་ལེགས་བྱེད་པ་སྟེ། ཚད་ཆུང་བའི་ཁྱིམ་བསང་ལྟ་བུ་ཕུད་ན་དེ་དང་མཉམ་པའི་བསང་རྫས་སྟབས་བདེ་ཞིག་གིས་ཆོག་མོད། འོན་ཀྱང་བསང་རིགས་སྤྱི་ལ་ཚང་དགོས་པའི་ཕྱེ་མར་དང་ཤུག་པ། ཆབ་གཙང་ནི་བསང་ཕུད་དུས་ངེས་པར་དུ་ཚང་དགོས། དེ་ཡང་བསང་གཏོང་བ་དེ་ནི་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་གཙོ་བོ་མི་ཡུལ་གྱི་བཙོག་གྲིབ་མཐའ་དག་སེལ་ནས་ལྷ་སྤྱན་འདྲེན་པའི་སྔོན་འགྲོའི་ཆོ་གར་བརྩི་བ་ཡིན་ཅིང་། བསང་ཕུད་པར་ཐོག་མར་བསང་རྫས་གྱ་ནོམ་པ་ཞིག་གྲ་སྒྲིག་བྱེད་རྒྱུ་ནི་སྔོན་འགྲོའི་ལས་ཀ་ཡིན་ལ། དེ་ལ་དྲི་ཞིམ་རྩི་ཤིང་གི་རིགས་དང་དཀར་གསུམ་མངར་གསུམ་གྱི་ཟས་རིགས་སྣ་ཚོགས། དར་གོས་དང་ཁ་བཏགས།མེ་ཏོག་སོགས་མཆོད་རྫས་ཇི་སྙེད་ཡིན་ཆོག
གཉིས།     ཡུལ་གསོལ་བ་དང་ལྷ་བསང་གཏོང་བའི་བརྒྱུད་རིམ་བརྗོད་པ།
            བསང་གཏོང་བའི་བརྒྱུད་རིམ་ནི། སྤྱིར་བཏང་དུ་ཐོག་མར་བསང་ཁུང་དུ་ལྕི་བ་འབར་ཚར་བའི་མེ་རོ་འཇོག་པ་དང་། དེའི་སྟེང་དུ་ཤུག་པ་སོགས་གཙང་བའི་ཤིང་རིགས་བཞག་སྟེ་མེ་སོས་ཙམ་བྱས་ནས་དུ་བ་འཕྱུར་དུས་ཕྱེ་མར་ཁེམ་བུ་གསུམ་བླུགས་ཏེ་ཀ་ར་སིལ་ཏོག ཁ་བཏགས། མེ་ཏོག་དང་། ཞོ། འོ་མ་སོགས་གང་ལེགས་འཇོག་པར་བྱེད། མཇུག་ཏུ་ཆབ་རྒྱག་པ་ཞེས་ཤུག་པ་ཆུང་ངུ་ཞིག་ཆུ་དང་འོ་མ་གང་རུང་གི་ནང་དུ་བསྒྲེ་སྟེ་བསང་མགོར་བཞག་རྗེས་ཌ་རུ་དང་སིལ་སྙན་སོགས་རོལ་མོའི་རིགས་དཀྲོལ་བ་དང་སྤོས་སོགས་དྲི་ཞིམ་ཀྱི་རིགས་མཆོད་པ་ནི་སྤྱིར་བཏང་གི་ཁྱིམ་བསང་གཏོང་སྐབས་ཀྱི་རྣམ་པ་ཡིན་ལ། རྣམ་པ་ཆུང་བའི་ཁྱིམ་བསང་ལྟ་བུར་མཚོན་ན། ཁྱིམ་དེའི་ཁྱིམ་ལྷ་དང་ཡུལ་ལྷ་གཞི་བདག་ལ་སྐྱབས་བཅོལ་ཏེ་ཁྱིམ་མིས་ཁ་ལས་རླུང་རྟ་དར་ཞིང་དོན་ཀུན་འགྲུབ་པའི་སྨོན་ལམ་དུ་གསོལ་འདེབས་དང་སྐྱབས་འཇུག་ཞུ་བ་ཡིན། དེ་མིན་རི་བསང་དང་སྤྱི་བསང་སོགས་གཞུང་སྡེས་ཕུད་སྐབས་བསང་གི་རྣམ་པ་དང་ཁྱད་ཆོས། ཕན་ནུས་སོགས་ཀྱི་གཞི་རྒྱ་ཆེ་རུ་ཕྱིན་ཡོད་ཅིང་བླ་མ་དང་རིན་པོ་ཆེའི་ཞལ་གསུངས་འོག་ཡི་དམ་ལྷ་དང་ཆོས་སྐྱོང་སྲུང་མར་སྐྱབས་སུ་བཅོལ་ནས་སེམས་ཅན་མ་ལུས་བདེ་བར་བསྐྱངས་ནས་ཕན་བདེ་བླ་ལྷག་ཏུ་བསྐྲུན་ཏེ་འགྲོ་མིའི་མཛད་འཕྲིན་ཆེར་བསྐྱངས་པར་བྱེད་པ་ཡིན་ཞིང་ལོ་དེར་ལོ་ལེགས་ཡོང་ཞིང་།   མི་ཕྱུགས་གཉིས་ཀར་ན་ཚ་མེད་པར་བདེ་ལམ་དུ་འདྲེན་པའི་སྨོན་ལམ་དུ་བསང་མཆོད་རྒྱ་ཆེར་བྱེད་པ་ཡིན། བསང་ཕུད་དུས་ཡུལ་ལྷ་གཞི་བདག་རྣམས་ཇི་ལྟར་སྤྱན་འདྲེན་ཞེ་ན།བསང་ཕུད་སྐབས་གཙང་ཆབ་ཐེངས་གསུམ་མཆོད་དེ་མཆོད་ཡུལ་གཞི་བདག་གི་མིང་ནས་ཐེངས་གསུམ་ངག་ནས་འབོད་པ་དང་། དེ་ནས་ལྷ་རེ་རེའི་མཚན་རྣམས་སྙན་པའི་དབྱངས་ལ་གྱེར་ནས་བོས་ཏེ་སྐད་ཅིག་མྱུར་དུ་གནས་འདིར་སྤྱན་དྲོངས་ཞེས་གསོལ།དེའི་རྗེས་སུ་མུ་མཐུད་དུ་རང་ཉིད་ཀྱིས་སྒོ་གསུམ་གྱི་དད་པ་རྩེ་གཅིག་གཏད་དེ་སྤྱན་དྲངས་པའི་ལྷ་ཚོགས་ལ་སྐྱབས་བཅོལ་བྱེད་རྒྱུ་དེ་ཡིན། དཔེར་ན། ཤར་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་གསུམ་པས་ཆོས་དབྱིངས་བདེ་བ་མ་རུ་ཀྱེེ་ཕུན་ཚོགས་འདོད་ཡོན་ལྔ་ལྡན་པའི།། བདུད་རྩི་རྒྱ་མཚོའི་བསངས་མཆོད་འདིས།། ས་ཡི་ལྷ་མོ་བསྟན་མ་བསངས།། སྟོང་གསུམ་གཞི་བདག་ཐམས་ཅད་བསངས།། ཚེ་རིང་མཆེད་ལྔ་བསྟན་སྐྱོང་བཅས།། གངས་ཅན་གནས་པ་ཐམས་ཅད་བསངས།། ལྷ་ཆེན་རྨ་རྒྱལ་སྦོམ་རྭ་བསངས།། ཡུམ་ཆེན་གོང་མ་ལྷ་རི་བསངས།། ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་བསངས།། སྲས་དང་སྲས་མོ་དགུ་དགུ་བསངས།། སུམ་བརྒྱ་དྲུག་ཅུའི་འཁོར་ཚོགས་བསངས།། ཡུལ་འཁོར་ལྷ་ཀླུ་གཉན་དམག་བསངས།། གཉན་ཆེན་སེ་ཀུ་བྱ་ཁྱུང་བསངས།། གསང་ཡུམ་ཇ་འདྲེན་ཆང་འདྲེན་བསངས།། རྟ་འཛིན་མཛོད་འཛིན་ལ་སོགས་པའི།། གཞན་ཡང་གཡུ་འབྲོང་ཁྱུང་གསུམ་བསངས།། ཡང་རྩེ་ཚེས་རི་སྤུན་གསུམ་བསངས།། བྲག་དཀར་སྤུན་གསུམ་འཁོར་དང་བཅས།། གླེ་ཞུར་གནད་སྨན་ཕྱུག་མོ་བསངས།། སེ་རྒོད་གཉན་རི་དཔལ་རི་བསངས།། གཡུ་གུ་ཁམ་པ་ཐོང་རྩེ་བསངས།། སྟག་ལུང་གྱོ་མོ་གཉན་དམར་བསངས།། ཁྲབ་ཆེན་གོང་མོ་ཟ་ལུང་བསངས།།རེབ་གོང་ཕུ་མདོའི་ཉིན་སྲིབ་ཀྱི།། ལྷ་དང་ལྷ་མིན་གནོད་སྦྱིན་ཚོགས།། དྲི་ཟ་གྲུལ་བུམ་མིའམ་ཅི།། ལྟོ་འཕྱེ་ཆེན་པོ་ལ་སོགས་པའི།། མི་མིན་འབྱུང་བོ་ཇི་སྙེད་པ།། ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི།། ཡུལ་ལྷ་གཞི་བདག་རྣམས་ལ་བསྔོ།། ཞེས་གསུངས་པ་ལྟར་ཁྲི་ཀའི་ས་ཁུལ་གྱི་ཡུལ་ལྷའམ་གཞི་བདག་རྣམས་སྐད་ཅིག་ཉིད་དུ་གནས་དེར་སྤྱན་དྲངས་ནས་་དུང་འབུད་པ་དང་རྔ་བརྡུང་བ། དྲིལ་བུ་དཀྲོལ་བ་སོགས་བྱས་པ་དང་ཆབས་ཅིག་ཆོས་ཀྱི་འདོན་སྐད་རྒྱུན་མ་ཆད་པར་བྱས་ནས་གདོན་བགེགས་ཞི་བར་བྱེད་པ་དང་། ཕ་རོལ་བའི་གདུལ་བྱ་གང་དག་མཐར་བསྐྲད་དེ་དགེ་བའི་ལས་འབྲས་དང་བདེ་བ་ཐོབ་པར་བྱས་ཏེ་སྡེ་འདིའི་སེམས་ཅན་ཀུན་མི་ལ་ན་ཚ་མེད་ཅིང་།ཕྱུགས་ལ་གོད་ཁ་དབེན་པའི་སྐྱབས་དང་མགོན་དུ་རེ་བར་བྱེད་པ་ཡིན། རི་བསང་དང་སྤྱི་བསང་གཉིས་ཀྱི་བསང་ཕུད་པའི་བརྒྱུད་རིམ་ཡང་ཕལ་ཆེར་ཁྱིམ་བསང་གཏོང་དུས་ཀྱི་བར་བརྒྱུད་རིམ་དང་མཚུངས་མོད།རི་བསང་དང་སྤྱི་བསང་གཉིས་ཀ་ནི་རྣམ་པ་ཁྱིམ་བསང་ལས་རྒྱ་ཆེ་བ་དང་།རི་བསང་ཕུད་དུས་ངེས་པར་དུ་རི་ལྷ་གནས་སའི་རི་ཞིག་གི་མགོར་སོང་ནས་བསང་ཕུད་དགོས་ལ། སྡེ་བ་སོ་སོར་ངེས་གཏན་གྱི་རི་བསང་ཕུད་ས་རེ་ཡོད། རི་བསང་ཕུད་དུས་ཐོག་མར་ཤུག་པ་དང་སྤ་མ། བ་ལུ་སོགས་དྲི་ཞིམ་རྩི་ཤིང་གི་རིགས་རྣམས་མེར་བསྒྲོན་པ་དང་ཕྱེ་མར་མང་ཙམ་བླུགས་རྗེས་ཟས་རིགས་སྣ་ཚོགས་དང་ཁ་བཏགས་སོགས་བཞག་རྗེས་རིལ་བུ་དཀར་གཏོར་འཇོག་པར་བྱེད། རིལ་བུ་དཀར་གཏོར་ནི་རི་བསང་ཕུད་དུས་ངེས་པར་དུ་ཚང་དགོས་པའི་བསང་རྫས་ཤིག་ཡིན།རི་བསང་གི་རྣམ་པ་ནི་བསང་ཆེན་པོ་ཞིག་གི་རྗེས་སུ་བསང་ཆུང་ཆུང་མང་པོ་ཕུད་པ་ཡིན་ཏེ། གལ་སྲིད་ཚེས་བཅུ་གསུམ་ལ་ཁེལ་ཡོད་ན་བསང་ཆེན་པོ་ཞིག་གི་རྗེས་སུ་བསང་ཆུང་ཆུང་བཅུ་གཉིས་ཕུད་པ་ཡིན་ལ།བསང་ཕུད་ནས་བསང་དུད་ལང་ལོང་འཕྱུར་དུས་བསང་ཕུད་མཁན་རྣམས་ཀྱིས་ཀི་བསྭོ་སྒྲོག་པ་དང་བསང་དཔེ་འདོན་པ། དུང་འབུད་པ། ཤོག་སྦག་རྒྱག་པ། གསེར་སྐྱེམས་མཆོད་པ། རླུང་རྟ་སྤུར་བ་སོགས་བྱེད། སྤྱི་བསང་ནི་སྡེ་བ་གཞུང་གིས་མཉམ་གཅིག་ཏུ་ཡུལ་ལྷ་ཁང་དུ་བསང་མཆོད་བྱེད་པ་དེར་བརྗོད་པ་ཡིན་ལ། སྡེ་བའི་དོན་དག་གལ་ཆེན་ཞིག་ཐག་གིས་གཅོད་དུས་སྤྱི་བསང་ཕུད་པ་དང་། ལྷ་ཕབ་ནས་ཡུལ་ལྷ་གཞི་བདག་ལ་སྐྱབས་སུ་བཅོལ་ཏེ་མོ་འདེབས་པའི་ཐབས་ལ་བརྟེན་ནས་དོན་དག་ཐག་གཅོད་བྱེད། སྤྱི་བསང་ཕུད་དུས་བརྒྱུད་རིམ་ནི་རི་བསང་དང་ཆ་མཚུངས་ལ། མི་འདྲ་ས་གཅིག་པུ་ནི་རི་བསང་ཡིན་ན་རི་མགོ་ནས་ཕུད་པ་དང་སྤྱི་བསང་ནི་ཡུལ་གྱི་ལྷ་ཁང་སོགས་ནས་ཕུད་པ་དེ་ཡིན།

————————————

བཀྲ་ཤིས་འཚོ།       ༼ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན༽

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།