ཡར་ཀླུང་གཙང་པོ་བྱ་བའི་ཐ་སྙད་ལ་དཔྱད་ཙམ་བྱས་པ།
རྩོམ་པ་པོ།  ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།    སྤེལ་དུས།  2012-09-22 12:10:17    རྡེབ་ཚད།     ཡོང་ཁུངས། ཀྲུང་གོའི་བོད་རིག་པའི་དྲ་བ།

       སྲིད་པའི་ཆུ་ཆེན་ཡར་ཆབ་གཙང་པོ་འདི་ནི་བོད་ཡུལ་ས་མཐོའི་ཐོག་ནས་འབབ་པའི་ཆུ་བོ་ཆེ་ཤོས་དེ་ཡིན་ལ། བོད་མི་རིགས་འབྱུང་འཕེལ་དང་། འཚོ་གནས། གསོ་སྐྱོང་བཅས་ཀྱི་བྱམས་ལྡན་སྐྱེད་མ་འབའ་ཞིག་ཡིན་པ་མ་ཟད། གངས་ཅན་སཱ་ལའི་སྨན་ལྗོངས་འདི་ཉིད་ཀྱི་སྣོད་བཅུད་ཡོད་དོ་ཅོག་གི་ཚེ་སྲོག་གམ། ཡང་ན་འགྱུར་བ་མེད་པའི་མཚོན་རྟགས་ལྟ་བུ་ཞིག་ཀྱང་ཡིན། ཆུ་ཀླུང་ཆེན་པོ་འདིའི་གཏན་རྒྱུད་ནི་བོན་གྱི་གནའ་རབས་སྲིད་པའི་ཆགས་རབས་སམ་གཤེན་རབ་མི་བོ་ཆེའི་འཁྲུངས་རབས་དང་། དེ་བཞིན་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད། བོད་དུ་ནང་བསྟན་དར་ཚུན་གྱི་བཤད་རྒྱུན་སོགས་ལས་གངས་ཏེ་སིའམ་མཚོ་མ་ཕམ་དང་འབྲེལ་བའི་རང་རང་གི་འདོད་ཚུལ་འདྲ་མིན་སྣ་ཚོགས་རྒྱས་པར་བཤད་ཡོད་པ་སོ་སོའི་གཞུང་ལ་གསལ་བ་ལྟར་འདིར་བསྐྱར་དུ་སྤྲོ་བའི་དགོས་པ་མ་མཆིས་ཤིང་། འདི་གར་ད་ལམ་གླེང་བའི་བརྗོད་གཞི་གཙོ་བོ་ནི་དུས་ཕྱིས་སྲིད་པའི་ཆུ་ཀླུང་དེ་ལ་ཡོངས་ཁྱབ་ཏུ་“ཡར་ཀླུང་གཙང་པོ་”ཞེས་གྲགས་པའི་མཚན་ལྡན་གྱི་ཐ་སྙད་འདི་ཇི་ལྟར་ཆགས་པ་དང་། དེའི་གོ་དོན་གང་ཡིན་པ་བཅས་ལ་དཔྱད་ཞིབ་བྱ་རྒྱུ་དེ་ཡིན། འོན་ཀྱང་གོང་གསལ་གཏམ་རྒྱུད་དེ་དག་གི་ནང་ཐ་སྙད་དེ་མ་གསལ་བ་མ་ཟད། དེ་མིན་ཡིག་ཆ་གཞན་ལས་བཤད་པའང་ཐོས་ཆུང་བདག་གི་དབང་པོའི་སྤྱོད་ཡུལ་དུ་མ་གྱུར་མོད། ཉེ་རབས་སུ་གསར་བསྒྲིགས་གནང་བའི་《བོད་རྒྱ་ཚིག་མཛོད་ཆེན་མོ་》ཞེས་བྱ་བའི་ནང་། “ཡར་ཀླུངས་”གཙང་པོ། བོད་དུ་ཡོད་པའི་གཙང་པོ་ཆེ་ཤོས་ཤིག་གི་མིང་། གཙང་པོ་དེ་མངའ་རིས་ས་ཁུལ་ཁོངས་སྤུ་ཧྲེང་རྫོང་གི་མཚོ་མ་ཕམ་ཤར་རྒྱུད་ནས་འབབ་ཅིང་། གཙང་པོ་དེའི་སྟོད་རྒྱུད་ལ་རྟ་མཆོག་ཁ་འབབ་ཟེར། དེ་ནས་གཙང་གི་ས་ཆ་བརྒྱུད་ལྷོ་ཁ་ས་ཁུལ་ཁོངས་སྣེ་གདོང་རྫོང་གི་ཡར་ཀླུངས་ཡུལ་དུ་འབབ་སྐབས་ཡར་ཀླུངས་གཙང་པོ་ཟེར། དེ་ནས་མུ་མཐུད་ཀྱིས་ཤར་ཕྱོགས་སུ་བབ་སྟེ། ཀོང་པོ་ཉིང་ཁྲི་ས་ཁུལ་ཁོངས་མེ་ཏོག་རྫོང་གི་ཉེ་འདབས་ནས་ཁ་ལྷོ་ཕྱོགས་ལ་གཏད་ནས་ཧིན་རྡུ་དང་། བྷང་ག་ལ་བརྒྱུད་ཧིན་རྡུ་རྒྱ་མཚོར་འབབ་གྱིན་ཡོད། གཙང་པོ་འདིའི་རྒྱུད་ཀྱི་བོད་ཡུལ་ས་ཁུལ་ཁག་ལ་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་གནམ་གཤིས་ཡག་པོ་ཡོད་པས། བོད་ཀྱི་མི་རིགས་ཐོག་མར་ས་ཁུལ་དེ་ནས་འཕེལ་རྒྱས་བྱུང་བ་དང་། གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོའི་བར་གྱི་སྲིད་དོན་ལྟེ་གནས་ཤིག་རེད་” 【1】ཅེས་གསལ་བ་ཕར་བལྟ་དུས་འགྲེལ་བཤད་ཁ་གསལ་ལ་རྒྱས་བསྡུས་རན་ཙམ་ལྟ་བུ་ཞིག་མཛད་འདུག་སྙམ་པ་བྱུང་རུང་། ཞིབ་ཏུ་བསམ་སྐབས་སྲིད་པའི་ཆུ་ཀླུང་དེ་ཉིད་“ལྷོ་ཁ་ས་ཁུལ་ཁོངས་སྣེ་གདོང་རྫོང་གི་ཡར་ཀླུངས་ཡུལ་དུ་འབབ་སྐབས་ཡར་ཀླུངས་གཙང་པོ་ཟེར་”ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་དེ་ལ་རྨོངས་རྟུལ་ཁོ་བོས་བསམ་གཞིག་ཇི་ཙམ་བགྱིས་ནའང་། སྔར་གྱི་གཏམ་དཔེ་ལ་“འདྲ་པོ་ཡོད་ཀྱང་། འགྲིག་པོ་མི་འདུག་”ཟེར་བ་ལྟར་མི་རྣམས་ཀྱི་བློ་དོགས་ཆོད་ཐུབ་པའི་ངེས་ཤེས་འདྲོངས་པོའི་ངོས་འཛིན་ཞིག་གང་ལྟར་རྙེད་མ་སོང་། དེ་ཡང་གཅིག་ནས་ཚིག་མཛོད་ཆེན་མོའི་ནང་“ཡར་ཀླུངས་གཙང་པོ་”ཞེས་པའི་མིང་དེ་ལྷོ་ཁ་ཁུལ་གྱི་ཡུལ་ཡར་ལུང་ལ་བརྟེན་ནས་ཐོགས་པ་ཡིན་ཚུལ་དེ་ཚད་ལྡན་ཡིན་རིགས་གང་ཞིག་ལས་འབྱུང་བའི་ལུང་ཁུངས་གསལ་སྟོན་གནང་མེད་པ་དང་། གཉིས་ནས་ཚིག་མཛོད་དེའི་ནང་“གཙང་པོ་དེའི་སྟོད་རྒྱུད་ལ་རྟ་མཆོག་ཁ་འབབ་ཟེར། དེ་ནས་གཙང་གི་ས་ཆ་བརྒྱུད་ལྷོ་ཁ་ས་ཁུལ་ཁོངས་སྣེ་གདོང་རྫོང་གི་ཡར་ལུང་ཡུལ་དུ་འབབ་སྐབས་ཡར་ཀླུངས་གཙང་པོ་ཟེར……”ཞེས་གསལ་བ་བཞིན་ཡར་ཀླུང་གཙང་པོ་དེ་ཡར་ལུང་ཡུལ་དུ་འབབ་སྐབས་ཀྱི་མིང་ཙམ་ཞིག་ཡིན་ན། དེ་མན་ཆད་ཀྱི་གཙང་པོ་དེའི་མིང་ལ་གང་ཞིག་བརྗོད་དགོས་པ་སོགས་མི་རྣམས་འཕྱང་མོའི་དྲ་བར་ཚུད་པའི་དོགས་གཞི་དུ་མ་ཞིག་མི་སྐྱེ་བ་ག་ལ་སྲིད། དེས་ན་རང་རེའི་འཛམ་གླིང་ཡང་རྩེར་གནས་པའི་ཕ་ཡུལ་ལམ། ཡང་ན་བོད་མི་རིགས་ཀྱི་མཚོན་རྟགས་ཡ་གྱལ་འདི་ལྟ་བུའི་མིང་གི་འབྱུང་ཁུངས་སམ་གོ་དོན་གང་ཡིན་པའི་བཤད་ཚུལ་ཐད། མ་དག་རྒྱུན་འབྱམས་སུ་འགྱུར་གཞིའི་རིགས་ཆགས་ཉེན་ཡོད་དེ་དཔེར་ན་ཉེ་ཆར་《བོད་ལྗོངས་ཉིན་རེའི་ཚགས་པར་》ཐོག ལྷོ་ཁའི་ཟངས་རི་རྫོང་གི་རྡོ་ཀ་མ་རུ་ལས་སྣོན་བཟོ་གྲྭ་བཙུགས་པའི་གནས་ཚུལ་ནང་“……ཡར་ལུང་གཙང་པོའི་འགྲམ་ངོགས་སུ་ལྷོ་ཁ་ས་ཁུལ་གྱི་རྡོ་ཀ་མ་རུ་དང་འཛེང་རྡོའི་རྡོ་ལེབ་ལས་སྣོན་བཟོ་གྲྭ་……” 【2】ཞེས་གསར་དུ་ཐོན་འགོ་ཚུགས་པ་སོགས་མི་རབས་རྗེས་མ་རྣམས་འཁྱོག་ལམ་དུ་འཕྱན་སྲིད་པ་མ་ཟད། འཛམ་གླིང་ཐོག་བོད་རིག་པ་ཞིབ་འཇུག་གི་བྱ་གཞག་ཁྲོད་དུའང་ཤུགས་རྐྱེན་བཟོ་སྲིད་སྟབས། རང་རེས་རྩ་བའི་ཐ་སྙད་འབྱུང་གཞིར་ལུང་རིགས་ཀྱི་རྒྱབ་རྟེན་ངེས་རྙེད་མ་བྱུང་བའི་རིགས་ལ་འདི་ཡིན་ཁ་ཚོན་གཅོད་པ་སྔ་དྲགས་རྒྱུ་མེད་པར་བཤས་ཚུལ་དང་རྒྱུ་མཚན་འདྲ་མིན་རྣམས་བརྟག་དཔྱད་ཞིབ་འཇུག་གི་ས་བོན་དུ་བཏོན་ཏེ། ཐུན་མོང་ཐོག་དཔྱད་བསྡུར་བགྲོ་གླེང་དང་འཚོལ་ཞིབ་དགོས་པ་གལ་ཧ་ཅང་ཆེ་བར་བརྟེན་དེའི་སྐོར་རང་ཉིད་ཀྱི་ཐོག་མའི་བསམ་ཚུལ་འགའ་ཞིག་དཔྱད་གཞི་ཙམ་གྱི་རྒྱུ་ཆར་དམིགས་ནས་ཟོལ་མེད་ཀྱིས་ཞུ་རྒྱུ་ཡིན།

གཅིག

      དང་ཐོག་རང་ཅག་བོད་མི་རིགས་ཀྱི་གདོད་མའི་ཕ་ཡུལ་དུ་གྲགས་པའི་ལྷོ་ཁ་ས་ཁུལ་གྱི་ཡར་ལུང་ཞེས་པའི་ཡུལ་མིང་དེ་ལ་ཡར་ལུང་དང་ཡར་ལུངས། ཡར་ཀླུང་ངམ་ཡར་ཀླུངས་བཅས་འབྲི་སྲོལ་མི་འདྲ་བ་བཞི་ཙམ་མཆིས་པ་དེ་དག་གི་ནང་ནས་གང་ཞིག་ཡང་དག་པ་ཡིན་པའི་ཐད་ལ་དབྱེ་ཞིབ་ཅིག་བྱེད་དགོས་འདུག་སྙམ། གང་ཡིན་ཞེ་ན་བོད་ཀྱི་སྐད་ཡིག་གི་གཞུང་ལུགས་ལྟར་ན་ཀླུང་དང་ལུང་གཉིས་ཀ་རི་སྒང་མ་ཡིན་པའི་གཤོང་སའམ། ཡང་ན་རི་གཉིས་དབར་གྱི་གཞུང་ས་ཡངས་པ་ལ་གོ་བ་འདྲ་མཚུངས་ཡིན་པའི་བཞེད་སྲོལ་ཞིག་མཆིས་མོད། འོན་ཀྱང་དག་ཡིག་ལ་ལའི་ནང་“ཀླུང་། ཆུ་ཀླུང་ཆེན་པོ་སྐྱིད་ཆུ་ལྟ་བུ་” 【3】ཞེས་དང་ཡང་“ཀླུང་། ཆུ་བོ་ཆེན་པོའི་མིང་སྟེ། ཆུ་ཀླུང་། རི་ཀླུང་ཞེས་པ་ལྟ་བུ་” 【4】ཞེས་འཁོད་པ་སོགས་ཀླུང་ནི་གཙོ་བོ་འབབ་ཆུ་ཆེན་པོའི་མིང་ལ་གྲགས་པ་དེའི་ཆ་ནས་བཤད་ན། ལུང་ཞེས་པ་ནི་ལུང་པ་ཞེས་པའི་ཐ་སྙད་ཀྱི་བསྡུས་ཚིག་ཡིན་སྟབས་དེ་ཆུ་བོར་འཇུག་ཐབས་ནམ་ཡང་མེད་པས་དེ་གཉིས་ཀྱི་གོ་དོན་ལ་ཁྱད་པར་ཆེན་པོ་ཞིག་ཡོད་པ་གོར་མ་ཆག དེར་བརྟེན་འདིར་“ཡར་”གྱི་ཚིག་གྲོགས་དེ་ཡང་སྙིང་“ལུང་”ངམ་“ལུངས་”གང་ཡིན་དང་། ཡང་ན་“ཀླུང་”ངམ་“ཀླུངས་”གང་ཡིན་ཞིབ་འཇུག་ཅིག་མི་བྱེད་ཀ་མེད་དུ་གྱུར། དེ་ཡང་སྲིད་པའི་ས་མིང་དང་ཆུ་མིང་དེ་དག་ལ་དཔྱོད་སྐབས་གཙོ་བོ་གནའ་དུས་དང་སྔ་རབས་ཀྱི་ཡིག་རྙིང་འབའ་ཞིག་ལ་བརྟེན་རྒྱུ་ལས། བྱེད་ཐབས་ལྷག་པོ་གཞན་མ་མཆིས་པར་བརྟེན་ཡར་ལུང་གི་ཡུལ་མིང་སྐོར་གསལ་བའི་ཡིག་རྙིང་ཁག་གཅིག་ལ་བལྟ་ཞིབ་ཞུས་པ་གཤམ་གསལ།

༡. བོད་ཀྱི་གནའ་རབས་རིག་གནས་དང་ལོ་རྒྱུས་མཐའ་དག་གི་ཁུངས་འཛིན་ས་ཡང་དག་རྩོད་མེད་འབའ་ཞིག་ཏུ་བརྩི་བའི་བཙན་པོའི་སྐབས་ཀྱི་དུས་རབས་དེ་རང་གི་མིས་བྲིས་པའི་ཡི་གེ་སྟེ། སྐབས་དེའི་རྡོ་རིང་ཁག་དང་བྲག་བརྐོས་ཡི་གེ། དེ་བཞིན་ལྕགས་རིགས་ལུགས་མའི་དྲིལ་བུ་སོགས་ཀྱི་ཐོག་འཁོད་པའི་ཡི་གེ་སོགས་བདག་གི་འདྲེན་བྱེད་ཀྱི་སྤྱོད་ཡུལ་དུ་གྱུར་རིགས་ནང་“ཡར་ལུང་”ཞེས་པའི་ཡུལ་མིང་དེ་འཁོད་པ་ད་ཕན་མ་རྙེད་ཀྱང་། རང་རྒྱལ་གྱི་ཏུན་ཧོང་ས་ཕུག་ནས་ཐོན་པའི་གནའ་རབས་ཡིག་རྙིང་གི་ཁྲོད་ནས་རྡོ་རིང་གི་ཡི་གེ་ལས་ཀྱང་སྔ་བ་སྟེ། བོད་ཀྱི་བཙན་པོ་འདུས་སྲོང་མང་པོ་རྗེའི་སྐུ་དུས་སུ་བཙན་པོས་མགར་གྱི་བུ་རྒྱུད་གློ་བ་རིང་པ་ལ་བཀའ་བཀྱོན་པའི་མགུར་གྱི་ནང་“……བྱང་པུ་ནི་ལུང་ཆུངས་ན། མཁར་ཁོལ་ནི་རྨང་བ་དང་། ཡར་ལུངས་ནི་པྱིང་ལུགས་ན། ལྷོ་རྔེགས་ནི་འཕན་པ་གཉིས། གང་འཕན་ནི་གག་རགས་པ། གཉི་ཟླ་ནི་ཡ་བིས་གཟིགས་……” 【5】ཞེས་འཁོད་པ་དེ་ནི་ད་ཕན་ཁོ་བོས་མཐོང་བའི་ཡར་ལུང་གི་མིང་ཚིག་སྔ་ཤོས་སུ་གྱུར་པ་དང་། ཁོ་བོས་མཇལ་མྱོང་བའི་ཏུན་ཧོང་གི་ཡིག་རྙིང་ནང་“ཡར་ཀླུང་”ངམ་“ཡར་ཀླུངས་”ཞེས་པའི་ཐ་སྙད་ཀྱི་འབྲི་སྲོལ་རྩ་བ་ནས་རྙེད་སོན་མ་བྱུང་མོད། འོན་ཀྱང་“མ་མཐོང་ཕྱིར་ན་མེད་པ་མིན་”ཞེས་གསུངས་པ་ལྟར་བདག་ལྟ་བུས་ཁ་ཚོན་གཅོད་ག་ལ་སྤོབས་ན་རང་ཅག་ཚང་མས་མུ་མཇུད་ནས་འཚོལ་ཞིབ་གནང་དགོས།

༢.དེ་ནས་བསྟན་པ་ཕྱི་དར་གྱི་རྗེས་བྲིས་པའི་བོད་ཀྱི་ལོ་རྒྱུས་ད་ཡོད་ཡིག་རིགས་སྔ་ཤོས་ཀྱི་གྲས་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་དུས་མཇུག་ཙམ་ཏུ་ཐོན་པའི་ཡིག་རྙིང་གྲགས་ཆེ་བ་《ལྡེའུ་ཆོས་འབྱུང་》ནང་ཞིབ་པར་བོད་དུ་བཀའ་ཁྲིམས་བཅས་པའི་སྐོར་“……རྒྱལ་པོ་སྲོང་བཙན་སྒམ་པོས་ཡུལ་ཡར་ལུང་སོག་ཁ་རུ་སྤུར་རྒྱལ་གྱི་མངའ་རིས་སུ་བསྡུས་པའི་བོད་ཐམས་ཅད་ཚོགས་ནས་བླའི་ཕོ་བྲང་ནི་ཕྱིང་བ་སྟག་རྩེ། ཇོ་མོའི་བཞུགས་གནས་ནི་དཔག་བསམ་གྱི་ལྕང་བུ་……” 【6】ཞེས་གསལ་བ་དང་། ཡང་བོད་ཀྱི་སྟོང་སྡེ་བགྲངས་སྐབས་“……གཡོ་རུའི་སྟོང་སྡེ་ལ། ཡར་ལུང་ལ་སྟོང་སྡེ་གཅིག་……” 【7】ཅེས་དང་། དེ་ནས་སྟོང་དཔོན་འདྲེན་སྐབས་སུའང་“……གཡོ་རུའི་སྟོང་དཔོན་ལ། ཡར་ལུང་འཆིངས་ལུང་གཉིས། སྙགས་དང་ཚེ་སྤོང་གི་སྟོང་སྡེ་……” 【8】ཞེས་སོགས་ཡིག་རྙིང་དེའི་ནང་དུ་ཡར་ལུང་རང་འཁོད་འདུག

 ༣.གོང་དང་དུས་རབས་སྔ་ཕྱི་ཧ་ལམ་མཚུངས་པའི་མྱང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་དུ། བོད་ཀྱི་མི་རིགས་ཐོག་མར་བྱུང་ཚུལ་གླེང་བའི་ནང་། “སྤྲེལ་ཕྲུག་བཞི་བརྒྱ་པོ་རྣམས་ལ་……འདི་རྣམས་ཟོ་དང་སྨྲས་པས་ཡུལ་ལ་སྔ་བ་ཡར་ལུང་ཟོ་དང་བྱ་བ་ཡིན་ནོ། དེ་ནས་དེ་རྣམས་དགའ་ཆེ་སྟེ་འདི་ལ་ལྟོས་ནས་ཟོ་དང་ཟེར་ཏེ་མུ་གེ་ཡར་བས་ཡར་ཀླུང་དུ་གྲགས་སོ་……” 【9】ཞེས་གསལ་བ་ལྟར་ཡར་ལུང་དང་ཡར་ཀླུང་གདམ་ང་ཅན་དུ་བཞེད་པ་ལྟ་བུར་སྣང་།

 

 

༤.བོན་གྱི་ལོ་རྒྱུས་《བྱམས་མ་རིགས་སྐྱོབ་》ལས། གཉའ་ཁྲི་བཙན་པོ་བྱོན་པའི་བརྒྱུད་རིམ་ནང་དུའང་“……ལྷ་རི་གྱང་ཐོའི་ཁ་ནས་ཡར་ལུང་སོག་ཁར་བབས་……” 【10】ཞེས་གསལ་བ་དང་། དེ་བཞིན་བོན་གྱི་《ཡོངས་རྩེའི་འགྲེལ་པ་》སོགས་ལས་ཀྱང་“……རྟ་སྤྲིན་དང་ན་བུན་གཏིབ་པའི་གསེབ་ནས་བྱོན་ཏེ། གནས་གཙང་མ་ཡར་ལུང་སོག་ཁ་ལ་གཟིགས་ནས་བབས་སོ་……” 【11】ཞེས་འཁོད་པ་གོང་གསལ་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་དང་མཐུན་པར་སྣང་།

༥.སྤྱི་ལོའི་དུས་རབས་བཅུ་གཉིས་པའི་སྨད་ཆར་ས་སྐྱ་བ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་《རྒྱལ་རབས་》ཞེས་པ་ལོ་རྒྱུས་ཁུངས་བཙན་དུ་བརྩི་བའི་ཡིག་རྙིང་བྲིས་མ་དེའི་ཤོག་གྲངས་བདུན་པའི་རྒྱབ་ངོས་སུ། གནམ་ལྡེ་འོད་སྲུངས་སྐོར་“……ཤིང་མོ་གླང་ལ་ཡར་ལུངས་འཕང་ཐང་འདས།……”ཞེས་དང་ཡང་ལྡེ་གསུམ་གྱི་རྒྱལ་རྒྱུད་སྐབས་དེར་གང་དུ་ཡོད་མེད་སྟོན་སྐབས་“……བར་པ་འོད་ལྡེའི་རྒྱུད་ནི་གྲོམ་པ་བ་། སྲད་པ། ཉང་སྟོད་པ། ཡར་ལུངས་ཀྱི་ལྷ་ཆེན་དཔལ་འབར་བ་ལ་སོགས་པ་རྣམས་ཡིན་ནོ་……” 【12】ཞེས་འཁོད་ཡོད་དོ། །

༦.《སྦ་བཞེད་》ལྕགས་པར་མ་ལས།“སློབ་དཔོན་གྱི་ཞལ་ནས། ད་ཞིང་བྱའོ་གསུངས་པས། ཞིང་ཡར་ཀླུངས་གིས་ཆོག་……” 【13】ཅེས་གསལ་ལོ། །

༧.དུས་རབས་བཅུ་གསུམ་པའི་ནང་ལྡེའུ་ཇོ་སྲས་ཀྱིས་མཛད་པའི་ཆོས་འབྱུང་དུ་བཙན་པོ་འབྲོ་གཉེན་ལྡེ་རུ་སྙུན་གྱིས་ཟིན་མཐར་བློན་པོ་སྙགས་སྣུབ་གཉིས་དང་བཅས་པ་“ཡར་ལུངས་ཞང་མདར་མཆད་པ་བརྩིགས་ཏེ། རྗེ་འབངས་གསུམ་ཀ་གསོན་པོར་བང་སོར་གཤེགས་སོ་” 【14】ཞེས་འཁོད་འདུག

༨.ནེའུ་པཎྜི་ཏས་མཛད་པའི་ཆོས་འབྱུང་ནང་དུའང་གནམ་ལྡེ་འོད་སྲུངས་ཀྱི་སྐབས་“……ཤིང་མོ་གླང་ལ་ཡར་ལུང་འཕང་ཐང་འདས། ……” 【15】ཞེས་གསལ།

༩.འདུལ་འཛིན་ཟུལ་ཕུ་བས་ཕྱོགས་བསྒྲིགས་གནང་བའི་ཇོ་བོ་རྗེའི་ལོ་རྒྱུས་ཆེན་མོའི་ནང་། “དགེ་བཤེས་ཁུས་ཇོ་བོ་ལ། ཡར་ལུངས་ཡུལ་བཟང་ཞིང་ས་དྲོ། ཆོས་རྒྱལ་མེས་དབོན་གསུམ་གྱི་ཞབས་ཀྱིས་བཅགས་པའི་ས་ཡིན་པས་གཞན་དོན་ཡང་ཆེ་ནས་མཆི་……” 【16】ཞེས་ཞུས་ཏེ་གདན་དྲངས་ཚུལ་གསལ་ལོ། །

༡༠.དུས་རབས་བཅུ་བཞི་པའི་ཡིག་རྙིང་གྲགས་ཆེ་བའི་ཁོངས་ནས། བར་ལམ་ཡུན་རིང་ཡར་ལུང་གི་བདག་པོར་གྱུར་ཞིང་། བོད་ཀྱི་ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན་ཕག་གྲུ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་མཛད་པའི་《བཀའ་འབུམ་ཆེ་མོའི་》ནང་ཞིབ་འཚོལ་བགྱིས་པར། ཁོང་སྣེ་གདོང་གི་ཁྲི་དཔོན་ཐོག་མར་གནང་སྟེ་མངའ་འོག་ཁྱབ་ཁོངས་ཀྱི་གནས་ཚུལ་གསུངས་སྐབས། “ཡར་འོན་ཁ་སྤྲོད་དུ་མིང་བཏགས་ཀྱང་། འོན་ལུང་པའི་ཕྱེད་ཡར་ལུངས་ལུང་པའི་ཕྱེད་ལས་ཁ་འཇུག་རྒྱུ་མི་འདུག་……”ཅེས་དང་། ཡང་“ཡར་ལུངས་པའི་དགེ་བཤེས་རྣམས་གྲལ་མགོ་ལ་མ་འཆམ་པས། ཤི་གསོན་གང་གིའང་གྲལ་མགོར་རང་རེས་ཕྱིན་……” 【17】ཞེས་སོགས་ཡར་ལུངས་རང་ཡང་ཡང་འབྱུང་བ་ལས། ཡར་ཀླུང་ངམ་ཡར་ཀླུངས་བྱ་བ་མ་རྙེད།

༡༡.དེ་དང་དུས་མཉམ་པའི་ཚལ་པ་ཁྲི་དཔོན་ཀུན་དགའ་རྡོ་རྗེས་མཛད་པའི་《ཧུང་ལེན་དེབ་གཏེར་དམར་པོ་》ལའང་གཉའ་ཁྲི་བྱོན་ཚུལ་སྐོར་“……ཡར་ལུང་ལྷ་རི་རོལ་པོའི་རྩེ་ནས་ལྷ་སྐས་ལ་བཙན་ཐང་སྒོ་བཞིར་བབས་……” 【18】ཞེས་གསལ་འདུག

༡༢.《རྒྱལ་རབས་གསལ་བའི་མེ་ལོང་》ནང་གཉའ་ཁྲི་བྱོན་ཚུལ་སྐོར། “དེའང་བོད་ཀྱི་ཡིག་ཚང་ལས། དང་པོ་ལྷ་རི་རོལ་པོའི་རྩེ་ལ་བབས་ཏེ་གཟིགས་པས། གངས་ཡར་ལྷ་ཤམ་པོ་མཐོ་བ་དང་། ཡུལ་ཡར་ལུང་བཟང་བར་མཁྱེན་ནས་བཙན་ཐང་གོང་མའི་རི་ལ་བབས་……” 【19】ཞེས་དང་། ཡང་སྤུ་ལྡེ་གུང་རྒྱལ་གྱི་སྐབས་“……སྤུ་བོའི་ཡུལ་ནས་སྲས་བྱ་ཁྲི་གདན་དྲངས་ཏེ། ཡར་ལུངས་སུ་བཞུགས། སྐུ་མཁར་བྱིང་ང་(འཕྱིང་བ་)སྟག་རྩེ་བརྩིགས་……” 【20】ཞེས་འཁོད་འདུག འོན་ཀྱང་ཡར་ལུང་ངམ་ཡང་ན་ཡར་ལུངས་ཞེས་བརྗོད་པའི་གོ་དོན་གང་ཡིན་གྱི་སྐོར་ཚིག་འགྲེལ་ནི་གོང་གསལ་ཡིག་རིགས་གང་གི་ནང་དུའང་གསུངས་མི་འདུག

༡༣.གོང་གི་མཁས་པ་ཚོ་དང་དུས་མཉམ་དུ་བྱོན་པའི་གཏེར་སྟོན་ཡར་རྗེ་ཨོ་རྒྱན་གླིང་པས་ཡར་ལུང་ཤེལ་བྲག་སོགས་ནས་གཏེར་མང་པོ་བཞེས་པར་གྲགས་པའི་ཁོངས་《བཀའ་ཐང་སྡེ་ལྔ་》ནང་གསེས་《བློན་པོ་བཀའ་ཐང་》བྱ་བ་དེའི་ནང་བོད་མིའི་བྱུང་རབས་འཆད་སྐབས། སྤྲེལ་ཕྲུག་རྣམས་འབྲུ་རིགས་ཀྱིས་ཚིམས་པར་མཛད་དེ་“……མུ་གེ་གནམ་ལ་ཡར་བས་ཡར་ཀླུངས་ཞེས་སུ་གྲགས། ཡུལ་ལ་སྔ་བ་ཡར་ཀླུངས་ཡིན་ནོ་གསུངས་……” 【21】ཞེས་གསལ་འདུག་པས་ཡར་ཀླུངས་ཞེས་པའི་འབྲི་སྲོལ་དེ་དུས་འདི་ཙམ་ནས་དར་བར་མངོན་ཞིང་། འདིར་“ཡར་”བྱ་བར་ཚིག་འགྲེལ་ཞིག་གནང་འདུག་ཀྱང་། ང་ཚོར་དགོས་གལ་ཆེ་བའི་“ཀླུངས་”ཟེར་བ་དེ་ལ་འགྲེལ་བཤད་ཅི་ཡང་མི་འདུག་པ་གཅིག་བྱས་ན་ཚིག་འདི་བཙན་པོའི་དུས་རབས་ཀྱི་བོད་ཡིག་བརྡ་རྙིང་གི་ཉམས་འདོན་ཁུལ་མཛད་པ་ཨེ་ཡིན་སྙམ། གཞན་དུ་ཡོངས་གྲགས་ཀྱི་དག་ཡིག་མང་པོ་ཞིག་གི་ནང་“ཀླུངས་”ཞེས་པའི་ཚིག་འདི་མ་མཐོང་ཞིང་། 《བོད་རྒྱ་ཚིག་མཛོད་ཆེན་མོ་》ནང་“ཀླུངས། ཡར་མོ་ཀླུངས་ཞེས་པའི་ཡུལ་གྱི་མིང་དང་། སྐབས་འགར་རི་ཀླུང་ཞེས་པར་ཡང་ཡང་འཇུག་ས་མཐའ་འབྲི་སྲོལ་ཡོད་” 【22】ཅེས་གསུངས་པ་མ་ཟད། “ཡར་མོ་ཀླུངས། ཡང་ཀླུངས་ཀྱི་མིང་རྙིང་” 【23】ཞེས་ཚིག་འགྲེལ་ཡང་གནང་བ་བཅས་ལ་དཔགས་ན་“ཀླུངས་”ཟེར་བའི་ཚིག་འདི་ཡར་ཀླུངས་ཀྱི་ཡུལ་མིང་དུ་གདོད་མ་ནས་གཏན་ལ་ཕབ་པ་ལྟ་བུ་ཞིག་ཏུ་བསྟན་འདུག་པ་དེ་ལྟར་ན་བཙན་པོའི་དུས་ཀྱི་གནའ་ཡིག་ཚུད་པའི་གོང་གསལ་ཡིག་རྙིང་ཁག་དང་། དེ་མིན་བོད་ཀྱི་ཚིག་མཛོད་དང་དག་ཡིག་ཕལ་མོ་ཆེའི་ནང་གི་འབྲི་ཚུལ་དེ་དག་ལ་དགག་པའམ། ཡང་ན་འགྲེལ་བཤད་བཟོ་བཅོས་ཅི་འདྲ་ཞིག་བྱ་དགོས་སམ།

༡༤.གཏེར་ཆོས་འདི་ཐོན་པའི་རྗེས་སུ་ཡར་ལུང་གི་ཡུལ་མིང་དེ་ཡར་ཀླུངས་ཞེས་པར་འགྱུར་བ་བྱུང་ཡོད་དམ་ཞེ་ན། སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་བརྩམས་པའི་《ཡར་ལུང་ཆོས་འབྱུང་》རང་ལ་དཔྱད་ཞིབ་ཞུས་པར་གཉའ་ཁྲི་བཙན་པོ་བྱོན་ཚུལ་སྐོར་ལ་“དེ་ཡང་བོད་ཀྱི་ཡིག་ཚང་ལས་འདི་ལྟར་སྣང་སྟེ། དང་པོ་ལྷ་རི་གྱང་མཐོའི་རྩེ་ལ་བྱོན་ཏེ་གཟིགས་པས། གངས་ཡར་ལྷ་ཤམ་པོ་མཐོ་བ་དང་། ཡུལ་ཡར་ལུང་རྣམ་བཞི་དང་བཅས་པ་བཟང་བར་མཐོང་ནས། ལྷ་རི་རོལ་པོའི་རྩེ་ལ་གཤེགས་” 【24】ཞེས་དང་། ཡང་སྤུ་ལྡེ་གུང་རྒྱལ་གྱི་སྐོར་འཆད་པའི་སྐབས་སུའང་“……དེ་ནས་ཡར་ལུངས་སུ་གདན་དྲངས་” 【25】ཞེས་འཁོད་པ་དང་། ཡང་དེ་དང་དུས་མཉམ་པའི་སྟག་ཚང་པ་དཔལ་འབྱོར་བཟང་པོས་མཛད་པའི་《རྒྱ་བོད་ཡིག་ཚང་》གི་ནང་དུའང་། གཉའ་ཁྲིའི་སྐབས་སུ། “……ལྷ་རིའི་གྱང་མཐོའི་ཁར་བྱོན། དེ་ནས་རིམ་གྱིས་འཆུག་ནས། ཁ་བ་ཅན་གྱི་རྒྱལ་ཁམས་ཀྱི་དབུས་ན། ཡུལ་ཡར་མོ་སྣ་བཞི། ལྷ་ཡར་ལ་ཤམ་ཕོ་མཐོང་ནས་དེར་བྱོན་…” 【26】ཞེས་དང་། ཡང་གྲི་གུམ་གྱི་སྐོར་འཆད་དུས་“……དེ་ནས་སྤུར་དེ་ཡར་ལུངས་སུ་གདན་དྲངས་” 【27】ཞེས་འཁོད་པ་ལས་མང་ཆེ་བར་འགྱུར་བ་མ་བྱུང་བར་མངོན། འོན་ཀྱང་འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི་ཆོས་འབྱུང་《དེབ་སྔོན་》ནང་། དགེ་བཤེས་གྲ་པ་མངོན་ཤེས་ཀྱི་སྐབས་“གླག་གི་གནས་མོ་ཆེར་……དེར་ཡར་ཀླུངས་པའི་སློབ་མ་མང་དུ་བྱུང་། རྒྱུད་འགྲེལ་ལ་སློབ་གཉེར་བྱེད་པའང་མང་དུ་འཚོགས། སློབ་མ་གཅིག་གིས་ཡར་ཀླུངས་སུ་སྤྱན་དྲངས། སྐུ་བསོད་སྐྱེས། དགེ་བཤེས་གྲ་པར་གྲགས་……” 【28】ཞེས་གསལ་བ་དེ་ནི་གཏེར་ཡིག་ལ་གཞི་འཛིན་གནང་བར་མངོན།

༡༥.དུས་རབས་བཅུ་དྲུག་པའི་ནང་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་བོད་ཀྱི་ལོ་རྒྱུས་རྒྱས་ཤོས་དང་ཡོངས་གྲགས་ཆེ་ཤོས་ཡིན་པའི་《ལྷོ་བྲག་ཆོས་འབྱུང་》གི་ནང་། གྲི་གུམ་བཙན་པོའི་སྐོར་བཤད་པའི་མཇུག་ཏུ་“……སྤུར་ཡང་ཡར་ལུངས་སུ་སྤྱན་དྲངས་སྐད་……” 【29】ཅེས་གསལ་འདུག་པ་སོགས་མདོར་ན་གོང་དུ་གནའ་དུས་ནས་ཉེ་རབས་ཀྱི་ཚད་ལྡན་ལོ་རྒྱུས་ཡིག་ཆ་སྙན་གྲགས་དང་ཚབ་མཚོན་རང་བཞིན་ཆེ་ཤོས་འདང་ངེས་ཤིག་དྲངས་པའི་ཁྲོད་ནས། 《ཉང་རལ་ཆོས་འབྱུང་》ནང་ཡར་ལུང་དང་ཡར་ཀླུང་གཉིས་ཀ་འཁོད་པ་དང་། དེ་མིན་ཡང་ཀླུངས་ཞེས་པ་ནི་《སྦ་བཞེད་》དང་ཨོ་རྒྱན་གླིང་པའི་གཏེར་ཡིག་ལས་རྒྱལ་རབས་ཆོས་འབྱུང་ཉུང་ཤས་ལ་མཆེད་པར་མངོན་ཞིང་གཙོ་ཆེ་ཤོས་ཏུན་ཧོང་གནའ་ཡིག་ལས་འབྱུང་བའི་ཡར་ལུངས་ཞེས་པ་དེ་ཉིད་གཙིགས་སུ་འཛིན་འོས་པ་རྒྱུ་མཚན་ཆེ་ཤོས་སུ་མཐོང་བ་མ་ཟད། དེའི་རྗེས་ཀྱི་ཡིག་རྙིང་དྲངས་པའི་ནང་“ལུངས་”བརྒྱད་དང་། “ལུང་”བརྒྱད་གསལ་བ་ལྟར་སྔ་མ་ནི་བརྡ་རྙིང་གཞིར་བཟུང་བ་དང་ཕྱི་མ་ནི་བཀས་གསར་བཅད་རྗེས་ཀྱི་འབྲི་སྲོལ་ཡིན་པ་གཞིར་བཅས་ཤིང་། དེ་གཉིས་ཀ་དོན་ལ་ཡུལ་གྱི་ཐ་སྙད་ཁེར་གཙང་ལ་གོ་བ་ལས། ཆུ་ཀླུང་གི་གོ་དོན་རྩ་བ་ནས་མེད་པ་ར་སྤྲོད་གསལ་པོར་བྱེད་ཐུབ་པས་དེ་ལྟར་ན་ཡུལ་ཡར་ལུང་དང་ཆུ་བོ་ཡར་ཀླུང་གཙང་པོ་གཉིས་དབར་འབྲེལ་བ་མེད་པ་གཞིར་གྲུབ་ཀྱང་། གནའ་རབས་ཀྱི་ཡིག་རྙིང་ལྷད་མེད་ནང་ལུང་དང་ལུངས་སམ། ཀླུང་དང་ཀླུངས་བྱ་བ་སོགས་སྒྲ་གདངས་ཉེ་བའི་མིང་ཚིག་དེ་དག་སོ་སོའི་ཡུལ་སྐད་ཀྱི་ཤན་ཞུགས་པའི་དབང་གིས་ཅི་རིགས་སུ་བྲིས་པའང་ཡོང་སྲིད་པ་ནི། བོད་ཀྱི་ཆེས་གནའ་བོའི་ཡིག་རྙིང་གཞན་དག་གི་འགྲོ་སྟངས་ལས་དཔག་ཐུབ་པ་ཞིག་ཡིན། འོན་ཀྱང་གོང་གསལ་མང་ཉུང་གི་བསྡུར་ཚད་དང་གོ་དོན་གྱི་གནས་ལུགས་དེ་དག་ཀྱང་དཔྱད་གཞིའི་ཁོངས་སུ་བཞག་སྟེ་ཞིབ་འཇུག་བྱེད་དགོས་ངེས་ཤིག་ཡིན་པ་ནི་སྨོས་ཅི་དགོས།

གཉིས།

       ཐ་སྙད་རིགས་འགྲེ་བསྡུར་བའི་སྒོ་ནས་དཔྱད་པ་ཞིག་བགྱིས་ན། དེ་ཡང་རང་ཅག་བོད་མི་རིགས་ཀྱིས་གནའ་ནས་ད་བར་རང་གནས་པའི་ཡུལ་སྤྱི་ལ་ཁ་སྐད་དུ་ལུང་པ་ཞེས་འབོད་སྲོལ་ཡོད་པ་མ་ཟད། ཡུལ་ཚོ་བྱེ་བྲག་པ་མི་ཉུང་བ་ཞིག་གི་མིང་ཚིག་གི་རྗེས་སུའང་ལུང་ཞེས་བཏགས་པ་དེ་རིགས་སྟོད་མངའ་རིས་ནས། སྨད་མདོ་ཁམས་ཀྱི་བར་གང་སར་ཁྱབ་ནས་བསྡད་ཡོད་པ་འདི་ཡང་གནའ་རབས་ནས་ཆགས་པའི་བོད་རིགས་སྤྱིའི་རིག་གནས་གོམས་སྲོལ་ཐུན་མོང་མ་ཡིན་པ་ཞིག་ཡིན་པར་སུ་ཞིག་གིས་བསྙོན། དེའི་ཐད་དེང་སྐབས་པར་སྐྲུན་བྱས་པའི་《བོད་རང་སྐྱོང་ལྗོངས་ས་ཆའི་མིང་དེབ་》ཅེས་པའི་ལྕགས་པར་མ་དེའི་ནང་ལྗོངས་ཡོངས་ཀྱི་གྲོང་ཚོ་ཅུང་ཆེ་བ་རྣམས་ཀྱི་ཡུལ་མིང་སོགས་རགས་འགོད་བྱས་པའི་ནང་དུ། དཔེར་ན་སྟོད་རུ་ཐོག་རྫོང་གི་འཚེར་ལུང་དང་། སྤུ་ཧྲེང་རྫོང་གི་ཆོས་ལུང་། དགེ་རྒྱས་རྫོང་གི་ན་མ་ལུང་། སྒེར་རྩེ་རྫོང་གི་ཆུ་ལུང་། མཚོ་ཆེན་རྫོང་གི་ཤར་ལུང་དང་། འབྲུག་ལུང་། ཉི་ལུང་། རྩ་མདའ་རྫོང་གི་ཁྱུང་ལུང་། ས་དགའ་རྫོང་གི་ས་ལུང་། སྐྱིད་གྲོང་རྫོང་གི་ལུས་ལུང་། གཉའ་ནང་རྫོང་གི་སེར་ལུང་། ནས་ལུང་། དིང་རི་རྫོང་གི་ཅ་ལུང་། གཏིང་སྐྱེས་རྫོང་གི་གཅེན་ལུང་། ངམ་རིང་རྫོང་གི་གུང་ལུང་། ལྷ་རྩེ་རྫོང་གི་སེང་གེ་ལུང་དང་། ལྷ་ལུང་། རྫི་ལུང་། བཞད་མཐོང་སྨོན་རྫོང་གི་མདའ་ལུང་། གཞིས་རྩེ་གྲོང་ཁྱེར་ཁོངས་ཀྱི་སྟག་ལུང་། ཤངས་རྣམ་གླིང་རྫོང་གི་སྐྱིད་ལུང་དང་། སྒུ་ལུང་། ཕྱོགས་ལུང་། ཆོས་ལུང་། རྒྱལ་རྩེ་རྫོང་གི་དྲ་ལུང་། ཁང་དམར་རྫོང་གི་མགར་ལུང་། ནས་ལུང་། སེ་ར་ལུང་། གྲོ་མོ་རྫོང་གི་སྟག་ལུང་། སྣ་དཀར་རྩེ་རྫོང་གི་འདབ་ལུང་དང་། སྟག་ལུང་། གོང་དཀར་རྫོང་གི་འབྲི་ལུང་། ཟངས་རི་རྫོང་གི་སླེ་ལུང་དང་། ལྷ་ལུང་། མཚོ་སྣ་རྫོང་གི་མཚོ་ལུང་། ལྷོ་བྲག་རྫོང་གི་ལྷ་ལུང་དང་། སླ་ལུང་། ལྷུན་རྩེ་རྫོང་གི་སྒམ་ལུང་། ལྷ་ས་གྲོང་ཁྱེར་ཁོངས་ཀྱི་སྟོད་ལུང་དང་། ལྷུན་གྲུབ་རྫོང་གི་སྟག་ལུང་དང་། ཨུ་རུ་ལུང་། སྐྱིད་ལུང་། འདམ་གཞུང་རྫོང་གི་ན་ལུང་། རིན་སྤུངས་རྫོང་གི་ཁུ་ལུང་། ཉིང་ཁྲི་རྫོང་གི་ཕྲེད་ལུང་། སྨན་གླིང་རྫོང་གི་ཉ་ལུང་དང་། གནས་ལུང་། ཕུ་ལུང་། སྣང་རྫོང་གི་རྫི་ལུང་། མེ་ཏོག་རྫོང་གི་བུ་ལུང་། སྤོ་བོ་རྫོང་གི་ཡར་ལུང་དང་། ཕར་ལུང་། ཆབ་མདོ་རྫོང་གི་སྐམ་རྡོ་ལུང་དང་། རྨ་རི་ལུང་། དཀའ་ཁག་ལུང་། སྒ་རི་ལུང་། དཀར་ལུང་། སྟེང་ཆེན་རྫོང་གི་ཁྲ་ལུང་དང་། ཁ་ལུང་། དཔལ་འབར་རྫོང་གི་གཡོན་ལུང་། གོ་འཇོ་རྫོང་གི་ཅོང་ལུང་དང་། འཕྲང་ལུང་། ཨ་ལུང་། མཛོ་སྒང་རྫོང་གི་འཐག་ལུང་དང་། མདའ་ལུང་། བྲག་གཡབ་རྫོང་གི་ཤོག་ལུང་། དཔའ་ཤོད་རྫོང་གི་ཀླུ་ལུང་དང་། ཕུ་ལུང་། གྱོ་ལུང་། ཡར་ལུང་། རྫ་ཡུལ་རྫོང་གི་ཚོ་ལུང་དང་། སྒང་ལུང་། འཇོ་མདའ་རྫོང་གི་རྒྱ་ལུང་དང་། དེའུ་ལུང་། རི་བོ་ཆེ་རྫོང་གི་ལམ་ལུང་དང་། རྫུན་ལུང་། སྨར་ཁམས་རྫོང་གི་ལྗང་ལུང་དང་། དཀར་ལུང་། ནག་ཆུ་རྫོང་གི་རྒྱབ་ལུང་དང་། ཉི་མ་ལུང་། ཆུ་ཐུར་ལུང་། མཚོ་ལུང་། ཨ་མདོ་རྫོང་གི་རྫ་ལུང་དང་། མཚོ་ལུང་། གངས་ལུང་། རྒོད་ལུང་། བྲག་ལུང་། སྙན་རོང་རྫོང་གི་སངས་ལུང་དང་། ཉི་མ་ལུང་། དུག་ལུང་། མཛོ་ལུང་། རྒྱབ་ལུང་། སྦྲ་ཆེན་རྫོང་གི་དགའ་ལུང་དང་། ཀ་ར་ལུང་། གཉན་ཆེན་ལུང་། རྡོ་འཕྲང་ལུང་། འཁྱིལ་ཕུ་ལུང་། འབྲི་རུ་རྫོང་གི་འབྲི་ལུང་དང་། གཡང་ལུང་། ཉི་ལུང་། དགེ་སྣེ་ལུང་། དཔལ་མགོན་རྫོང་གི་གསེར་ལུང་དང་། སྦྲུལ་ལུང་། སྨུག་ལུང་། ཕྱི་ལུང་། བྱེ་ལུང་། ལྷ་རི་རྫོང་གི་མཚོ་རོང་ལུང་དང་། ཚ་ལུང་། བྱེ་ལུང་། ཤན་རྩ་རྫོང་གི་ཞ་ལུང་ཞེས་པ་བཅས་གསལ་བ་མ་ཟད། ད་དུང་གྲོང་ཚོ་ཆུང་གྲས་མང་པོ་ཞིག་མིང་དེབ་དེའི་ནང་མ་འཁོད་པའི་ཁོངས་ལས་བདག་རང་ལ་ཆ་རྒྱུས་ཡོད་པ་དཔེར་ན་ལྷ་རྩེ་རྫོང་གི་གྲ་མ་ལུང་དང་། ནུབ་མ་ས་ལུང་། ས་སྐྱ་རྫོང་གི་གཡའ་མ་ལུང་དང་། ལྷ་ས་ཁྲེང་ཀོན་ཆུས་ཀྱི་ཆོས་ལུང་། སྣ་དཀར་རྩེ་རྫོང་གི་གྲ་མ་ལུང་། རྒྱལ་རྩེ་རྫོང་གི་ནུབ་མ་རྫ་ལུང་ལྟ་བུ་སོགས་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ཀྱི་མིང་ཚིག་མཇུག་མ་ཡོངས་རྫོགས་“ལུང་”ཞེ་གཅིག་ཡིན་པ་ལས། ཀ་ཀླུང་བྲིས་པ་གཅིག་ཀྱང་རྙེད་རྒྱུ་མི་འདུག་ན་ལྷོ་ཁའི་ཡར་ལུང་གི་མིང་མཇུག་དེ་ཁོ་ནར་ཀ་ཀླུང་ཐོབ་དགོས་དོན་གང་ཡིན་ནམ། སུས་ཀྱང་བཟོ་བཅོས་མ་བྱས་ཤིང་ད་ལྟའི་བར་ཡོངས་ཁྱབ་གཅིག་གྱུར་དུ་བེད་སྤྱོད་དང་རྒྱུན་མར་གནས་པའི་ཡུལ་མིང་གྲུབ་ཚུལ་གྱི་བརྡ་དག་ངོ་མཚར་ཆེས་ཆེ་བ་འདི་དག་ནི་‘ཡར་ལུང་’དང་‘ཡར་ཀླུང་’ཞེས་པའི་ཐ་སྙད་གཉིས་ལས་ཡང་སྙིང་གང་ཞིག་ཁུངས་བཙུན་ཡིན་མིན་དབྱེ་ཞིབ་བྱ་རྒྱུར་རྒྱུ་མཚན་ཆེན་པོ་ལྡན་པའི་དཔྱད་གཞི་རིན་ཐང་བྲལ་བ་ཞིག་ཡིན་སྙམ།

གསུམ།

       རང་བྱུང་ཁམས་ཆེན་པོའི་ཕྱི་རོལ་ཡུལ་གྱི་དངོས་པོའི་གནས་ཚུལ་ངོ་མའི་ཐོག་ནས་དཔྱད་ནའང་། ཡར་ཀླུང་གཙང་པོ་ཞེས་པའི་ཐ་སྙད་ནི་ཆུ་དེ་ཡར་ལུང་དུ་འབབ་པ་ལ་བརྟེན་ནས་ཆགས་པ་ཟེར་བ་དེ་ཅུང་མི་འཚམ་པར་མངོན་པ་ནི། སྲིད་པའི་དལ་འབབ་འདི་ཆུ་འགོ་མངའ་རིས་ས་ཁུལ་ཁོངས་སྤུ་ཧྲེང་རྫོང་གི་ས་ཐོག་ནས་ཐོན་ཏེ་གཞིས་རྩེ་ས་ཁུལ་ཁོངས་འབྲོང་པ་དང་། ས་དགའ། ངམ་རིང་། ལྷ་རྩེ། བཞད་མཐོང་སྨོན། གཞིས་ཀ་རྩེ། རིན་སྤུངས་བཅས་དང་། ལྷ་ས་གྲོང་ཁྱེར་ཁོངས་ཀྱི་སྙེ་མོ་དང་། ཆུ་ཤུར། དེ་བཞིན་ལྷོ་ཁ་ས་ཁུལ་ཁོངས་གོང་དཀར། གྲ་ནང། སྣེ་གདོང་ཟངས་རི། རྒྱ་ཚ་བཅས་དང་། ཉིང་ཁྲི་ས་ཁུལ་ཁོངས་སྣང་རྫོང་། སྨན་གླིང་། མེ་ཏོག་བཅས་རྫོང་ཁག་བཅོ་བརྒྱད་ཀྱི་ས་ཆ་བརྒྱུད་རིམ་བཞིན་འབབ་པ་མ་ཟད། དེའི་ནང་ནས་འབྲོང་པ་དང་། ས་དགའ། ལྷ་རྩེ། སྣང་རྫོང་། སྨན་གླིང་། མེ་ཏོག་སོགས་རྫོང་ཁག་འགའ་ཞིག་གི་ས་ཆའི་དཀྱིལ་གཞུང་གཤགས་ནས་འབབ་ཀྱིན་ཡོད་ཅིང་། རྫོང་ལ་ལའི་ས་ཐོག་རིང་ཚད་ཧ་ལམ་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཀྱི་བར་དུ་འབབ་པ་སོགས་“བོད་རང་སྐྱོང་ལྗོངས་ཀྱི་ས་ཁྲའི་”ཐོག་གསལ་པོར་མངོན་ཐུབ་པ་ལྟར། གཙང་པོ་འདིར་ས་གནས་དེ་རིགས་གང་ཞིག་གིའང་མིང་མ་ཆགས་པར་ལྷོ་ཁ་སྣེ་གདོང་རྫོང་ཁོངས་ཡར་ལུང་གི་ལུང་མདར་རིང་ཚད་སྤྱི་ལེ་བཅུ་ཕྲག་འགའ་ཞིག་ཙམ་བརྒྱུད་པ་ཁོ་ན་ལ་བརྟེན་ནས་ཡར་ཀླུང་ཞེས་པའི་ཡུལ་གྱི་ཐ་སྙད་དེ་ཆུ་ཀླུང་ཆེན་པོ་འདི་ལྟ་བུའི་སྤྱི་མིང་དུ་ཆགས་པ་ཡིན་ཟེར་བ་དེ་ནི་མི་རྣམས་ཀྱིས་གོ་བ་ལོན་དཀའ་བ་ཞིག་ལོས་ཡིན། ཉེ་ཆར་བོད་ལྗོགས་ཉིན་རེའི་ཚགས་པར་ཐོག་འཁོད་པའི་《སྔོ་ལྗང་ཅན་གྱི་ཁྱམས་རིང་བསྐྲུན་པ་》ཞེས་པའི་རྩོམ་ཡིག་ནང་། “……ཡར་ཀླུང་གཙང་པོའི་འགོག་སྲུང་ཤིང་ནགས་ཡར་ཀླུང་གཙང་པོའི་དབུས་རྒྱུད་དུ་གནས་ཤིང་། རྩེད་ཐང་གྲོང་བརྡལ་ལྟེ་བར་བྱེད་པ་དང་། ནུབ་གོང་དཀར་རྫོང་ཁོངས་ཉ་སོག་ཤང་དང་ཤར་ཟངས་རི་རྫོང་ཁོངས་ཞོལ་པ་ཤང་བར་ཡིན་པ་དང་། འགོག་སྲུང་ཤིང་ནགས་རྫོང་བཞིའི་ཤང་བཅུ་བཞིར་ཁྱབ་པ་དེའི་ནང་བྱེ་ཐང་གིས་ནགས་བཟོའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ་བདུན་ཅུ་དང་། སྐས་རིམ་ལྟར་གྱི་ས་ཆ་བརྒྱ་ཆ་སུམ་ཅུ་བཟུང་ཡོད་……”ཅེས་དང་། རྫོང་བཞིའི་བྱེ་འགོག་ནགས་བཟོ་བྱས་པའི་རྒྱ་ཁྱོན་སྟོན་སྐབས་“ཡར་ལུང་གཙང་འགྲམ་དུ་རིང་ཚད་སྤྱི་ལེ་ཉི་ཤུ་ལྷག་ཙམ་དང་ཞེང་ཚད་སྤྱི་ཁྲེ་བདུན་བརྒྱ་ལྷག་ཙམ་ལོན་པའི་ནགས་ཚལ་སྟར་ཕྲེང་ལྟར་ཆགས་ཤིང་། རྩེད་ཐང་དུ་མུའུ་ཉིས་ཁྲི་ལྔ་སྟོང་ལྷག་ཙམ་རྒྱུད་ཀྱི་འགོག་སྲུང་ཤིང་ནགས་བཟོས་པར་སྤྱི་ཚོགས་དང་། དཔལ་འབྱོར། སྐྱེ་ཁམས་བཅས་ཀྱི་ཕན་འབྲས་ཧ་ཅང་ཆེན་པོ་ཐོབ་…” 【30】ཅེས་སོགས་གསལ་བ་དེ་ཚོའི་ཐོག་ནས་ལྷོ་ཁ་ས་ཁུལ་སྤྱི་དང་། བྱེ་བྲག་རྩེད་ཐང་སྟེ་ཡར་ལུང་གི་མདར་གཙང་པོའི་རྒྱུག་ཡུལ་ཐུང་ངུ་ལས་མེད་པ་རྟོགས་ཐུབ། དེས་ཡར་ཀླུང་གཙང་པོ་འདི་ཉིད་བོད་ལྗོངས་ས་མཐོའི་ཐོག་འབབ་པའི་སྤྱིའི་རིང་ཚད་ཀྱི་བརྒྱ་ཆ་གཅིག་གཉིས་ལྷག་ཟིན་གྱི་མེད་པ་རྒྱུས་ཅན་ཀུན་གྱིས་གོ་བས་ཆོད་གསལ་ཡིན། ད་དུང་སྟོན་དགོས་པ་ཞིག་ནི་《བོད་རྒྱ་ཚིག་མཛོད་ཆེན་མོ་》དེ་རང་གི་ནང་། “ཡར་ཆབ་གཙང་པོ། ཡར་ཀླུངས་གཙང་པོ་སྟེ་འཕྱོངས་རྒྱས་རྫོང་དང་སྣེ་གདོང་རྫོང་བརྒྱུད་སྐབས་ཀྱི་མིང་” 【31】ཞེས་གསལ་བཤད་ཀྱང་གནང་འདུག འདི་ལྟར་ན་ཡར་ཀླུང་གཙང་པོ་དེ་སྔོན་ལ་འཕྱོངས་རྒྱས་རྫོང་གི་ལུང་གཞུང་བརྒྱུད་འབབ་ཅིང་། དེ་ནས་སྣེ་གདོང་རྫོང་བཅས་ཡར་ལུང་གི་ལུང་གཞུང་བརྒྱུད་འབབ་པ་བཅས་ཀྱི་སྐབས་སུ་ཆུ་ཀླུང་དེའི་མིང་ལ་“ཡར་ཆབ་གཙང་པོ་”སྟེ་དོན་ལ་ཡར་ཀླུང་གཙང་པོ་ཞེས་ཟེར་བ་ཡིན་ཚུལ་བསྟན་འདུག་མོད། འོན་ཀྱང་དོན་དངོས་ལ་སྲིད་པའི་ཆུ་ཆེན་དེ་ནི་འཕྱོངས་རྒྱས་རྫོང་བརྒྱུད་ནས་འབབ་པ་ལྟ་ཞོག་རྫོང་དེའི་མངའ་ཁོངས་ས་ཆའི་ཟུར་ཆ་ཙམ་ལའང་འབབ་ཀྱི་མེད་པ་མ་ཟད། སྣེ་གདོང་རྫོང་སྟེ་ཡར་ལུང་གིའང་ཡུལ་གྱི་མདའ་ཁོ་ནར་ཕྲེད་བཅད་ཀྱིས་ཟངས་རི་རྫོང་གི་ས་ཁོངས་སུ་འབབ་པ་བཅས་གནས་ཚུལ་འདི་དག་ལ་དཔག་ན། ཚིག་མཛོད་ཆེན་མོའི་འགྲེལ་བཤད་དུམ་བུ་འདི་མཛད་པ་པོ་རང་ལའང་ཡར་ཀླུང་གཙང་པོ་དེ་ལྷོ་ཁ་ས་ཁུལ་གྱི་རྫོང་གང་དང་གང་ཞིག་ཏུ་ཚུལ་ཇི་ལྟར་འབབ་པའི་ཆགས་བབ་དངོས་ཐུགས་རྒྱུས་མེད་པ་གསལ་པོར་མཚོན་རུང་། དེ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མའི་》ནང་། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་གྱི་ཆགས་ཡུལ་སྐོར་གསུངས་པའི་མཇུག་ཏུ་བསྟན་པར།“སའི་ངོས་འཛིན་འདི་སོང་མཁན་དང་སྐོར་མཁན་ཞིག་གིས་ཤེས་ནུས་ཀྱི། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སྦྱངས་ནས་ཅུང་འོང་བ་ཞིག་མིན་མཆི་སྟེ། རྒྱ་གར་ལྟ་བུའི་ཐག་རིང་པོའི་ཡུལ་རྣམས་ཕར་ཞོག་དཔེར་ན་ཨ་ཆུང་གནམ་རྫོང་དང་། དན་ཏིག་གཉིས་ཀའི་བར་ན་ཉིན་ལམ་གཅིག་གཉིས་ཡོད་པས། ཨ་མདོ་བ་སུ་ཡང་མགོ་འཁྲུགས་མི་སྲིད་མོད། འགོས་ལོ་སོགས་གནའ་དུས་ཀྱི་དབུས་གཙང་གི་མཁས་པ་མང་པོས་གནམ་རྫོང་དན་ཏིག་ན་ཡོད་པར་བཤད་པ་བཞིན་ནོ་” 【32】ཞེས་གསལ་བ་ལྟར་ཐུགས་ཁག་མ་མཆིས་པ་ལྟ་བུ་ཡིན་རུང་། འདིར་རང་བྱུང་ཁམས་ཀྱི་དངོས་ཡོད་ས་ཆུའི་གནས་ལུགས་ངོ་མའི་ཐད་ནས་ཀྱང་། ཡར་ཀླུང་གཙང་པོ་ཞེས་པའི་མིང་དེ་ཡུལ་ཡར་ལུང་གི་ཐ་སྙད་དང་རང་དགར་འབྲེལ་བ་བྱས་ནས་བཤད་ན་དོན་དངོས་ཀྱི་གནས་ཚུལ་དང་མཐུན་པར་མ་མཐོང་ངོ་།།

བཞི།

       བདག་གིས་བསམས་ན་“ཡར་”ཞེས་པའི་ཚིག་འབྲུ་དེ་ལ་མངའ་བདག་ཉང་རལ་པ་ཅན་དང་། ཡར་རྗེ་ཨོ་རྒྱན་གླིང་པ་སྟེ་གཏེར་སྟོན་ཆེན་པོ་རྣམ་གཉིས་ཀྱིས་“མུ་གེ་གནམ་ལ་ཡར་བས་ཡར་ཀླུངས་སུ་གྲགས་”ཞེས་ཚིག་འགྲེལ་ཐབས་རྡུགས་པོ་དེ་ལྟ་བུ་ཞིག་གནང་བ་དེ་ནི་བོད་ཀྱི་གནའ་བོའི་ཡིག་རིགས་སོགས་གཞན་གང་ནའང་མི་གསལ་བས་དོན་ལ་ཨེ་གནས་སྙམ། གལ་སྲིད་དེ་ལྟར་ན་ཏུན་ཧོང་ནས་ཐོན་པའི་གནའ་ཡིག་སོགས་ལས་བྱུང་བའི་གངས་ཡར་ལྷ་ཤམ་པོ་དང་། ཡར་ཆུ་སྔོན་པོའམ། ཡར་ཆབ་གཙང་པོ། ཡར་མོ་ཆུ་ཐུངས། ཡར་མོ་རྣམ་བཞི། ཡར་ཁྱིམ་སོག་ཁ་ལ་སོགས་པ་ཐམས་ཅད་ཀྱང་མུ་གེ་ཡར་བའི་ཡར་ལྷ་དང་། དེ་བཞིན་ཡར་ཆུ། ཡར་ཆབ། ཡར་མོ། ཡར་ཁྱིམ་སོགས་སུ་གོ་དགོས་པར་འགྱུར་འགྲོ་བ་མ་ཟད། ཡར་ཀླུང་གཙང་པོ་དེ་ཡང་མུ་གེ་ཡར་བའི་ཆུ་ཀླུང་ཞེས་པར་གོ་དགོས་ཚུལ་བསྟན་པ་མ་ཡིན་ནམ། དེ་འདྲ་ཡིན་ག་ལ་སྲིད། བོད་ཀྱི་སྐད་ཡིག་དང་གནའ་ནས་དེང་བར་གྱི་འདུ་ཤེས་གོམས་སྲོལ་གང་ལ་དཔྱད་ནའང་“ཡར་”ཟེར་བའི་ཚིག་དེ་ནི་གཙོ་བོ་ཕྱོགས་བཅུའི་ནང་གི་སྟེང་ཕྱོགས་ལ་གོ་བ་དེ་ཁྱབ་ཆེ་ཤོས་ཡིན་པས་བོད་མི་རིགས་ཀྱི་གོམས་གཤིས་ལ་ཡང་ཡར་ཞེས་པ་དེ་ཚིག་གྲོགས་གང་དང་སྦྱར་ན་ཡང་ལེགས་པ་དང་། བཟང་བ། རྒྱས་པ། དགེ་བ། དར་བ་སོགས་ཀྱི་མཚོན་རྟགས་སུ་སྤྱོད་པ་ཡིན་ཏེ་དཔེར་ན་ཡར་སྐྱེད། ཡར་ལྟ། ཡར་ངོ། ཡར་འཕར། ཡར་རྒྱས། ཡར་འཕེལ། ཡར་འགྲོ། ཡར་དར། ཡར་ཐོན་བྱ་བ་ལ་སོགས་པ་ཤིན་ཏུ་མང་བ་ནི་ཚིག་མཛོད་དང་། རྒྱུན་ལྡན་གྱི་འཚོ་བ་ངོ་མའི་ནང་བལྟས་པ་ཙམ་གྱིས་ཤེས་ཐུབ་པ་ཤ་སྟག་ཡིན ། ཡོངས་ཁྱབ་ཆེ་བའི་གོ་དོན་དེའི་ཐོག་ནས་བསམ་གཞིག་ཅིག་བྱས་པ་ཡིན་ན་ཡར་ལུང་ནི་ཡར་འགྲོའི་ལུང་པ་དང་། ཡར་ཆུའམ། ཡར་ཆབ། ཡར་ཀླུང་གཙང་པོ་བཅས་ནི་ཡར་རྒྱས་ཀྱི་འབབ་ཆུ། ཡར་ཁྱིམ་སོག་ཁ་ནི་ཡར་འཕེལ་གྱི་ཁྱིམ་ཚང་། ཡར་ལྷ་ཤམ་པོ་ནི་ཡར་འདྲེན་གྱི་ཕོ་ལྷ། ཡར་མོ་རྣམ་བཞི་ནི་ཡར་དར་གྱི་ཡུལ་ལྗོངས་བཅས་ཟེར་བར་རིགས་པའི་རང་བཞིན་ཧ་ཅང་ཆེ་བ་ལྟ་བུར་མཐོང་བ་ནི་གྲོས་གཞི་ཙམ་ཡིན། “མུ་གེ་ཡར་བའམ། མུ་གེ་གནམ་ལ་ཡར་བ་”ཟེར་བ་ནི་ཚིག་སྦྱོར་ཡང་དེ་ཙམ་གྱི་འཇུག་པོ་ཞིག་མི་སྣང་། མུ་གེ་ལས་གྲོལ་བའི་དོན་དེ་ལྟ་བུ་ལ་ནི་བྱེད་མེད་ལས་ཚིག་“ཡལ་”དང་“སངས་”ཞེས་སྤྱད་ན་འོས་པ་ལས། “ཡར་”བྱ་བ་དེ་བྱེད་མེད་ལས་ཚིག་“འཁྱར་”ཟེར་བ་ལྟ་བུའི་དོན་དང་མཐུན་ཆེ་བར་མཐོང་སྟེ། བེའུ་དང་བྲལ་བའི་འབྲི་ལ་ཡར་མ་དང་། མ་དང་བྲལ་བའི་བེའུར་ཡར་རུ་ཞེས་འབོད་པ་བཞིན་ཡིན་སྙམ་རུང་། དེ་དག་ནི་རང་སྣང་གི་འཕྲོས་གཏམ་དཔྱད་གཞི་ཙམ་ལས་ངེས་པ་ག་ལ་མཆིས། མདོར་ན་འདིར་དཔྱད་བྱ་“ཡར་ཀླུང་གཙང་པོ་”ཞེས་པའི་ཐ་སྙད་དེ་བོད་ཀྱི་གནའ་ཡིག་དང་བར་སྐབས་ཀྱི་ཡིག་རྙིང་སོགས་ནང་འཁོད་མེད་པ་མི་སྲིད་ཀྱང་། འཚོལ་ན་རྙེད་སླ་བ་ཞིག་ཀྱང་མ་ཡིན་པར་བརྟེན་གོང་དུ་དཔྱད་གཞི་མི་ཉུང་ཙམ་ཞིག་མ་གླེང་ཀ་མེད་བྱུང་ཞིང་། ཚང་མས་མཁྱེན་གསལ་ལྟར་རང་རྒྱལ་ཏུན་ཧོང་ས་ཕུག་ནས་ཐོན་པའི་གནའ་རབས་བོད་ཀྱི་ཡིག་རྙིང་ནང“……ཆུ་རབས་ཀྱི་ནང་ནས་ཡར་ཆུ་སྔོན་པོ་ཆེ་……” 【33】ཞེས་དང་། “ཆབ་ཆབ་ནི་ཕ་རོལ་ན། ཡར་ཆབ་ནི་ཕ་རོལ་ན། ……” 【34】ཞེས་སོགས་འབྱུང་བའི་གནའ་དུས་ཀྱི་ཐ་སྙད་དེ་རིགས་རིམ་བརྒྱུད་ཀྱིས་སྤྱི་ལོའི་དུས་རབས་བཅུ་བཞི་པའི་སྟོད་ཆ་ནས་བྱུང་བའི་ཕག་མོ་གྲུ་པའི་སྡེ་སྲིད་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་བཀའ་འབུམ་ནང་། ཧོར་དཔོན་དབེན་པ་འདམ་དུ་འབྱོར་ཏེ་འབྲི་གུང་སྒོམ་པ་ཀུན་རིན་སོགས་ཁོང་འགུག་པར་བཏང་སྐབས་གསུངས་པར་“ང་ཡར་ཆབ་གཙང་པོ་ཕྱིར་མི་བརྒལ་ཞིང་སྣེ་གདོང་གོང་དཀར་གྱི་ཐེམ་པ་འདི་ཕྱིར་མི་བརྒལ་བྱས་” 【35】ཞེས་གསལ་བ་ལྟར་ཡིག་རྙིང་ནང་ཡར་ཆབ་གཙང་པོ་ཞེས་ཡང་ཡང་འབྱུང་ཞིང་། བོད་ཀྱིས་སྐད་ཡིག་ཚིག་སྦྱོར་དང་མངོན་བརྗོད་སོགས་འཕེལ་རྒྱས་ཆེན་པོ་འགྲོ་བའི་ནང་ཆུའམ་ཆབ་ཅེས་པའི་ཐ་སྙད་དེ་ཀླུང་དང་དོན་གཅིག་ཡིན་པར་བསྟན་པ་སྟེ་མིང་གི་མངོན་བརྗོད་ལས། “འབབ་ཆུའི་མིང་། ཆུ་ཀླུང་གཞོལ་འགྲོ་གྱ་གྱུ་འགྲོས། ……” 【36】ཞེས་གསལ་ཞིང་། བརྡ་དག་གི་གཞུང་ལས་ཀྱང་བཤད་པ་ལྟར་རིམ་བཞིན་འགྱུར་ནས་ཡར་ཀླུང་གཙང་པོ་ཞེས་པའི་མིང་དེ་ལྟར་ཆགས་པར་མངོན་ཏེ་《བོད་རྒྱ་ཚིག་མཛོད་ཆེན་མོ་》དེ་རང་གི་ནང་དུའང་། “ཡར་ཆབ་གཙང་པོ། ཡར་ཀླུངས་གཙང་པོ་སྟེ་……”ཞེས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་བསྟན་པ་ལས་ཀྱང་རྟོགས་ཐུབ་པ་བཅས་མདོར་ན་“ཡར་”ཞེས་པ་དེའི་གོ་དོན་ཁྱབ་ཆེན་པོ་ཡིན་ཁར་གཙོ་ཕལ་གྱི་འཇུག་ཡུལ་ལ་དབྱེ་ཞིབ་བྱ་རྒྱུ་དང་། ཆུའམ་ཆབ་ཅེས་པའི་མིང་རྐྱང་དེ་ཀླུང་རྒྱུན་ཞེས་པ་སོགས་ཀྱི་རྒྱན་ཚིག་ཏུ་འཕེལ་འགྱུར་བྱུང་རིམ་དེ་དག་ཀྱང་ཡར་ཀླུང་གཙང་པོ་ཞེས་པའི་ཐ་སྙད་ལ་ཞིབ་འཇུག་བྱེད་རྒྱུའི་དཔྱད་གཞི་ངེས་ཅན་ཞིག་ཏུ་བརྩི་དགོས་སྙམ།

ལྔ།

       གལ་སྲིད་“ཡར་ཀླུང་གཙང་པོ་”བྱ་བའི་ཐ་སྙད་དེ་ཡུལ་ཡར་ལུང་ལ་བརྟེན་ནས་མིང་དུ་ཐོགས་པའི་དབང་དུ་བཏང་ན་ཡང་། “……ལྷོ་ཁ་ས་ཁུལ་གྱི་སྣེ་གདོང་རྫོང་གི་ཡར་ཀླུང་ཡུལ་དུ་འབབ་སྐབས་ཡར་ཀླུངས་གཙང་པོ་ཟེར་”ཞེས་པའི་འགྲེལ་བཤད་དེ་ནི་བྱུང་རྒྱལ་དུ་བཤད་པ་ལྟ་བུ་ཞིག་ལས། མི་སེམས་ལ་འབབ་པའི་རྒྱུ་མཚན་ནམ་ཁུངས་ལུང་ཅི་ཡང་མེད་པ་དེ་འདྲ་ཡིན་མི་སྲིད་སྙམ། ཆེས་ལྐོག་གྱུར་གྱི་ཐ་སྙད་འདིའི་རིགས་ལ་དཔྱད་པ་བྱེད་སྐབས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བོད་ཅེས་པའི་མིང་ཚིག་སྐོར་ལ་“……རྗེ་གཉའ་ཁྲི་བཙན་པོ་སོགས་ལ་བོད་རྗེ་དང་སྤུར་རྒྱལ་ཞེས་འབོད་པ་དེ་ཡང་། ཡོངས་གྲགས་ཀྱི་བསམ་འཁྱེར་ལྟར་ན་ཡུལ་གྱི་མིང་རྗེ་ལ་ཐོགས་པ་ལྟར་སྣང་མོད་ཀྱི། དོན་ལ་རྒྱལ་པོའི་མཚན་ཡུལ་ལ་ཐོགས་པ་སོགས་ཀྱང་སྲིད་དོ། དཔེར་ན། ཅིན་རྒྱལ་རབས་ཀྱིས་བཟུང་བའི་རྒྱ་ནག་གི་ཡུལ་ཀུན་ལ་ཙི་ན་བྱ་བ་དང་། རྒྱལ་པོ་བྷཱ་ར་ཏས་བཟུང་བའི་རྒྱ་གར་ཡུལ་ཀུན་ལ་བྷཱ་ར་ཏ་ཞེས་གྲགས་པ་བཞིན་ནོ་” 【37】ཞེས་གསུངས་པ་དེ་དག་ཀྱང་རང་རེའི་བློ་སྒོ་འབྱེད་པའི་ལྡེ་མིག་ཅིག་ཏུ་བརྩི་འོས་པ་སྟེ། སྤུ་རྒྱལ་བཙན་པོའི་གདུང་རབས་ཐོག་མར་འབྱུང་ཁུངས་ནི་ལྷོ་ཁའི་ཡུལ་ཡར་ལུང་དུ་ཡིན་པར་ཀླན་ཀ་ཅི་ཡང་མེད་ཅིང་། དེ་ནས་རིམ་བཞིན་འཕྲུལ་གྱི་རྒྱལ་བློན་རྣམས་ཀྱི་མཐུ་ལས་མངའ་འབངས་ཕྱོགས་བཞིར་རྒྱ་བསྐྱེད་པ་ཡིན་ཏེ། ཏུན་ཧོང་གི་གནའ་ཡིག་ལས་འབྱུང་བ་བཞིན་བཙན་པོ་སྲོང་བཙན་སྐུ་ངོ་མས། དབས་དབྱི་ཚབ་ཕ་སྤད་དམ། ཡང་ན་མགར་སྟོང་བཙན་ཡུལ་ཟུང་སོགས་བློན་པོ་ཤེས་པ་ཅན་རྣམས་དང་དགྱེས་སྐྱེམས་སྟོན་མོ་གསོལ་ཞིང་། དབུ་སྙུང་བྲོ་མནའ་བསྩལ་བའི་མགུར་གསུངས་པའི་ནང་“……ཡུ་བུ་ནྀ་རྗེ་དང་བློན། ཡར་མོ་ནི་ཆུ་ཐུངས་ཀྱིས། མདོ་ནས་ནྀ་རྩང་དུ་བསྲིང་། ཡར་མོ་ནི་ཞེང་ཆུངས་ཀྱིས། ལྷོ་ནས་ནྀ་བྱང་དུ་བསྐྱེད། མ་ཐུན་ནི་མཐའ་བཞི་རྒྱལ། ……” 【38】ཞེས་འཁོད་པ་ལྟར་གྱི་“ཡར་མོ་”འམ་“ཡར་མོ་རྣམ་བཞི་”ཞེས་ཡར་ལུང་ལ་ཟེར་བ་ཡིག་རྙིང་དག་ལ་གསལ་ཞིང་དེ་ཡང་སྔོན་ཆད་ཡར་ལུང་བཙན་པོའི་ཆབ་འབངས་མངའ་རིས་དེ་ཕུ་གངས་རི་ཡང་ལྷ་ཤམ་པོ་ནས། མདའ་གཙང་ཆབ་སྔོན་མོའི་ཆུ་ཁ་བར་དུ་རྫོགས་པ་བཅས་ཀྱི་ཡུལ་གཞུང་ཐུང་ངུ་དེ་སྐབས་དེར་མདའ་ཡར་ཆབ་གཙང་པོའི་ཆུ་མཇུག་ཀོང་རོང་གི་མཐའ་ནས། ཕུ་ཡར་ཆབ་གཙང་པོའི་ཆུ་མགོ་ཞང་ཞུང་ཡུལ་གྱི་བར་གཞུང་ལ་བསྲིངས་པ་དང་། དེ་བཞིན་ཡར་ལུང་གི་ཡུལ་ཁ་ཞེང་ཆུང་ངུ་དེ་ཡང་ད་ཆ་ལྷོ་མོན་གྱི་ཡུལ་ནས། བྱང་མཐའ་མེད་ཀྱི་འབྲོག་ཐང་མ་ཟད་ཀྱི་བར་དུ་རྒྱ་སྐྱེད་དེ། མི་མཐུན་མཐའ་བཞིའི་དགྲ་བོ་ཀུན་ལས་རྣམ་པར་རྒྱལ་བ་ཡིན་གསུངས་པ་ལྟར། ཡར་ཀླུང་བཙན་པོའི་ཆབ་འོག་ཤར་ནས་ནུབ་བར་གྱི་རིང་ཚད་དེ་ཡར་ཆབ་སྔོ་མོའི་བཞུར་ཚད་དང་མཚུངས་པར་བསྟན་པ་བཞིན་དུས་དེ་ཙམ་ནས་བཟུང་སྲིད་པའི་ཆུ་ཀླུང་ཆེན་པོ་འདི་ལའང་ཡར་ཀླུང་གཙང་པོ་བྱ་བའི་ཐ་སྙད་དེ་ཐོགས་པ་ཡིན་ཞེས་འགྲེལ་ན་འཐད་པ་ཡིན་སྙམ་པ་འདིའང་དཔྱད་གཞིའི་ཚུལ་དུའོ། ། མདོར་ན་དེང་གི་དུས་སུ་ཡར་ཀླུང་གཙང་པོ་ཞེས་པའི་ཐ་སྙད་དེ་གང་སར་རླུང་ལྟར་གྲགས་པས་ཚགས་པར་དང་། དུས་དེབ་ཁག རྒྱང་བསྒྲགས། བརྙན་འཕྲིན། ཐ་ན་གཞས་ཚིག་ཚུན་ཆད་གང་ས་ཅི་ཐད་ནས་མི་རྣམས་ཀྱིས་མཐོང་ཐོས་ཡང་ཡང་ཡོང་བའི་མིང་ཚིག་ཅིག་ཏུ་གྱུར་པར་བརྟེན་རང་ལྗོངས་ཙམ་དུ་མ་ཟད། རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་ཡུལ་གྲུ་ཇི་སྙེད་ཅིག་ཏུ་ཡང་ཉིན་བཞིན་རྒྱ་ཁྱབ་འགྲོ་བཞིན་ཡོད། དེར་བརྟེན་འཛམ་གླིང་ཡང་རྩེའི་གནས་མཆོག་ཁ་བ་ཅན་གྱི་མཚོན་རྟགས་སུ་གྱུར་པའི་གྲགས་ཅན་སྲིད་པའི་རི་ཆུ་དག་གི་མཚན་སྙན་འདི་རིགས་ཀྱི་འབྱུང་ཁུངས་སམ་གོ་དོན་གང་ཡིན་པ་དེར་ཅུང་ཚན་རིག་ལྡན་ལ་དོན་དངོས་དང་མཐུན་གང་ཐུབ་ཅིག་འཚོལ་ཞིབ་བྱ་རྒྱུའི་དོན་དུ་དམིགས་ནས་མེ་ཏོག་མཉམ་བཞད་ཀྱི་མཛད་ཕྱོགས་གཞིར་བཟུང་བགྲོ་གླེང་གི་ཚུལ་དུ་དཔྱད་གཞིའི་ཆེད་རྩོམ་འདི་འདྲ་ཞིག་“རྟ་ངན་པ་རྒྱུག་པ་དེ། བཟང་པོའི་སྣ་ཁྲིད་”དུ་འགྱུར་རེས་སྤེལ་བ་ལགས་ན་ཐོས་པ་རྒྱ་མཚོའི་ཕ་རོལ་དུ་སོན་ཞིང་། རྣམ་དཔྱོད་པདྨའི་འདབ་སྟོང་ལྟར་ཡངས་པའི་མཁྱེན་ལྡན་རྣམ་པ་ཚོས་ནོར་འཁྲུལ་དུ་གྱུར་རིགས་ལ་སུན་འབྱིན་ཚུད་པའི་མཐའ་དཔྱོད་ཀྱི་རོགས་རམ་དང་སློབ་སྟོན་གང་མང་ལྷུག་པོར་སྩོལ་བའི་རེ་འདུན་ཞུ་བ་ལགས་སོ། །

(དཔྱད་རྩོམ་འདི་ཉིད་༡༩༩༦ལོའི་《བོད་ལྗོངས་ཞིབ་འཇུག་》དུས་དེབ་༢པར་ཐོག་མར་སྤེལ)

 

【1】《བོད་རྒྱ་ཚིག་མཛོད་ཆེན་མོ་》དེབ་སྨད་ཆའི་ཤོག་ངོས་༢༥༥༧པར་གསལ།

 

【2】《བོད་ལྗོངས་ཉིན་རེའི་ཚགས་པར་》༡༩༩༥ལོའི་ཟླ་༡༠ཚེས་ ༡༣ཉིན་གྱི་པར་ངོས་གསུམ་པར་གསལ།

 

【3】《བརྡ་དག་མིང་ཚིག་གསལ་བ་》ཤོག་པར་ངོས་༡༨པར་གསལ།

 

【4】《དག་ཡིག་གསར་བསྒྲིགས་》ཤོག་པར་ངོས་༡༡པར་གསལ།

 

【5】《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》ལྕགས་པར་མའི་ཤོག་ངོས་༨༥པར་གསལ།

 

【6】《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ལྕགས་པར་མའི་ཤོག་ངོས་༢༥༤、༢༥༨པར་གསལ།

 

【7】《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ལྕགས་པར་མའི་ཤོག་ངོས་༢༥༤、༢༥༨པར་གསལ།

 


【8】 《མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་》ལྕགས་པར་མའི་ཤོག་ངོས་༢༥༤、༢༥༨པར་གསལ།

 

【9】《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ལྕགས་པར་མའི་ཤོག་ངོས་༡༥༡པར་གསལ།

 

【10】《འབེལ་གཏམ་ལུང་གི་སྙིང་པོ་》ཕྱི་པར་མའི་ཤོག་ངོས་༦༣、༦༦པར་གསལ།

 

【11】《འབེལ་གཏམ་ལུང་གི་སྙིང་པོ་》ཕྱི་པར་མའི་ཤོག་ངོས་༦༣、༦༦པར་གསལ།

 

【12】《རྒྱལ་རབས་》ཡིག་རྙིང་བྲིས་མའི་ཤོག་གྲངས་༧པ་༨པར་གསལ།

 

【13】《སྦ་བཞེད་》ལྕགས་པར་མའི་ཤོག་ངོས་༣༡པར་གསལ།

 

【14】《ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་》དཔེ་རྙིང་བྲིས་མའི་ཤོག་ངོས་༤༦པར་གསལ།

 

【15】《སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་》བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་ཤོག་ངོས་༡༣པར་གསལ།

 

【16】《ཇོ་བོའི་ལོ་རྒྱུས་ཆེན་མོ་》དཔེ་རྙིང་བྲིས་མ་ཤོག་ངོས་༨༤པར་གསལ།

 

【17】《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་》ལྕགས་པར་མའི་ཤོག་ངོས་༡༨༩པར་གསལ།

 

【18】《དེབ་ཐེར་དམར་པོ་》ལྕགས་པར་མའི་ཤོག་ངོས་༣༣པར་གསལ།

 

【19】《རྒྱལ་རབས་གསལ་བའི་མེ་ལོང་》ལྕགས་པར་མའི་ཤོག་ངོས་༥༥、༥༧པར་གསལ།

 

【20】《རྒྱལ་རབས་གསལ་བའི་མེ་ལོང་》ལྕགས་པར་མའི་ཤོག་ངོས་༥༥、༥༧པར་གསལ།

 

【21】《བཀའ་ཐང་སྡེ་ལྔ་》ལྕགས་པར་མའི་ཤོག་ངོས་༤༣༤པར་གསལ།

 

【22】《བོད་རྒྱ་ཚིག་མཛོད་ཆེན་མོ་》ཤོག་ངོས་༤༦、༢༥༥༩པར་གསལ།

 

【23】《བོད་རྒྱ་ཚིག་མཛོད་ཆེན་མོ་》ཤོག་ངོས་༤༦、༢༥༥༩པར་གསལ།

 

【24】《ཡར་ལུང་ཇོ་བོ་ཤཱཀྱ་རིན་ཆེན་གྱི་ཆོས་འབྱུང་》ལྕགས་པར་མའི་ཤོག་ངོས་༣༩、༤༤པར་གསལ།

 

【25】《ཡར་ལུང་ཇོ་བོ་ཤཱཀྱ་རིན་ཆེན་གྱི་ཆོས་འབྱུང་》ལྕགས་པར་མའི་ཤོག་ངོས་༣༩、༤༤པར་གསལ།

 

【26】《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་》ལྕགས་པར་མའི་ཤོག་ངོས་༡༢༩、༡༣༤པར་གསལ།

 

【27】《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་》ལྕགས་པར་མའི་ཤོག་ངོས་༡༢༩、༡༣༤པར་གསལ།

 

【28】《དེབ་ཐེར་སྔོན་པོ་》ལྕགས་པར་མའི་ཤོག་ངོས་༡༢༦པར་གསལ།

 

【29】《ཆོས་འབྱུང་མཁས་པའི་དགའ་སྟོན་》ལྕགས་པར་མའི་ཤོག་ངོས་༡༦༢པར་གསལ།

 

【30】༡༩༩༥、༨、༢༤ཉིན་གྱི་《བོད་ལྗོངས་ཉིན་རེའི་ཚགས་པར་》བོད་ཡིག་པར་ངོས་དང་པོའི་ཐོག་ནས་དྲངས།

 

【31】《བོད་རྒྱ་ཚིག་མཛོད་ཆེན་མོ་》དེབ་སྨད་ཆའི་ཤོག་ངོས་༢༥༥༧པར་གསལ།

 

【32】《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་དང་པོའི་ཤོག་ངོས་༡༢༡-༡༢༢བར་གསལ།

 

【33】《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》པེ་ཅིན་ལྕགས་པར་མའི་ཤོག་ངོས་༩༨、༥༢པར་གསལ།

 

【34】《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》པེ་ཅིན་ལྕགས་པར་མའི་ཤོག་ངོས་༩༨、༥༢པར་གསལ།

 

【35】《རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ་》ལྕགས་པར་མའི་ཤོག་ངོས་༢༡༠པར་གསལ།

 

【36】《མངོན་བརྗོད་ཀྱི་བསྟན་བཅོས་མཁས་པའི་རྣ་རྒྱན་》པེ་ཅིན་ལྕགས་པར་མའི་ཤོག་ངོས་༩༤པར་གསལ།

 

【37】《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》ལྷ་སའི་ལྕགས་པར་མའི་དེབ་གསུམ་པའི་ཤོག་ངོས་༢༡༤པར་གསལ།

 

【38】《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས་》ཤོག་ངོས་༦༣、༧༩པར་གསལ།

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།