སྙན་རྩོམ《སྤྲིན་གྱི་ཕོ་ཉ》ལ་དཔྱད་པ་གསར་བ།
རྩོམ་པ་པོ།  ལྕགས་མོ་མཚོ།    སྤེལ་དུས།  2012-09-19 11:53:31    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

 ནང་དོན་གནས་བསྡུས།

 དཔྱད་རྩོམ་འདིར་གནའ་བོའི་རྒྱ་གར་གྱི་སྙན་ངག་མཁན་པོ་སློབ་དཔོན་ནག་མོ་ཁོལ་གྱིས་བརྩམས་པའི<<སྤྲིན་གྱི་ཕོ་ཉ>>ལ་དཔྱད་པ་བཏང་ཡོད་ཅིང་།འདིར་སྙན་རྩོམ་གྱི་བརྗོད་བྱ་དོན་གྱི་ཁྱད་ཆོས་དང་རྗོད་བྱེད་ཚིག་གི་ཁྱད་ཆོས།དེ་མིན་བརྗོད་རིམ་བཀོད་པའི་ཁྱད་ཆོས་བཅས་ཁག་གསུམ་དུ་བགོས་ཏེ།སྙན་ངག་མེ་ལོང་མའི་གཞུང་ལྟར་བརྩམས་པའི་སྙན་རྩོམ་འདིའི་བརྗོད་བྱ་དགའ་མའམ་མཛེས་མ་བྱས་པ་དང་།ཐུན་མིན་གྱི་རྗོད་བྱེད་ཚིག་གི་སྒྱུ་རྩལ་ཁྱད་ཆོས་དང་རྒྱན་སྣ་ཚོགས་ཉམས་དང་ལྡན་པའི་སྒོ་ནས་དྲངས་པའི་སྨྱུག་རྩལ་ལ་ཡི་རང་དང་བཅས་དཔྱད་པ་གཏོང་ཁུལ་ཙམ་བྱས་ཡོད་པའོ།།
 གཙོ་གནད་ཚིག སྙན་རྩོམ།      ཡིད་གཟུགས།     སྤྲིན་གྱི་ཕོ་ཉ།  
 
 
 གླེང་གཞི།
 
    དེ་ཡང་སྙན་ངག་ནི་སྤྱི་ཚོགས་ལས་བྱུང་ཞིང་།སྙན་ངག་གིས་སྤྱི་ཚོགས་ཀྱི་རྣམ་པ་མི་འདྲ་བ་སྣ་ཚོགས་ཟུར་གྱིས་མཚོན་པར་བྱེད་ཅེས་པ་ལྟར་སྔོན་བྱོན་མཁས་པ་དག་གིས་སྙན་ངག་ལ་མཚན་ཉིད་འདྲ་མིན་མང་པོ་བཞག་ཡོད་ཅིང་།སྙན་ངག་སྨྲ་བ་ཀི་རའོ་ཟི་ཡིས་སྙན་ངག་ཡོད་ཚད་ཚོར་འདུ་ཤུགས་དྲག་པ་ལས་བྱུང་བ་ཡིན་ལ།ཚོར་འདུ་ཤུགས་དྲག་པོ་དེ་མཚོན་པ་ཡིན་ཞེས་གསུངས་པ་བཞིན་འདིར་གནའ་བོའི་རྒྱ་གར་གྱི་སྙན་ངག་གྲགས་ཅན<<སྤྲིན་གྱི་ཕོ་ཉ>>ལ་མཚོན་ནའང་སྙན་ངག་གི་ཚོར་འདུས་ཕྱུག་པའི་སྙན་རྩོམ་ཞིག་ཡིན་ཞིང་།སྙན་ངག་འདིར་རྩོམ་པོས་བློས་བསླངས་ཀྱི་རྣམ་པ་ཡིད་ཀྱི་དམིགས་བྱ་ཞིག་ལ་བརྟེན་ནས་ནམ་མཁའི་སྤྲིན་དཀར་ལ་རང་གི་ནང་སེམས་ཀྱི་འགྱུར་བ་བརྗོད་ཞོར་ཕོ་ཉ་བཏང་བའི་སྣང་ཚུལ་དང་།དེ་མིན་སྙན་ངག་རྩོམ་པོའི་འཚོ་བའི་ཁོར་ཡུག་དང་རྒྱབ་ལྗོངས།སེམས་ཁམས།རྩོམ་གྱི་བློས་བསླངས་དང་བརྗོད་བྱ་རྗོད་བྱེད་ཀྱི་ཁྱད་ཆོས་ལ་སོགས་པར་དཔྱད་པའི་རོལ་མོ་ཙམ་དཀྲོལ་ཁུལ་བྱེད་དོ།།
དང་པོ།   སྙན་རྩོམ་གཞུང་གི་སྤྱི་ཁོག་མདོར་བསྟན་པ།
སྤྲིན་པར་བསྐུར་བའི་འཕྲིན་སྐྱེལ་བའམ་སྤྲིན་གྱི་ཕོ་ཉ་ཞེས་པ་ནི་གནའ་བོའི་རྒྱ་གར་གྱི་སྙན་ངག་མཁན་ཆེན་པོ་ཚིག་རྒྱན་གྱི་མཛེས་ཉམས་འདོན་པ་ལ་མཆོག་ཏུ་གྱུར་པའི་གྲགས་པ་དོན་དང་ལྡན་པ་ནག་མོ་ཁོལ་གྱིས་མཛད་པ་ཡིན་ཞིང་།སློབ་དཔོན་ནག་མོ་ཁོལ་ཁོང་ནི་སྐབས་དེ་དུས་ཀྱི་རྒྱ་གར་གྱི་མིང་དུ་གྲགས་པའི་སྙན་ངག་མཁན་ཆེན་མོ་ཞིག་ཡིན།  
 ཕོ་ཉ་དེའི་ནང་དོན་ནི་གནོད་སྦྱིན་བདག་པོའི་བཀའ་བཀྱོན་ཕོག་པའི་གནོད་སྦྱིན་ཁོལ་པོ་ཞིག་བྱང་ཕྱོགས་ལྕང་ལོ་ཅན་ནས་ལྷོ་ཕྱོགས་རཱ་མའི་རི་བོར་སྤྱུགས་པ་དང་།རྒྱལ་བོའི་བཀའ་ལ་ཟློག་ཐབས་མེད་པའི་དཔེ་ལྟར་རང་གི་དགའ་མ་དང་ཁ་བྲལ་བའི་དུས་ཡུན་ནང་ཁོང་གིས་ཉིན་མོའི་ཟས་དང་མཚན་གྱི་གཉིད་ཀྱང་མེད་པར་དགའ་མ་དྲན་པའི་གདུང་བས་མནར།དེ་ཡང་རེ་ཞིག་ལྷོ་ཕྱོགས་ནས་བྱང་དུ་སྤྲིན་དཀར་གླང་པོ་ལང་ལོང་འགྲོ་བ་མཐོང་འཕྲལ།དེ་མ་ཐག་དྲན་པའི་གདུང་བ་སྐྱུར་མོ་འཕྲིན་པའི་ཚུལ་དུ་སྤྲིན་ལ་བཅོལ་ནས་དགའ་མའི་མདུན་དུ་ཕོ་ཉར་མངགས་པ་དང་།ལམ་གྱི་རང་བྱུང་གི་བཀོད་པ་དང་ཡུལ་ལྗོངས་སྣ་ཚོགས། དེ་མིན་ཡུལ་དང་ཡུལ་ཅན་གྱི་མིའི་རིགས་ཀྱི་འགྲོ་ལུགས་སྤྱོད་གསུམ་དང་གོམས་སྲོལ།དགའ་མའི་སྡོད་ཤག་དང་མཛེས་པ་སོགས་བརྗོད་དེ།དགའ་མ་དྲན་པའི་གདུང་བ་དང་སྐྱོ་སྣང་རྣམས་སྙན་ངག་གི་ལམ་ནས་མཚོན་པར་བྱས་ཡོད།དེར་ཤོ་ལོ་ཀ་ག་ཚོད་ཡོད་པར་མཁས་པ་རྣམས་ལ་བཤད་ཚུལ་མང་པོ་ཡོད་མོད།རྒྱ་གར་གྱི་མཁས་པ་མཱ་ལི་ན་ཐས་ཞུ་དག་བྱས་པར་ཤོ་ལོ་ཀ་བརྒྱ་དང་བཅོ་ལྔ་ཡོད་པའི་ལྟ་ཚུལ་དེ་འཐད་ལྡན་དུ་འཛིན་མཁན་མང་བས་འདིར་རང་གི་དཔྱད་གཞིར་བཏང་བའི་མ་རྩོམ་ཡང་དེའི་གྲངས་ཚད་ལྟར་དང་།གཞན་སྙན་ངག་གི་བསྟན་བཅོས་འདི་ཉིད་འཛམ་གླིང་གི་ཡིག་རིགས་མང་པོར་ཕབ་བསྒྱུར་གྱིས་འགྲོ་དོན་རྒྱ་ཆེར་བྱུང་ལ།གཞུང་འདི་བོད་སྐད་དུ་དཔོན་ཆེན་ནམ་མཁའ་བཟང་པོས་དཔལ་ས་སྐྱའི་གཙུག་ལག་ཏུ་ཕབ་བསྒྱུར་གནང་སྐབས་ལོ་ཙཱ་བ་རྣམས་ཀྱིས་བསྒྱུར་བ་ལས་ང་ཚོ་གངས་ཅན་བོད་ཀྱི་ཕྱིས་ཀྱི་སྙན་ངག་གི་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་ཡོད་པ་དཔེར་ན།དུས་རབས་ཉི་ཤུའི་ནང་ཡོངས་འཛིན་རིན་པོ་ཆེ་སྒེའུ་རྟིང་བློ་བཟང་དཔལ་ལྡན་གྱིས་བརྩམས་པའི་<<ཕོ་ཉ་གཞོན་ནུ་དོན་གྲུབ་མ>>ལྟ་བུར་མཚོན་ན།སྒེའུ་རྟིང་ཁོང་གིས་ཀྱང་སློབ་དཔོན་ནག་མོ་ཁོལ་གྱི་འབྲི་ཐབས་སྤྱད་དེ་རང་གི་སློབ་མ་རྗེ་འཇིགས་མེད་དམ་ཆོས་རྒྱལ་མཚན་ལ་སྤྲིན་པའི་ཕོ་ཉ་གཞོན་ནུ་དོན་གྲུབ་བྱ་བ་ཞིག་བློ་བཟོ་བྱས་ཏེ་རང་གི་འཕྲིན་གྱི་ཞུ་དོན་དང་། དེ་མིན་ལམ་གྱི་རྣམ་པ་དང་ཡུལ་ལྗོངས་ཀྱི་མཛེས་པའམ་ཡུལ་ཁམས་དེའི་སྣོད་བཅུད་ཀྱི་བཀོད་པ་སོགས་གསལ་བོར་བརྗོད་པར་བྱས་པ་སོགས་བོད་དང་རྒྱ་གར་གྱི་སྙན་ངག་གི་ཁྱད་ཆོས་ཟུང་འབྲེལ་གྱིས་མཚོན་པའི་སྙན་ངག་ནི་ཤིན་ཏུ་མང་བའོ།།
གཉིས་པ།   བརྗོད་བྱ་དོན་གྱི་ཁྱད་ཆོས།
 སྙན་ངག་བཟང་ཤོས་ཤིག་ལ་ཕྱི་རྐྱེན་དང་ནང་རྐྱེན་གཉིས་ཚང་དགོས་པར་འདོད་དེ།སྙན་ངག་གི་ནང་རྐྱེན་ནི་གོང་སྨོས་ཀྱི་ཚོར་འདུ་ཤུགས་དྲག་པ་དེ་ཡིན་ལ།ཚོར་འདུ་ཇི་བཞིན་ཕྱིར་མངོན་པར་བྱེད་པའམ་མཚོན་པར་བྱེད་པ་ནི་ཚིག་གི་རྒྱན་ཏེ་ཐ་སྙད་ཀྱི་བཀོད་སྒྲིག་ལ་རག་ལས་ཕྱིར།ཚིག་རྒྱན་གྱི་ཆ་དེ་ལ་ཕྱི་རྐྱེན་ཟེར།ཞེས་པ་ལྟར་སྙན་ངག་ཅིག་ཡིན་ན་ཚོར་བ་ནི་སྲོག་ཤིང་ཡིན་ཞིང་།ཚོར་བ་ལས་སྙན་ངག་བྱུང་ཞེས་བརྗོད་ན་མི་འགྲིག་པ་མེད་པར་སྙམ། 
བརྗོད་བྱའི་དོན་གྱི་ཁྱད་ཆོས།
  མངོན་བརྗོད་དང་གཏམ་རྒྱུད་ཀྱིས་གང་བ།
<<སྤྲིན་གྱི་ཕོ་ཉ>>ནི་གནོད་སྦྱིན་རྒྱལ་པོ་གང་གིས་གནོད་སྦྱིན་ཁོལ་པོ་ཞིག་བྱང་ཕྱོགས་ལྕང་ལོ་ཅན་ནས་ལྷོ་ཕྱོགས་རཱ་མའི་རི་བོར་སྤྱུགས་པ་དང་།རཱ་མའི་རི་བོ་ནས་ཁོང་ཉིད་ཀྱིས་རང་གི་དགའ་མ་དྲན་པ་དང་།ལུས་སེམས་ཡིད་གསུམ་གང་དུ་དགའ་མ་ཁོ་ན་དྲན་པའི་འདོད་བརྩེས་ཁྱབ་པར་བྱས་ཏེ་དེའི་གདུང་བས་མ་བཟོད་པར།འཆར་སྣང་དང་རྟོག་བཏགས་ཀྱི་འབྲི་ཐབས་སྤྱད་ནས་དྲན་པའི་གདུང་བ་སྤྲིན་པར་བཅོལ་ཏེ་དགའ་མའི་ཕྱོགས་སུ་ཕོ་ཉར་བཏང་།དེར་འབྲི་བའི་གོ་རིམ་ཁྲོད་རྩོམ་པ་པོས་སྙན་རྩོམ་གྱི་ཐོག་མཐའ་བར་གསུམ་དུ་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་མང་པོ་བཀོལ་ཡོད་པ་དཔེར་ན།སྐྱ་སེང་བུ་ལྔའི་གཏམ་རྒྱུད་ཀྱི་ཤོ་ལོ་ཀ་བཞི་བཅུ་པ།
མྱོས་པར་བྱེད་པའི་རོ་ལྡན་དགའ་མ་སྣར་མའི་ཚིག་གིས་མཚན་པའི་ཆང་ནི་སྤངས་བྱས་ནས།།
རང་གི་གཉེན་ལ་དགའ་བར་གྱུར་པས་གཡུལ་ལས་ཕྱིར་ཕྱོགས་སྟོབས་བཟང་གང་དེ་བལྟ་བར་བྱ།།
ཀྭ་ཡེ་ཞིང་ལྡན་སཱ་ར་སྭ་ཏིའི་ཆུ་ལ་མངོན་པར་ཕྱོགས་ཚེ་ཁྱོད་ཀྱིས་འཐུངས་བྱས་ནས།།
ལུས་ཀྱི་ཁ་དོག་དག་ནི་ནག་པོར་འགྱུར་ཞིང་ནང་གི་བསམ་པ་ཡང་ནི་དཀར་བ་ཉིད།།       
ཅེས་སྐྱ་སེང་གི་བུ་ལྔས་གཡུལ་འགྱེད་བྱས་པའི་རིག་བྱེད་ཀྱི་གཏམ་རྒྱུད་དེ་དང་མ་སྦྲགས་ན་གོ་དོན་རྟོགས་ཐབས་བྲལ།གཏམ་རྒྱུད་དང་སྦྱར་བས་དཔེ་དོན་ཆ་འགྲིག་པས་བརྗོད་བྱ་གསལ་པོར་མཚོན་ནུས་སྟབས་སྙན་ངག་གི་དོན་རྟོགས་སླ་ཞིང་།གཏམ་རྒྱུད་ཀྱིས་སྙན་རྩོམ་གྱི་ཤེས་བྱའི་ཤོང་ཚད་དང་ཀློག་མཁན་ལ་སྤྲོ་སྣང་སྟེར་བའི་ནུས་པ་ཆེས་ཆེར་འཕེལ།
སྙན་རྩོམ་ཧྲིལ་བོར་བརྗོད་དོན་དགའ་མ་དང་འབྲེལ་ནས་བརྒྱུས་པ།
དགེ་ཆོས་ཀྱིས།རང་གི་རང་དོོན་ཡུལ་གྱི་སྤྱི་དོན་དང་།།རྒྱལ་པོའི་རྒྱལ་སྲིད་སྤྲང་པོའི་འཚོ་ཐབས་སོགས།།ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་།།མེད་དུ་མི་རུང་བ་ནི་བུད་མེད་ཡིན།།        ཞེས་དང་།  
བུད་མེད་མི་འདོད་སྐྱེས་པ་སུ་ཞིག་མཆིས།།     སྐྱེས་པ་མི་འདོད་བུད་མེད་སུ་ཞིག་མཆིས།།
ཕྱི་རོལ་བརྫུ་ཡི་ཁྱད་པར་མ་གཏོགས་པ།། ཐམས་ཅད་ཀུན་ཀྱང་འདི་ལ་དགའ་བར་མོས།།ཞེས་པ་ལྟར་བུད་མེད་གཙོར་འཛིན་ཞིང་།བུད་མེད་དེ་ཀུན་ལས་བརྗོད་གཞིར་གྱུར་པ་བཞིན་སྤྲིན་གྱི་ཕོ་ཉ་དེའང་བུད་མེད་བརྗོད་གཞི་བྱས་པའི་བརྩེ་ཡིག་ཅིག་རེད་ཅེས་བཤད་ཆོག་པར་སྙམ།
<<སྤྲིན་གྱི་ཕོ་ཉའི>>ལམ་ཁའི་རང་བྱུང་གི་ཡུལ་ལྗོངས་དང་ལམ་ཁའི་མིའི་རྣམ་པའམ་འཚོ་བ་སོགས་འབྲི་བ་ཡིན་ནའང་།ཐམས་ཅད་ཀྱི་གཞི་རྐང་རྣམས་སྙིང་དང་འབྲེལ་བ་ལྟར་ཡོད་ཚད་རང་གི་བསྟན་དོན་དང་བརྗོད་བྱའི་སྙིང་པོ་དང་འབྲེལ་ཆགས་པ་ཤ་སྟག་གིས་ལྕགས་ཀྱི་གོང་བུར་དྲིལ་ཞིང་།ཡུལ་དང་གང་ཟག་གང་དེར་རང་གི་བློ་བཟོས་གདམ་གསེས་དང་ལས་སྣོན་བྱས་ཏེ།ལམ་གྱི་རིང་ཐུང་གི་ཡུལ་ལྗོངས་དང་གང་ཟག་གང་གི་ཆར་དགའ་མས་ཕྲེང་བ་སྦྲེལ་ནས་དགའ་མ་དྲན་པའམ་དགའ་མ་དང་བྲལ་བའི་སྐྱོ་གདུང་མཚོན་པར་བྱས།ལམ་ཁའི་དངོས་པོ་གང་རུང་ལ་དངོས་པོ་དེའི་དགའ་མ་དང་བྲལ་བ་ཞེས་དགའ་མ་སྦྱར་བར་བྱས་ཏེ་སྙན་ངག་རང་གི་བསམ་པའི་འདུ་བྱེད་ཀྱི་ལས་གཞན་ཕ་རོལ་པོར་ཆེས་ཆེར་གཡོས་པར་བྱས།རང་གི་སེམས་ཁམས་ཀྱི་ཆོས་ཉིད་དེ་གཞིར་བཟུང་ནས་ཐབས་མཁས་ཀྱིས་སྤྲིན་དང་རི་བོའི་རྣམ་པ་རབ་རྟོག་གི་རྒྱན་གྱིས་བྲིས་པའི་ཤུགས་ནས། དོན་གྱིས་མི་སྣའི་ནང་སེམས་ཀྱི་གྱེས་གདུང་གི་མྱ་ངན་དྲག་པོ་དེ་མཚོན་པར་བྱས་ཡོད།
འདི་ནི་འདོད་པའི་ལོངས་སྤྱོད་དང་སྦྱར་བའི་སྙན་རྩོམ་ཞིག་སྟེ།ཆང་འཐུང་དགའ་བའི་དགའ་སྟོན་དང་།བསླུ་བ་དང་ནི་བག་མ་དང་།གཞོན་ནུ་སྐྱེ་དང་འཕེལ་བ་དང་ཞེས་པའི་བརྗོད་བྱའི་ཟུར་ལས་མ་འདའ་བར་ཐོག་མཐའ་བར་གསུམ་དུ་སྦྱར་ཡོད་ལ།དེ་མིན་རང་གིས་དགའ་མ་དྲན་པའི་གདུང་བ་དང་དགའ་མའི་མཛེས་པ་བརྗོད་པ་མ་ཟད།ཡུལ་གྱི་བཀོད་པ་དང་རང་བྱུང་ཁམས་ཀྱི་རི་ཆུ་སོགས་བརྗོད་སྐབས་ཀྱང་འདོད་པའི་ཚིག་ལས་ཡོལ་བ་མེད་པར་ཕོ་ཉ་བརྒྱུད་པའི་ལམ་ཧྲིལ་བོར་དགའ་མའམ་མཛེས་མའི་ཚིག་བསྟུད་མར་བྲིས་ཡོད་པའོ།།
 རང་དཔེ་གཞན་ལ་བཀོད་པའམ་སེམས་ལྡན་རབ་རྟོག 
 རང་དཔེ་གཞན་ལ་སྦྱར་ན་ཤིན་ཏུ་འཕྲོད།།གཞན་དཔེ་རང་ལ་སྦྱར་ན་ལྷག་པར་འཕྲོད།།
རང་མཚང་རང་གིས་བྲུས་ན་འཕྲོད་པ་ཡིན།།ཞེས་པ་ལྟར་རྩོམ་པ་པོས་རང་གི་དགའ་མ་དྲན་པའི་གདུང་བ་ལས་རང་གི་ཉེ་མདུན་གྱི་བྱ་དངོས་གང་རུང་ལ་ཡང་འདོད་ཆགས་སྦྱར་ཡོད་པ་དང་།ཡང་ན་གང་ཞིག་གནས་གང་དུ་འགྲོ་སྐབས་དེ་ཉིད་ལ་སྐྱ་ཡའམ་དགའ་མ་ཞིག་སྦྱར་ནས་དེ་དང་དེར་དྲན་པའི་གདུང་བ་དང་བརྩེ་བས་གྱེས་ཕྱག་ཕུལ་དགོས་པར་སྐུལ་བ་སྟེ།རང་སེམས་ཀྱི་ཚོར་བ་ཟབ་མོའི་རྨ་ཁ་དེ་གཞན་ཐོག་ཏུ་མི་འབྱུང་བར་སྨོན་ནས་ཁ་ཏ་བྱས་པ།དཔེར་ན་ཤོ་ལོ་ཀ་བཅུ་གཉིས་པ་ལས།                     ར་གྷུའི་བདག་པོའི་ཞབས་ཀྱིས་མཚན་པའི་རི་ངོས་རྣམས་ལ་སྐྱེ་བོ་ཀུན་གྱིས་ཕྱག་བྱེད་པའི།།
ཆེ་བའི་རི་བོ་འདི་ནི་ཁྱོད་ཀྱི་དགའ་བའི་གྲོགས་བཟང་ཁྱོད་ལངས་འཁྱུད་པ་སྔོན་འགྲོ་བའི།།
མཛའ་བ་གསལ་བྱས་ཡུན་རིང་འབྲལ་ལས་བྱུང་བའི་མཆི་མའི་དྲོ་བའང་འབྱུང་བ་ཡོངས་མཐོང་ལ།།
ཁྱོད་དང་གང་དེ་དུས་དུས་དག་ཏུ་ཡང་དག་མཇལ་འགྱུར་ཞེས་ནི་བྱས་ནས་ཁམས་བདེ་མཛོད།།ཅེས་སྤྲིན་ཁྱོད་རི་བོར་མཛའ་བ་དམ་པོའི་ཚུལ་མངོན་པར་གསལ་བར་བྱས་ཏེ་རི་བོ་དེར་ཡུན་རིང་འབྲལ་བར་གྱུར་པ་ལས་སྐྱོ་བ་སྐྱེས་ངེས་པས་སེམས་གསོ་གཏོང་བར་སྐུལ་མ་བྱས་པ་དེ་ལྟ་བུ་འཆར་སྣང་སྣ་ཚོགས་ཀྱི་སྒོ་ནས་མིའི་སེམས་ཁམས་ཡོངས་སུ་ལྡན་པར་བྱས་པའི་སྒྱུ་རྩལ་བཀོལ་ཡོད།
༤ སྙན་རྩོམ་ཧྲིལ་བོར་དངོས་གཟུགས་དེ་ཡིད་གཟུགས་སུ་འགྱུར་བར་བྱས་པའི་ཐབས་བཀོལ་བ།
རྩོམ་པོ་གང་ཉིད་ཀྱིས་རང་གི་བརྗོད་གཞིའི་དངོས་དོན་དང་ཚོར་བ་གང་ཞིག་ཀློག་པ་པོ་རྣམས་ལ་བརྗོད་སྐབས་རྩོམ་མཁན་གྱིས་རང་སེམས་ཀྱི་མྱོང་གོམས་དང་བག་ཆགས།ཚོར་འདུ་དག་དངོས་གཟུགས་དེའི་ཁྱད་ཆོས་དང་རྣམ་པ།ཆོས་ཉིད་སོགས་དང་མཐུན་པར་སྦྱར་ཏེ་དངོས་གཟུགས་ཀྱི་སྟེང་དུ་ཡིད་འགྱུར་སིམ་པར་བྱས་ཤིང་།དེ་ནས་སླར་ཡང་རྗོད་བྱེད་ཀྱི་ཚིག་ལ་བརྟེན་ནས་འབྲི་བཞེངས་བྱས་ན་ད་གཟོད་དངོས་གཟུགས་དེ་ཡིད་གཟུགས་སུ་འགྱུར་བ་ཡིན། དེ་ལྟར(ཕྱིའི་དངོས་གཟུགས་+ནང་གི་ཡིད་འགྱུར=ཡིད་གཟུགས)ཡིད་གཟུགས་གྲུབ་ཟིན་པའི་རྗེས་སུ་སྙན་ངག་པའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུའམ་ཡིད་འགྱུར་དེའང་ཡིད་གཟུགས་དེའི་སྟེང་ནས་ངང་ངམ་ཤུགས་ཀྱིས་མངོན་ཐུབ་པ་རེད།     འདིར་<<སྤྲིན་གྱི་ཕོ་ཉ>>ནང་དུའང་དངོས་གཟུགས་དེ་ཡིད་གཟུགས་སུ་འགྱུར་བའམ་རྟོག་བཟོའི་ཆ་བཀོལ་བ་ཧ་ཅང་མང་ཞིང་།རྩོམ་པ་པོས་རང་གི་བློ་འཆར་དང་ཡིད་བཟོའི་ནུས་པར་བརྟེན་ནས་ཡིད་ཀྱི་ཚོར་འདུ་དང་བག་ཆགས་དག་འཆར་འཕྲོས་ཀྱི་རྣམ་པས་འབུར་དུ་མཚོན་པར་བྱས་ཡོད།དེ་ལྟར་བརྩམ་ན་ཀློག་པ་པོའི་ཡིད་ཀྱིས་དངས་བ་ཤུགས་དྲག་པོའི་སྒོ་ནས་འདྲེན་ཐུབ་ལ།སྙན་རྩོམ་རང་ཉིད་ལའང་ཐུན་མིན་གྱི་ཁྱད་ཆོས་དང་རྩོམ་གཤིས་ངོ་མཚར་བ་ཞིག་ཆགས་ཐུབ།སྙན་རྩོམ་འདིར་དེ་ལྟ་བུའི་རྣམ་པ་གང་སར་འདུག་པས་རེ་རེ་དཔེར་མི་འགོད་པར་བྱའོ།།
 ནང་པ་དང་བོན་ཆོས་ཀྱི་བསམ་བློ་འདུས་པ།
བོན་ཆོས་ནི་བོད་མི་རིགས་ཀྱི་གདོད་མའི་ཆོས་ལུགས་ཡིན་ཞིང་།བོན་གྱི་བསྟན་འབྱུང་རྣམས་སུ་རྒྱ་གར་གྱི་བོན་ཆོས་དང་རྒྱ་ནག་བོན་ཆོས་སོགས་སུ་ཕྱེས་ཡོད་པ་ལས།ང་ཚོས་བོད་ཀྱི་གཡུང་དྲུང་བོན་གྱི་ཆོས་ལུགས་དེ་གནའ་དུས་སུ་རྒྱ་གར་ནག་ཏུ་དར་སྤེལ་བྱས་པའི་ལོ་རྒྱུས་ཤིག་རྟོགས་ཐུབ་ལ།དེང་གི་མཁས་པ་རྣམས་ཀྱིས་དཔྱད་པ་ལྟར་ན།གཏོ་དང་གླུད་སོགས་ཀྱི་ཆོ་གའི་རིགས་ནི་བོན་ཆོས་ཀྱི་རིག་གནས་ཀྱི་མཚོན་བྱེད་ཅིག་ཡིན་ཞེས་དང་།དེ་མིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རིག་གནས་ཀྱི་བང་མཛོད་ཁྲོད་ནས་བོན་གྱི་རིག་གནས་ཀྱི་ཆ་གང་མང་ཞིག་མཐའ་འཁོར་གྱི་གནས་མང་པོར་ཁྱབ་གདལ་དང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་གདོན་མི་ཟ།དེ་བས་<<སྤྲིན་གྱི་ཕོ་ཉའི>>སྙན་རྩོམ་དུའང་ང་ཚོས་གཏོར་མ་སོགས་འབུལ་བའི་ཆོ་གའི་རིགས་མཐོང་ཐུབ་སྟེ།
ཤོ་ལོ་ཀ་སོ་དྲུག་པ།
རྩེ་གསུམ་ཅན་ལ་ཐུན་མཚམས་ལ་ནི་གཏོར་མ་རྔ་ཆེན་བསྒྲགས་ཤིང་བསྟོད་དབྱངས་བྱེད་པ་བཞིན།།
ཁྱོད་ཀྱིས་འབྲུག་དབྱངས་བསྒྲགས་ཚེ་མ་ཚང་མེད་པའི་འབྲས་བུ་ཐོབ་པས་ཀུན་གྱི་དོན་ཡང་བྱེད།།ཞེས་དང་།
ཡང་ཤོ་ལོ་ཀ་ང་བདུན་པ།
དེར་ནི་ཆེ་ཞིང་གསལ་བའི་རྡོ་ལ་གཙུག་ན་ཟླ་ཕྱེད་འཛིན་པའི་རྐང་བཀོད་རྗེས་ལ་ནི།།
རྟག་ཏུ་གྲུབ་པ་རྣམས་ཀྱིས་གཏོར་མ་མཆོད་དེ་ཁྱོད་ཀྱིས་གུས་པས་ཕྱག་དང་སྐོར་བ་མཛོད།།ཅེས་གངས་ཅན་ཏུ་གུས་པར་བྱེད་པའི་རྡོའི་སྟེང་དུ་དབང་ཕྱུག་ཆེན་པོའི་ཞབས་རྗེས་ཡོད་པས་ཁྱེད་ཀྱིས་ཀྱང་གཏོར་མ་སོགས་མཆོད་ཅེས་ལབ་སྟེ་དད་གུས་བྱེད་དགོས་པར་གསལ་བར་བསྟན་ཡོད་ཅིང་།དུས་རབས་བཞི་པའི་ནང་གནའ་བོའི་རྒྱ་གར་གྱི་རིག་གནས་ཁྲོད་དུ་བོན་གྱི་ཆོ་གའི་རིགས་འདུས་ཡོད་པ་གསལ་བོར་རྟོགས་ཐུབ།
   གཞན་སྙན་རྩོམ་དུ་སྤྲིན་ཁྱོད་ལམ་བར་དང་ལམ་ཁའི་སྐྱེ་བོའམ་ཡུལ་གང་དུ་ཐོན་ཡང་ལས་རྒྱུ་འབྲས་བརྩི་བ་དང་།གཉོམ་ཆུང་ལ་བྱམས་དང་སྙིང་རྗེས་ཚུལ་གྱིས་སྐྱོང་དགོས་པ།གཞན་རོགས་རམ་མཁོ་བར་གང་ནུས་ཀྱིས་རོགས་བྱེད་དགོས་པ་སོགས་ནང་ཆོས་ཀྱི་ལས་རྒྱུ་འབྲས་དང་།དགེ་བཅུ་དང་མི་དགེ་བཅུ་སོགས་ཀྱི་ལྟ་བ་མང་པོ་བརྗོད་ཡོད།
<<སྤྲིན་གྱི་ཕོ་ཉའི>>སྙན་རྩོམ་གྱི་བརྗོད་བྱའི་ཁྱད་ཆོས་གཙོ་བོ་ནི་དེའི་སྒྲིག་གཞི་དང་།རྩོམ་ཧྲིལ་བོར་རྩོམ་མཁན་རང་ཉིད་ཀྱི་དྲན་པའི་མདའ་མོའམ་སྦྲེལ་ཐག་དེ་"དགའ་མ"གཙོར་བྱས་ནས་རང་གི་དྲན་གདུང་དང་གཞན་ཕྱི་རོལ་གྱི་དངོས་གཟུགས་གང་རུང་དུ་འཕོས་སུ་བཅུག་སྟེ་དྲང་ཐིག་གཅིག་གི་སྟེང་བརྗོད་གཞི་མ་འཁྱོག་པར་སྙན་པའི་སྒྱུ་རྩལ་གྱི་རོ་མངར་དང་ཐབས་མང་པོ་བཀོལ་ནས་དོན་མཚོན་པར་བྱས་ཡོད་ལ།བརྗོད་དོན་དེ་ནི་རཱ་མ་ཎའི་རྟོག་བརྗོད་ཀྱི་བརྗོད་རིམ་ལས་ཕྱིར་ལྡོག་པའི་སྣང་བ་ཞིག་མཆིས་ཏེ།རཱ་མ་ཎ་དང་སི་ཏཱ་གཉིས་རྒྱལ་ཁམས་བསྐྱུར་ནས་ནགས་ཚལ་དུ་སོང་བའི་བྱུང་རིམ་ལས།སྙན་རྩོམ་འདིར་གནས་དེ་དང་སྦྲགས་ཕྱིར་རྒྱལ་ཁམས་ཀྱི་དགའ་མ་དྲན་པའི་གོ་རིམ་ཞིག་གི་སྣང་བ་སྟེར།  

 

གསུམ་པ།  རྗོད་བྱེད་ཚིག་གི་ཁྱད་ཆོས།
སྤྱིར་སྙན་ངག་གི་མཛེས་པ་ལ་དབྱངས་ཀྱི་འདེགས་འཇོག་གི་སྙན་པའི་མཛེས་པ་དང་།བརྗོད་དོན་གྱི་མཛེས་པ། སྐད་ཆའི་སྡེབ་སྦྱོར་རམ་ཚིག་ཉམས་འདོན་ཚུལ་གྱི་མཛེས་པ་སོགས་ཡོད་མོད།
ཡིད་གཟུགས་ཀྱི་སྒྱུ་རྩལ་མཚོན་ཐབས་ཀྱིས་རྩོམ་པ་པོའི་ཡིད་འགྱུར་ཕྲ་བའམ་གཟུགས་མེད་སེམས་ཀྱི་ངོ་བོ་དག་མངོན་སུམ་སྣང་ཡུལ་དུ་གཏད་པའི་སྣང་བརྙན་ལ་བརྟེན་ནས་ཤུགས་སམ་ཟུར་ནས་མཚོན་པ་ཞིག་ཡིན།ཡིད་གཟུགས་འབྲི་བཞེངས་བྱེད་པར་དབང་ཤེས་ཀྱི་ཚོར་བ་གཙོ་བོར་འབྲི་བའི་ཚོར་བརྗེ་ཅན་གྱི་རྩོམ་ཐབས་སྤྱོད་པ་དང་།ཏིང་ངེ་འཛིན་གྱི་རྒྱན་དང་རབ་རྟོག་གི་རྒྱན་སོགས་ལ་བརྟེན་ནས་སེམས་མེད་སེམས་ལྡན་ལྟར་བརྗོད་པ་དང་འཇགས་རྣམ་འགུལ་ཉམས་སུ་བཀོད་པའི་ཐབས་གནད་དུ་བཟུང་ནས་ཡིད་གཟུགས་དེ་ལྷག་པར་གསོན་ཉམས་ལྡན་ཞིང་མཛེས་རྟོག་གི་བྲོ་བ་སྐྱེད་ཐུབ།དེ་བས་སྙན་རྩོམ་འདིའི་ཐོག་མཐའ་བར་གསུམ་དུའང་ཡིད་གཟུགས་ཀྱི་འབྲི་ཐབས་བླ་ལྷག་ཏུ་སྤྱད་དེ་རྩོམ་པ་པོས་ཡིད་ཁམས་ཀྱི་འགྱུར་བའམ་ཚོར་འདུ་ཤུགས་དྲག་པོའི་སྒོ་ནས་མཚོན་པར་བྱས་ཡོད་ཅིང་།བརྗོད་བྱའི་དོན་གྱི་ཆ་དེ་སྙན་ཞིང་འཇེབས་པ་མ་ཟད་རྗོད་བྱེད་ཚིག་གི་ཆ་དེ་ལས་ཀྱང་ངོ་མཚར་རྨད་དུ་བྱུང་བའི་སྒྱུ་རྩལ་གྱིས་ཁྱབ་འདུག
གཅིག སྙན་ངག་གི་ཁ་བྱང་གི་ཁྱད་ཆོས།
སྤྱིར་རྩོམ་གང་དང་གང་ཞིག་ཡིན་རུང་བློས་བསླངས་སམ་རྩོམ་གྱི་ཁ་བྱང་ནི་ཀློག་པ་པོའི་ཡིད་ཀྱི་དངས་བ་ཅིག་ཅར་དུ་འདྲེན་པའམ་ཡང་ན་རྩོམ་དེ་མུ་མཐུད་དུ་ཀློག་པར་འཇུག་ཐུབ་མིན་གྱི་ལྕགས་ཀྱུ་དང་ཉ་གཟན་ལྟ་བུ་ཡིན་ཞིང་།ཁ་བྱང་ལས་རྩོམ་པོས་བརྗོད་བྱར་གྱུར་བའི་དོན་དེ་གསལ་བོར་བསྟན་པ་དང་བློ་ཡིད་འགུག་པའི་ནུས་པ་ཞིག་སྟེར་ཐུབ།སྙན་ངག་ནི་རྣ་བར་སྙན་ཞིང་འཇེབས་པའི་ངག་དང་ཡང་ན་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་རྗོད་བྱེད་ཀྱི་ཚིག་ལ་ཟེར་ཞེས་པ་ནང་བཞིན། <<སྤྲིན་གྱི་ཕོ་ཉ>>ཞེས་པའི་ཁ་བྱང་འདིར་བལྟས་པ་ཙམ་གྱིས་སྙན་ངག་གི་ཉམས་དང་རོ་བཅུད་ཀྱིས་ཁེངས་ཤིང་།སྙན་པའི་སྒྱུ་རྩལ་གྱི་ཆ་ལྷུག་པོར་ལྡན་པས་ན་ཐོག་མ་བློས་བསླངས་པའི་ཁ་བྱང་ལ་སྙན་པའི་ཆ་དོད་པོར་ལྡན།དེར་མ་ཟད་<<སྤྲིན་གྱི་ཕོ་ཉ>>ཞེས་པའི་ཁ་བྱང་རང་ཉིད་ལ་རབ་རྟོག་གམ་ཡིད་གཟུགས་ཀྱི་སྒྱུ་རྩལ་མཚོན་ཐབས་སྤྱད་ཡོད་དེ།སྙན་ངག་གི་རོ་འདོན་བྱེད་ཀྱི་རྒྱུ་ཆ་གཙོ་བོ་ནི་ཡིད་གཟུགས་འབྲི་བཞེངས་བྱེད་རྒྱུ་དེ་ཡིན་ཞིང་།ཧེ་གར་གྱིས་སྙན་ངག་གིས་ངེས་པར་དུ་མིའི་བསམ་བློའི་ཚོར་འདུ་དེ་སྣང་བརྙན་ལྟར་ཇི་བཞིན་མཚོན་པའི་སྐད་ཆས་ཕྱིར་མཚོན་པ་ཡིན།ཞེས་དང་།ཨ་ལགས་དོར་ཞི་ཚང་གིས་ཀྱང་ངོ་མཚར་ཕུལ་དུ་བྱུང་བའི་རྟོག་བཏགས་ཀྱི་ཉམས་དང་སྣང་བ་འཆར་ཡན་དུ་རྒྱུ་བའི་སེམས་ཀྱི་རྙེད་སྣང་ཁྱད་མཚར་ཅན་ཡིད་གཟུགས་ནི་སྙན་རོའི་མཁའ་དབྱིངས་སུ་བགྲོད་པའི་གཤོག་ཟུང་ལྟ་བུ་ཡིན་ཞེས་གསུངས་པས།སྤྲིན་གྱི་ཕོ་ཉཞེས་ཨ་སྔོན་དགུང་དབྱིངས་སུ་རྒྱུ་བའི་སྤྲིན་དེ་འཕྲིན་ཡིག་སྐྱེལ་མཁན་གྱི་ཕོ་ཉ་ཞིག་གི་ཆར་རྟོག་བཟོ་བྱས་ཏེ། རྩོམ་པོ་པོས་ངོ་མཚར་བའི་རྟོག་བཏགས་དང་འཆར་ཡན་གྱི་སྣང་བ་བཀོལ་ནས་ཀློག་པ་པོར་ཡིད་གཟུགས་ཀྱི་སེམས་སྣང་ཞིག་མྱོང་རོལ་དུ་བྱིན་ཞིང་།བརྗོད་དོན་མ་ཟད་པར་ཁ་བྱང་ནས་རབ་རྟོག་གི་ཆས་བརྒྱན་པར་བྱས་ཏེ་རང་ཡིད་ཀྱི་འགྱུར་བ་དག་ཉམས་དང་བརྩེ་དུང་ཕྱུག་པའི་སྒོ་ནས་སེམས་ཀྱི་བཀོད་པའི་རི་མོ་བྲིས་ཡོད།
གཉིས། ཚིག་རྐང་གི་ཁྱད་ཆོས།
 ཚེག་བར་དོ་མི་མཉམ་པའི་ཁྱད་ཆོས།
<<སྙན་ངག་མེ་ལོང་མ>>ལྟར་སྤྱིར་གཞུང་ཚད་ཤོ་ལོ་ཀ་གཅིག་ལ་ཚིག་རྐང་བཞི་ཚང་དགོས་པ་དང་།ཚིག་རྐང་གཅིག་གི་ཚེག་བར་མང་ཉུང་མེད་པ་དང་དོ་མཉམ་པ།དབྱངས་ཀྱི་འདེགས་འཇོག་གསལ་བ་ཞིག་ཡིན།གནའ་བོའི་རྒྱ་གར་གྱི་སློབ་དཔོན་ནག་མོ་ཁོལ་གྱིས་སྙན་གཞུང་ལྟར་བརྩམས་པའི་<<སྤྲིན་གྱི་ཕོ་ཉ>>དེ་སློབ་དཔོན་བྱང་ཆུབ་རྩེ་མོ་སོགས་ཀྱིས་བོད་ཡིག་ཏུ་ཕབ་སྒྱུར་བྱས་པ་ཡིན་ཞིང་།འདིར་བརྗོད་པར་བྱ་བ་ནི་འགྱུར་ཡིག་དེའི་ཁྱད་ཆོས་བརྗོད་པ་ཡིན་ཏེ།དེ་ནི་ལུས་རྒྱན་སྲོག་གསུམ་གྱི་ཆ་ནས་མེ་ལོང་མའི་དཔེ་ལྟར་བརྩམས་པ་ཡིན་མོད།སྙན་རྩོམ་འདི་ནི་ཚིག་གི་གཅོད་མཚམས་མི་མཉམ་པ་ཞིག་ཡིན་ཏེ་ཤོ་ལོ་ཀ་གཅིག་གི་ཚིག་རྐང་སྔ་ཕྱི་བར་ཚེག་བར་མང་ཉུང་གི་ཆ་ཡོད་པ་སྟེ།<<སྤྲིན་གྱི་ཕོ་ཉའི>>ཤོ་ལོ་ཀ་ཉེར་བཞི་པ་ལས།ཀྭ་ཡེ་གྲོགས་པོ་ཁྱོད་ནི་བདག་གི་དགའ་བའི་དོན་ལ་མྱུར་དུ་འགྲོ་སྙམ་ཡོད་ན་ཡང་།ཚེག་བར་བཅུ་དགུ
ཀ་ཀུ་བྷ་ཡི་དྲི་ལྡན་རི་བོ་རི་བོ་རྣམས་ལ་ཡུན་རིང་ཐོགས་པར་བདག་གིས་ཤེས།།ཚེག་བར་བཅུ་དགུ
གཙུག་ཕུད་ཅན་གྱི་འདྲེན་བྱེད་ཆུ་དང་བཅས་པས་ལེགས་པར་འོངས་སམ་བྱས་ནས་ཡུན་རིང་གནས་པར་སྡོད།།ཚེག་བར་ཉེར་གཅིག་ཅན།
དེ་སླད་ཁྱོད་ནི་ཤིན་ཏུ་མྱུར་བ་འགྲོ་བར་འགྱུར་བ་དག་ཀྱང་ཇི་ལྟར་ཡིན།ཚེག་བར་བཅུ་བདུན་ཅན།
སྤྱིར་སྙན་རྩོམ་ཧྲིལ་བོར་ཚེག་བར་བཅུ་དགུ་ཅན་གཙོར་བཟུང་ཡོད་ཅིང་།ཡང་ཚིག་སྦྱོར་གྱི་དབང་གིས་ཚེག་བར་ཉེར་གཅིག་ཅན་དང་བཅུ་བདུན་ཅན་སོགས་བཀོལ་ཡོད་པས།དེ་ནི་ཡོངས་ཁྱབ་ཀྱིས<<མེ་ལོང་མའི>>གཞུང་ལྟར་གཅོད་མཚམས་མཉམ་པའི་ཆ་ནས་བརྩམ་པ་ཞིག་མ་ཡིན།
༢ མཚུངས་གསལ་གྱི་སྒྲ་དང་འཁྱོག་བརྗོད་འབྲི་ཐབས་ཀྱིས་རྒྱན་མང་པོ་སྤྱད་པ་གསོན་ཉམས་ལྡན་པ།
 མཚུངས་གསལ་གྱི་སྒྲ་བཀོལ་བ།  
དཔེ་དང་དཔེ་ཅན་གཉིས་མཚུངས་བར་བྱེད་པའི་སྒྲ་ལ་མཚུངས་གསལ་གྱི་སྒྲ་ཟེར་ཏེ།བཞིན་དང་ལྟར།མཚུངས།མཐོང་།རྗེས་སུ་འགྲོ་ལྟ་བུ།སྙན་རྩོམ་འདིར་མཚུངས་གསལ་གྱི་སྒྲ་སྦྱར་བ་ཤིན་ཏུ་མང་ཞིང་།དེ་ནི་ཁྱད་མཚར་བའི་སྒྱུ་རྩལ་གྱི་ཐབས་སྣ་ཚོགས་བཀོལ་ནས་བརྗོད་བྱའི་དོན་དེ་རྗོད་བྱེད་ཚིག་གིས་གསལ་བར་མཚོན་པར་བྱས་ཡོད། དཔེར་ན།
ངོས་ལ་བགྲོད་པ་དུག་ཅན་རྒྱལ་པོའི་བུ་ནི་མཐོ་རིས་དེ་ཡི་ཐེམ་སྐས་བགྲོད་པ་བཞིན།།
གང་གི་དབུ་བའི་ཕྲེང་བ་རྣམས་ཀྱིས་གཽ་རཱིའི་ཞལ་གྱི་ཁྲོ་གཉེར་རྣམས་ལ་རྒོད་པ་བཞིན།།
བདེ་འབྱུང་སྐྲ་ནས་རླབས་ཀྱི་ལག་པ་དག་གིས་བཟུང་ནས་ཟླ་ཕྱེད་འཕྲོག་པར་བྱེད་པ་བཞིན།།ཞེས་བཞིན་སྒྲ་མང་པོ་བཀོལ་བའི་ཁྱད་ཆོས་ལྡན།དེར་མ་ཟད་ཤོ་ལོ་ཀ་གཅིག་གི་ནང་དུ་མཐོང་སྒྲ་མང་པོ་བཀོལ་བ་དཔེར་ན།
འཁྲི་ཤིང་འགལ་ལ་ཡན་ལག་མཛེས་པ་འཇིགས་བཅས་རི་དྭགས་མོ་ལ་མིག་མཛེས་གཡོ་བ་མཐོང་།།
འགྲམ་པའི་མཛེས་འོད་རི་བོང་ཅན་ལ་སྐྲ་རྣམས་གཙུག་ཕུད་ཅན་གྱི་མཇུག་སྒྲོའི་ཚོགས་ལ་མཐོང་།།
མིན་མའི་རོལ་སྒེག་མཛེས་མ་རྣམས་ནི་ཆུ་ཀླུང་རླབས་ཕྲེང་ཕྲ་མོ་རྣམས་ལ་རབ་ཏུ་མཐོང་།།
ཨེ་མ་གཅིག་ཏུ་ཚོགས་པ་དང་ལྡན་གཡོན་མིག་ཁྱོད་དང་མཚུངས་པ་འགའ་ཡང་ཡོད་མ་ཡིན།།ཞེས་མཚུངས་གསལ་སྒྲ་དེ་ངོ་མཚར་གྱི་ཐབས་དང་སྦྱར་ནས་རྗོད་བྱེད་ཚིག་གི་ཆ་སྔར་ལས་ཉམས་ལྡན་པར་བྱས་ཡོད།
ཁ། འཁྱོག་བརྗོད་ཀྱི་འབྲི་ཐབས་སྤྱད་ནས་རྒྱན་མང་པོ་བཀོལ་བ།
སྙན་ངག་གི་གཞུང་ཆེན་པོ་<<མེ་ལོང་མའི>>ལུགས་ལྟར་བརྩམས་པའི་སྙན་་རྩོམ་ཞིག་ཡིན་པའི་ཆ་ནས་དེར་སྒྱུ་རྩལ་གྱི་ཉམས་དང་ལྡན་པའི་རྒྱན་མང་པོ་བཀོལ་ཡོད་ཅིང་།འཁྱོག་བརྗོད་ཀྱི་རྩོམ་རིགས་ནི་བརྗོད་བྱ་རང་མཚན་དུ་མ་གྲུབ་པ་ཞིག་གམ།གདགས་གཞིའི་ས་བོན་ལ་བརྟེན་ནས།རྗོད་པ་པོས་འཆར་སྣང་དང་བློ་བཟོ་སྣ་ཚོགས་བརྗོད་པའི་རྩོམ་ཡིན་ཏེ།འདིར་ནི་ཏིང་འཛིན་དང་རབ་རྟོགཕུལ་བྱུང་དང་བསྡུས་བརྗོད།འགོག་པའི་རྒྱན།ཕྲ་མོ་དང་ཟོལ་རྒྱན་སོགས་འཁྱོག་བརྗོད་ཀྱི་སྒྱུ་རྩལ་སྣ་ཚོགས་ཀྱིས་སྤུད་པ་དང་།རྟོག་པ་འཆར་ཡན་གྱི་ཀློང་ན་ཐོགས་རྡུགས་མེད་པར་འཇོ་སྒེག་སྟངས་སྟབས་ཇི་དགར་སྒྱུར་བའི་ཉམས་ཤིག་དབང་མེད་དུ་སྣང་བ་ཡིད་ཀྱི་མེ་ལོང་དུ་འཆར་བར་བྱེད་པས་ན་སྒྱུ་རྩལ་འགྱུར་བག་ཁོ་ནའི་ཆ་ནས་ནི་ཡང་རྩེར་སོན་པའི་སྙན་ངག་གི་ཁྱད་ཆོས་མངོན་པ་སྟེ།འདིར་བརྗོད་ལས་འདས་པའི་རྒྱན་སྣ་ཚོགས་ཀྱིས་སྙན་རྩོམ་ཧྲིལ་བོར་ཕྱུར་གྱིས་གཏམས་ཡོད་པའོ།།
 འཇགས་རྣམ་འགུལ་ཉམས་སུ་བཀོད་པ།
འཇགས་རྣམ་འགུལ་ཉམས་སུ་བཀོད་པ་ཞེས་པ་ནི་སྙན་ངག་གི་ཡིད་གཟུགས་འབྲི་བཞེངས་བྱེད་པའི་སྐབས་སུ།ཕྱི་སྣོད་ཀྱི་འཇིག་རྟེན་ཏེ་རི་རབ་དང་བྲག་རྡོ།ས་གཞི་ལྟ་བུའི་བརྟན་འཇགས་ཀྱི་རྣམ་པ་དེ་དག་འགུལ་བསྐྱོད་ཀྱི་ཉམས་དང་ལྡན་པར་རྟོག་བཏགས་ཀྱིས་འབྲི་བར་བྱེད་པ་དེ་ལ་ཟེར།དེར་སྙན་རྩོམ་འདིར་རབ་རྟོག་གི་འབྲི་ཐབས་སྤྱད་དེ་འཇགས་རྣམ་འགུལ་ཉམས་སུ་བཀོད་པ་ཧ་ཅང་་སྟེ།
དེ་ལ་གལ་ཏེ་རླུང་གིས་རབ་བསྐྱོད་ཐང་ཤིང་ལག་པ་ཀུན་དུ་འཐབ་པ་ལས་བྱུང་བའི།།
མེ་ཡི་དུགས་དང་མེ་སྟག་དག་གིས་འབྲོང་གི་དགའ་མའི་སྤུ་ཚོགས་་མང་པོ་སྲེག་བྱེད་ན།ཞེས་དང་།
བསིལ་བའི་རླུང་གིས་བསྒོས་པའི་ཨུ་དུམ་ཝ་རའི་ནགས་ཀྱི་འབྲས་བུ་འཆང་ཞིང་རོལ་རྩེད་བྱེད།།
ཁྱོད་ཀྱིས་ཆར་ཆེན་ཕབ་པས་ནོར་འཛིན་མ་ཡི་དྲི་དང་རླངས་པ་གཙང་མ་ཚོགས་པ་ནི།།
སོ་ལྡན་རྣམས་ཀྱི་སྣ་ཡིས་རྔུབ་ཅིང་བུ་གའི་ནང་དུ་སྐལ་བཟང་གླུ་དབྱངས་སྒྲོག་པར་བྱེད།།ཞེས་སྤྱིར་འཇགས་པའི་དངོས་རྣམ་རྣམས་འགུལ་རྣམ་རྩོམ་པ་པོའི་བློ་གྲོས་དང་སྨྱུག་རྩལ་ལས་འབུར་དུ་ཐོན་པའི་རྣམ་པ་བྱུང་བའོ།།
དེ་མིན་གཞན་སྙན་རྩོམ་དུ་བཀོད་པའི་དཔེ་དང་རྒྱན་གང་ཡང་རུང་བའི་ཁྱད་གཞི་དང་ཁྱད་ཆོས་ཕན་ཚུན་མཐུན་ལ་ཁ་གསལ་གོ་བདེ་བ།ཚིག་རྒྱན་ཏུ་བཀོལ་བ་གསོན་ཉམས་ལྡན་ཞིང་།དཔེ་དང་དཔེ་ཅན་ཕན་ཚུན་ཁ་འཕྲོད་ལ་སྙན་པའི་རོ་མངར་བཅུད་དུ་སྨིན་པའི་ཁྱད་ཆོས་ལྡན།
བཞི་བ།བརྗོད་རིམ་བཀོད་པའི་ཁྱད་ཆོས།
སྙན་རྩོམ་གྱི་གྲུབ་ཆ་གཙོ་བོ་ནི་ཕོ་ཉའི་བྱུང་རིམ་དང་།ལམ་གྱི་བཀོད་པ། སྡོད་གནས་སྟོན་པ།འཕྲིན་དུ་བྱ་བ་འདི་བཞི་ཡིན་ཞིང་།དེར་གཙོ་བོར་ལམ་གྱི་བཀོད་པ་ཞིབ་འབྲི་བྱས་པ་མ་ཟད།སྙན་རྩོམ་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི།སྙན་རྩོམ་ཧྲིལ་བོར་སྤྱི་ཁྱབ་རང་བཞིན་དང་ཡོངས་ཁྱབ་ཀྱི་རང་བཞིན་གྱི་ཁྱད་ཆོས་ཤིག་ལྡན་པ་སྟེ།རྩོམ་འདིས་ཡུལ་དེ་གའི་ཡུལ་ལྗོངས་ཐམས་ཅད་ཚད་མཐོ་གཅིག་འདྲིལ་གྱིས་གསལ་བར་བསྟན་ཡོད་པར་མ་ཟད།མི་སྣའི་ནང་སེམས་ཀྱི་འགྱུར་བ་སྟེ་དགའ་མར་འཕྲད་འདོད་དང་དགའ་མ་དང་བྲལ་བའི་གདུང་བ།དགའ་མ་དྲན་པའི་སེམས་འཚུབ་སོགས་ཀྱི་ཞེན་བློ་ཡུལ་ལྗོངས་ཀྱི་སྟེང་དུ་ཐེབས་པར་བྱས་ནས།ཡུལ་ལྗོངས་དང་བསམ་པའི་འགྱུར་བ་ངོ་བོ་རོ་གཅིག་ཏུ་གྱུར་ཏེ་ཡུལ་ལྗོངས་རྐྱང་བའམ་ཁེར་ཚུགས་ཅན་གྱི་ཚད་ནས་གཏན་ནས་བསྐྱུར་མེད།རྩོམ་པ་པོས་ཕྱི་ཡུལ་གྱི་དངོས་སྣང་གང་རུང་དཔེར་བསྟན་ནས་ཐབས་གང་ཡོད་ཀྱིས་མཚོན་བྱའི་དམིགས་ཡུལ་ཏེ།ཕོ་མོའི་བར་གྱི་འབྲལ་དཀའི་སེམས་པ་དང་བྲལ་བའི་མྱ་ངན་དེ་སྤྲིན་དང་རི་བོ་སོགས་ལས་སེམས་ཁམས་མཚོན་པར་བྱས་པ་ལས།རྩོམ་པ་པོས་གསལ་རྗེན་དུ་བརྗོད་པ་ལྟ་བུ་མ་ཡིན་པར་ཕྱིའི་ཡུལ་ལྗོངས་དང་ནང་གི་སེམས་པ་གཉིས་ངོ་བོ་རོ་གཅིག་ཏུ་བྱས་ཏེ་དགའ་མ་དྲན་པའི་སེམས་འགྱུར་མཚོན་པར་བྱས་ཡོད།
ཤོ་ལོ་ཀ་དང་པོ་ནས་བཅུ་གསུམ་བར་ནི་ཐོག་མའི་ཕོ་ཉའི་བྱུང་བ་དང་།རང་སེམས་ཀྱི་དྲན་ཚུལ་སྤྲིན་པར་བཅོལ་ནས་དགའ་མའི་མདུན་དུ་ཕོ་ཉ་བཏང་བ་བརྗོད་པ་སྟེ།
        ཀྭ་ཡེ་ཆུ་འཛིན་རེ་ཞིག་ཁྱོད་ནི་ལམ་ལ་བགྲོད་པའི་ཐབས་ཀྱིས་གཏམ་ནི་མཉན་པར་མཛོད།།
དེ་ཡི་རྗེས་སུ་བདག་གི་འཕྲིན་ནི་རྣ་བའི་བདེ་སྐྱེས་ཁྱོད་ཀྱི་རྣ་བས་གཟུང་བར་མཛོད།།
ཤིན་ཏུ་ངལ་ཞིང་རབ་ཏུ་ངལ་ཚེ་རི་བོ་ལ་རྐང་བཀོད་ངལ་བ་བསལ་ནས་གཤེགས།།
གང་དུ་སྐོམ་ཞིང་ཤིན་ཏུ་སྐོམ་ན་ཉུང་ངུའི་ཆུ་དང་ཆེ་བའི་མཚོ་ལའང་བཏུང་བར་བྱ།།ཞེས་ཤོ་ལོ་ཀ་བཅུ་གསུམ་པ་འདི་ནས་བཟུང་རྩོམ་པ་པོས་སྤྲིན་གྱི་ཕོ་ཉ་མངག་ཚུལ་བྲིས་ཡོད།
ཁ། ཤོ་ལོ་ཀ་བཅུ་བཞི་ནས་བདུན་ཅུ་དོན་བརྒྱད་ཀྱི་བར་དུ་ལམ་གྱི་བཀོད་པ་བྲིས་ཡོད།སྙན་རྩོམ་ཧྲིལ་བོའི་ཤོ་ལོ་ཀ་བརྒྱ་དང་བཅོ་ལྔ་ལས་མང་ཆེ་བས་ཕོ་ཉ་བགྲོད་པའི་ལམ་གྱི་བཀོད་པ་དང་ཡུལ་ལྗོངས།བགྲོད་སྐབས་ཀྱི་ཡུལ་དང་ཡུལ་ཅན་གྱི་ཁྱད་ཆོས་སོགས་སྒྱུ་རྩལ་གྱི་ཉམས་དང་ལྡན་པས་བརྗོད་པ་ཡོད་ཅིང་།རབ་རྟོག་སོགས་ཀྱི་རྒྱན་མང་པོ་དང་སྦྱར་ནས་རྩོམ་པོ་གང་དེའི་སེམས་ཀྱི་འཆར་སྣང་དང་དྲན་ཚུལ་རྣམས་སྙན་ཚིག་དང་བཅས་ཀློག་པ་པོའི་ཡིད་འགུགས་པར་བྱས་པ་མ་ཟད།ལམ་གྱི་བཀོད་པ་འབྲི་བའི་གོ་རིམ་ཁྲོད་ནས་ཀྱང་                    དེ་བརྗོད་གཞིར་བྱས་ཏེ་རྩོམ་པ་པོ་རང་ཉིད་ཀྱི་མཚོན་བྱ་དངོས་མཚོན་པར་བྱས་ཡོད།

ག     ཤོ་ལོ་ཀ་དོན་དགུ་ནས་བརྒྱ་དང་བཅུ་བཞིའི་བར་དུ་རང་གི་དགའ་མ་ཇི་ལྟར་བསྡད་པ་དང་།ཕོ་ཉར་དེ་དང་དེ་མིན་པའི་གནད་དོན་རྣམས་བསལ་ཏེ་དགའ་མའི་སྐྱོ་བ་རྣམས་ཐབས་གང་ཡོད་ཀྱིས་སེལ་བར་འཇུག་པར་རེ་སྐུལ་ནན་མོ་བྱས་ཡོད་པ་སྟེ།

        འདི་རྣམས་ཀྱིས་ནི་དང་པོར་བྲལ་བས་གདུངས་པར་གྱུར་པའི་གྲོགས་མོ་དེ་ནི་དབུགས་དབྱུང་མཛོད།

མིག་གསུམ་པ་ཡི་ཁྱུ་མཆོག་ལྟ་བུར་དཀའ་བའི་ཀཻ་ལཱ་ཤ་ཡི་རི་ལས་སླར་ལྡོག་བྱ།།
དེ་ལའང་རང་གི་དགེ་བའི་མཚན་མ་ཁྱེར་འོངས་དེ་དང་དེ་ནི་བདག་ལ་བཤད་པར་བྱ།།
ཁྱོད་ནི་ཀུན་དའི་གེ་སར་གཡོ་ལྡན་མྱུར་འགྲོ་རྣམས་ཀྱིས་བསྐུལ་བྱས་མྱུར་བར་འོང་བར་བྱ།།ཞེས་པ་ལྟ་བུའོ།།
ང་།བརྗོད་གཞི་དེ་རྒྱུད་གཅིག་གི་སྟེང་ནས་འཐེན་པ།
 རྒྱའི་རྩོམ་རིག་མཁན་པོ་མའོ་ཏུང་ལགས་ཀྱིས"ཡུལ་ལྗོངས་འབྲི་བཞེངས་ཀྱི་ཚན་པ་གང་ཞིག དེ་ཇི་འདྲའི་ཡིད་སེམས་འཕྲོག་ཐུབ་པ་ཞིག་ཏུ་བྲིས་ཡོད་ཀྱང་། གལ་ཏེ་རྩོམ་པ་པོས་རང་ཆ་ནས་མྱོང་རོལ་བྱས་པ་ལས། རྩོམ་གྱི་མི་སྣའི་མིག་དབང་དང་མི་སྣའི་སྐབས་ཐོག་གི་བསམ་བློ།ད་དུང་སེམས་ཁམས་བརྒྱུད་པའི་མི་སྣའི་ཡུལ་ལྗོངས་ཀྱི་མྱོང་ཚོར་བྲིས་པ་ཞིག་མིན་ན།དེ་ནི་དོན་སྙིང་གང་ཡང་མེད་པའི་རྒྱན་ཆ་ཙམ་དུ་གྱུར་པའོ།།" ཞེས་པ་ལྟར། <<སྤྲིན་གྱི་ཕོ་ཉ>>འདི་ནི་རྒྱུན་གཅིག་པའི་དྲན་གདུང་གི་སེམས་པ་དྲག་པོས་ཐམས་ཅད་ལ་ཁྱབ་པ་དང་།རྒྱུད་སྐུད་བརྒྱུས་པ་ལྟར་ཚིག་སྔ་ཕྱི་འབྲེལ་ཆགས་ཤིང་གོ་རིམ་ལྡན་པ་ཞིག་ཡིན། སྙན་རྩོམ་གྱི་བརྗོད་གཞི་"དགའ་མ"དེ་གཙོ་ཐིག་བྱས་ནས་ཕོ་ཉ་བགྲོད་པའི་ལམ་བར་གྱི་ཡུལ་ལྗོངས་དང་སྐྱེ་འགྲོ་སེམས་ཅན་ཀུན་ལ་དགའ་མ་ཞེས་པ་དང་སྦྱར་ཏེ། རང་གི་ནང་སེམས་ཀྱི་བརྩེ་དུང་དེ་ཕྱི་རོལ་ཡུལ་གྱི་དངོས་པོའི་སྟེང་ནས་མཚོན་པའམ་འཕྲོས་པར་བྱས་ཡོད་པས།གཞན་དང་མི་མཐུན་པའི་ཁྱད་མཚར་གྱི་སྨྱུག་རྩལ་དང་སྒྱུ་རྩལ་གྱི་མཚོན་ཐབས་བཀོལ་ཡོད་ཅིང་།རང་བོད་ཀྱི་ཕྱིས་ཀྱི་སྙན་ངག་གི་གར་སྟེགས་སྟེང་གོ་གནས་མི་དམན་པ་ཞིག་ཟིན་ཡོད་པའོ།།
མཐའ་དཔྱད།
 གནའ་བོའི་རྒྱ་གར་གྱི་སྙན་ངག་མཁན་པོ་སློབ་དཔོན་ནག་མོ་ཁོལ་གྱིས་བརྩམས་པའི་<<སྤྲིན་གྱི་ཕོ་ཉ>>ཞེས་པའི་སྙན་རྩོམ་འདི་ནི་དུས་རབས་བཞི་པའི་ནང་བརྩམས་པར་གྲགས་ལ།དེ་ནི<<མེ་ལོང་མའི>>ལུགས་ལྟར་བརྩམས་པའི་སྙན་རྩོམ་གྲགས་ཅན་ཞིག་ཡིན་ཞིང་།འཛམ་གླིང་གི་ཡིག་རིགས་མང་པོར་ཕབ་སྒྱུར་བྱས་ཏེ་ཀུན་གྱིས་མཐོང་ཆེན་བྱེད།ང་ཚོ་ཁ་བའི་ལྗོངས་སུའང་སྔོན་བྱོན་མཁས་པ་བྱང་ཆུབ་རྩེ་མོ་སོགས་ཀྱི་བཀའ་དྲིན་ལས་ད་ལྟར་བདག་ཅག་གི་མཐོང་ཆོས་སུ་གྱུར་ཐུབ་པ་བྱུང་།
   དཔྱད་རྩོམ་འདིར་ལོ་ཙཱ་བ་བྱང་ཆུབ་རྩེ་མོའི་འགྱུར་དེའི་བརྗོད་བྱ་དོན་དང་།རྗོད་བྱེད་ཚིགདེ་མིན་བརྗོད་རིམ་གྱི་བཀོད་པའི་ཁྱད་ཆོས་སོགས་ལ་དཔྱད་པ་བཏང་སྟེ།དེའི་ཁྱད་མཚར་བའི་སྒྱུ་རྩལ་མཚོན་ཐབས་ལ་ཡི་རང་བྱེད།སྙན་རྩོམ་འདི་ལས་རང་ཅག་བོད་ཀྱི་ཕྱིས་འབྱུང་གི་སྙན་ངག་མང་པོར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་ཤེས་ཐུབ་ཅིང་།ཕྱིས་ཀྱི་མཁས་པ་རྣམས་ཀྱིས་སྙན་རྩོམ་འདིར་དཔེ་བལྟས་ནས་བརྩམས་པ་དཔེར་<<ཕོ་ཉ་གཞོན་ནུ་དོན་གྲུབ>>སོགས་མང་པོ་ཡོད།
དཔེ་བཀོད་པ་དག་ཁྱད་མཚར་ཞིང་རོ་བཅུད་དང་ལྡན་པ་ཞིག་ཡིན་ཏེ།རང་གི་ཉེ་འཁོར་ཀུན་ཏུ་དུས་རྒྱུན་མཐོང་ཐོས་སུ་ཡོད་པ་དང་ཆ་རྒྱུས་ཡོད་པ།རང་གི་འཚོ་བ་དང་ཆེས་དམ་པོར་འབྲེལ་བ་ཞིག་དང་།ལྷག་པར་དུ་དེ་ལྟའི་དཔེ་དེ་ད་དུང་ཚིག་རྒྱན་རྐྱང་བ་ཙམ་ཞིག་གི་ཚད་ལས་མ་བསྐྱུར་བར་ཡུལ་དང་ཡུལ་ཅན་མཚམས་སྦྱོར་བྱེད་ཀྱི་རྐྱེན་དུ་གྱུར་པ་དང་།སྙན་ངག་རང་གི་རྨང་གཞིའི་ཁམས་དང་མི་སྣའི་སེམས་པ་དང་ཡང་འབྲེལ་བར་གྱུར་པ་སོགས་ཀྱི་ཁྱད་ཆོས་ལས་སློབ་དཔོན་ནག་མོ་ཁོལ་རང་ཉིད་ཀྱི་དཔེ་སྦྱོར་ཚུལ་ཁྱད་པར་ཅན་དེ་གསལ་པོར་མཚོན་ཐུབ།གཞན་རྩོམ་གྱི་མི་སྣའི་དྲན་བྱ་དང་བརྗོད་བྱ་དག་བུད་མེད་ཡིན་ཞིང་།བརྗོད་སྙིང་དགའ་མ་དང་བྲལ་བའི་གདུང་བ་གཞི་བྱས་ནས་ཉེ་འཁོར་གྱི་རི་ཆུ་སོགས་གང་ཡིན་ཡང་རང་དཔེ་གཞན་ལ་སྦྱར་བ་བཞིན་སེམས་འགྱུར་དྲག་པོ་དེ་མཚོན་པར་བྱས་ཡོད།ཐུན་མིན་གྱི་བརྗོད་དོན་དང་ཁྱད་མཚར་བའི་རྗོད་བྱེད་ཚིག་གི་ཁྱད་ཆོས་འདི་དག་ནི་ང་ཚོས་སློབ་སྦྱོང་བྱ་དགོས་པའི་མིག་དཔེ་ལྟ་བུ་ཡིན་ནོ།།
དཔྱད་གཞིའི་ཡིག་ཆ།
1.ནོར་བྲང་ཨོ་རྒྱན་གྱིས་བརྩམས། སྤྲིན་གྱི་ཕོ་ཉའི་འགྲེལ་པ་ངོ་མཚར་དགའ་སྟོན།ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2004ལོའི་ཟླ2པར་པར་གཞི་དང་པོ།
2. དོར་ཞི་གདོང་དྲུག་སྙེམས་བློས་བརྩམས།སྤྲིན་གྱི་ཕོ་ཉའི་ཚིག་འགྲེལ།   མི་རིགས་དཔེ་སྐྲུན་ཁང་།   1988ལོའི་ཟླ10པར་པར་པར་གཞི་དང་པོ།
3. བདུད་ལྷ་རྒྱལ་གྱིས་བརྩམས།འཚོལ་རྟོག་སྙིང་སྟོབས།   ཡུན་ནན་མི་རིགས་དཔེ་སྐྲུན་ཁང་།       2004ལོའི་ཟླ6པར་པར་གཞི་དང་པོ།
4.ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། བོད་ཀྱི་སྙན་ངག་བྱུང་ཚུལ་དང་དཔེར་བརྗོད། མི་རིགས་དཔེ་སྐྲུན་ཁང་།  2003ལོའི་ཟླ་3པར་པར་གཞི་དང་པོ།
5. ཚེ་རིང་འཚོས་བརྩམས། སྙན་གཞུང་མེ་ཏོག་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2000ལོའི་ཟླ་12པར་པར་གཞི་ཐེངས་དང་པོ།
6. དཔལ་མོས་བརྩམས།སྙན་ངག་ལས་ཡིད་གཟུགས་ཀྱི་སྒྱུ་རྩལ་མཚོན་ཐབས་དང་མཛེས་རྟོག་ཁྱད་ཆོས་སོགས་གླེང་བ།  2001ལོའི་ཀྲུང་གོ་བོད་རིག་པ་དེབ་གསུམ་པ།
7. འགྱུར་མེད་ཀྱིས་བསྒྲིགས།སྙན་ངག་གི་རྣམ་བཤད།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1990ལོའི་ཟླ་8པར་པར་གཞི་དང་པོ། 
8. ཚེ་ཏན་ཞབས་དྲུང་གིས་བརྩམས།   སྙན་ངག་སྤྱི་དོན།   ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ་8པར་པར་གཞི་དང་པོ།
 
 
支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།