བོད་རྒྱལ་གྲི་གུམ་བཙན་པོའི་བཀྲོངས་རྐྱེན་སྐོར་ལ་དཔྱད་པ།
རྩོམ་པ་པོ།  ལྕགས་མོ་མཚོ།    སྤེལ་དུས།  2012-09-19 11:41:54    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

 

ནང་དོན་གནད་བསྡུས།
 དཔྱད་རྩོམ་འདིར་གཙོ་བོ་བོད་རྒྱལ་གྲི་གུམ་བཙན་པོ་ཉིད་ཇི་ལྟར་བཀྲོངས་པ་དང་། སྤྱི་ཚོགས་ཀྱི་རྣམ་པ་ཅི་འདྲ་ཞིག་གི་འོག་ནས་ལོ་རྒྱུས་ཀྱི་མི་སྣ་སུ་ཞིག་གིས་ཅིའི་ཕྱིར་བཀྲོངས་པ།   དེའི་སྐབས་ཀྱི་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་དང་སྟོབས་ཤུགས་གང་འདྲའི་འོག་བཙན་པོ་ཉིད་བཀྲོངས་དགོས་པའི་རྒྱུ་རྐྱེན་སོགས་བན་དང་བོན་གྱི་ལོ་རྒྱུས་དེབ་ཐེར་ཁྲོད་བཀོད་པ་གཤིབ་བསྡུར་གྱིས་དཔྱད་པ་བཏང་ཡོད་དོ།།
གཙོ་གནད་ཚིག   
      རྒྱལ་པོ།   གྲི་གུམ་བཙན་པོ།     ལོ་ངམ།     བཀྲོངས་རྐྱེན། 
གླེང་སློང་བ།
 ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ནས་སྲིད་སྐྱོང་རྒྱལ་པོ་གང་ཞིག་ཡིན་ཡང་། སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་དང་རྣམ་པ། མི་རིགས་དེའི་ལོ་རྒྱུས་རིག་གནས་དང་སྟོབས་ཤུགས། དེ་མིན་དུས་རབས་ཀྱི་སྒུལ་ཤུགས་ལ་སོགས་པས་སྲིད་འཛིན་པའི་རྒྱལ་པོའམ་ས་སྐྱོང་གི་གོ་གནས་དང་དབང་ཤུགས་ལ་དུས་ནམ་ཡིན་ཡང་ཕྱི་ནང་གི་རྐྱེན་ག་གེ་མོ་ཞིག་གིས་གཡོ་འགུལ་ཐེབས་པར་བྱས་ཏེ། དབང་བསྒྱུར་མཁན་ཕན་ཚུན་དབར“སྲིད” འཕྲོག་རེས་དང་གོ་གནས་རྩོད་ལེན་བྱས་ཏེ་ཁྱོད་ཤི་ང་གསོན་བྱེད་པ་ནི་ལོ་རྒྱུས་ཀྱི་ལམ་བུ་ཁྲོད་ངེས་བརྒྱུད་ཀྱི་དཀྱོགས་མཚམས་ཤིག་ཡིན་ཞིང་། མི་ནི་སྐྱེས་མ་ཐག་ནས་སྒེར་སེམས་དང་རང་འདོད་ཆེ་ལ། ཧམ་སེམས་མེད་པའི་མི་གཤིས་ནི་ཧ་ཅང་དཀོན་པས་དུས་སྐབས་གང་དུ་གནས་པའི་མི་ཡིན་ཡང“ཐོབ”དང“གོ་སའི”ཆེད་དུ་བརྩོན་ལེན་མི་བྱེད་ག་མེད་ཡིན་ཞིང་། ཐབས་དང་གཡོ་ཇུས་གང་ལ་བརྟེན་ནས་དབང་བསྒྱུར་མཁན་གང་ཞིག་མེད་པར་བཏང་སྟེ་སྲིད་དབང་འཕྲོག་པའི་ཟློས་གར་ནི་གནའ་དུས་ཀྱི་རྒྱལ་རབས་རེ་རེ་མ་ཟད། དེང་དུས་སུའང་ད་དུང་འཁྲབ་དང་འཁྲབ་བཞིན་ཡོད་པས། ཐོན་སྐྱེད་རྒྱུ་ཆ་དང་སྤྱི་ཚོགས་ཀྱི་དུས་རིམ་དམའ་བའི་བོད་བྲན་གཡོག་ལམ་ལུགས་སྐབས་ཀྱི་བཙན་པོ་གྲི་གུམ་མམ་དྲི་གུམ་གྱི་དུས་སུའང་དེ་ལས་མ་འདས། དེས་ན་ཡང་སྙིང་བཙན་པོ་གྲི་གུམ་བཀྲོངས་རྐྱེན་ནི་ཅི་ཡིན་པ་དང་། དོན་དང་རྐྱེན་གང་ཞིག་ལ་ཐུག་སྟེ་བཀྲོངས་པ། དེ་མིན་བན་དང་བོན་གྱི་ལོ་རྒྱུས་དེབ་ཐེར་ནང་བཀོད་པའི་ཡིག་ཆ་ཞིབ་བསྡུར་གྱིས་འདིར་གྲི་གུམ་བཙན་པོའི་གནས་ཚུལ་གཞིར་བཟུང་སྟེ་རང་ནུས་ཀྱིས་གཟུར་བོའི་ལྟ་ཚུལ་ཞིག་བརྗོད་འདོད་ཀྱིས་དཔྱད་པ་གཏོང་ཁུལ་ཙམ་བྱེད་དོ།།
དང་པོ། བན་བོན་ཕྱོགས་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གནད་དོན།
སྤྱིར་གྲི་གུམ་བཙན་པོའི་སྐོར་བྲིས་པ་ཧ་ཅང་མང་ལ། དུས་སྐབས་རེ་རེར་བྲིས་པའི་ལོ་རྒྱུས་དེབ་ཐེར་ཁག་གི་གཞི་འཛིན་ས་གཙོ་བོ་ནི་ཏུན་ཧོང་གཏེར་ཡིག་དང་ལི་ཡུལ་ནས་ཐོན་པའི་ཤོག་དྲིལ་སོགས་ཡིན་པར་སྣང་། བན་ཁའི་ཕྱོགས་སུ་འཛིན་པའི་མཁས་པ་རྣམས་ཀྱིས་རང་ཕྱོགས་ནས་ལོ་རྒྱུས་ལ་དཔྱད་སྡུར་བྱས་ཏེ་ཕྱོགས་ཞེན་གྱིས་ལྟ་བ་མཁྲེགས་འཛིན་དང་བཅས་ལོ་རྒྱུས་ཀྱི་ཟུར་ཞིག་ལས་མ་མཐོང་ལ། བྱ་དངོས་གང་དང་ཅི་ཡིན་རུང་ངོས་གཉིས་ལྡན་ཞིང་། བཟང་ངན་ཕྱོགས་གཉིས་ནས་ལངས་ཏེ་དངོས་པོའི་འཕེལ་ཕྱོགས་གླེང་དགོས་པ་ལས། ཟུར་གཅིག་ནས་ནམ་ཡང་ཁྱོན་ཡོངས་མཐོང་མི་ཐུབ། དེ་བས། བོད་རྒྱལ་གྲི་གུམ་བཙན་པོའི་དུས་ཀྱི་སྤྱི་ཚོགས་ཀྱི་གནས་བབ་དང་འཕེལ་རྒྱས། དེ་མིན་ཚོ་ཁག་དང་རྒྱལ་བློན་དབར་གྱི་འགལ་ཟླའི་འཐབ་རྩོད་ལའང་ཕྱོགས་གཉིས་ནས་བལྟ་དགོས་པར་སྙམ། དེ་མ་ཡིན་པར་རང་གཅིག་པུ་ནས་དོན་དག་ཅིག་ཐག་བཅད་དེ་ལོ་རྒྱུས་སྤྱི་ཡིན་ཞེས་བརྗོད་ན་རིན་ཐང་ཇེ་ཆུང་དུ་འགྱུར་རོ། །
འདིར་དྲི་གུམ་བཙན་པོའི་མཚན་བཏགས་ཚུལ་དང་། འཐབ་བསླངས་ཚུལ། ལོ་ངམ་གྱི་མི་གཤིས་དང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ། བརྗོད་གཞི་གཙོ་བོ་བཙན་པོའི་བཀྲོངས་རྐྱེན་སོགས་རྒྱུ་གཅིག་ཏུ་འབྲེལ་བར་བྱས་ནས་བན་བོན་གྱི་ལྟ་ཚུལ་ལས་དཔྱད་པ་ཙམ་གཏོང་བར་བྱ་སྟེ།
གཅིག   བཙན་པོའི་མིང་འདོགས་ཚུལ་གྱི་སྐོར།
བན་བོན་གྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་བཙན་པོ་གྲི་གུམ་བཙན་པོ་དང་ལོ་ངམ་གཉིས་འཐབ་པ་དང་། བཀྲོངས་རྐྱེན་སྐོར་ལ་བཤད་ཚུལ་མི་མཐུན་པ་མང་པོ་ཡོད་ཅིང་། གཤམ་དུ་བོད་ཀྱི་ཏུན་ཧོང་ཡིག་རྙིང་གཙོ་བྱས་པའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཕལ་མོ་ཆེ་དང་བོན་གྱི་ལོ་རྒྱུས་སུ་བཀོད་པའི་བཤད་ཚུལ་མི་འདྲ་བ་གཉིས་རེ་རེ་བཞིན་འགོད་པར་བྱའོ།།
དེང་སྐབས་ཡོངས་གྲགས་སུ་བོད་རྒྱལ་དགུ་པ་གྲི་གུམ་བཙན་པོ་ཞེས་གྲགས་མོད། ཡིན་ཡང་མི་སུམ་ཅུར་བསམ་པ་སུམ་ཅུ། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཞེས་པའི་དཔེ་ལྟར་རང་རེའི་བོད་དུ་གནའ་ནས་ད་བར་གྱི་མཁས་དབང་རིམ་བྱོན་གྱིས་བྲིས་པའི་ལོ་རྒྱུས་དེབ་ཐེར་ཤྭ་མོ་བརྡོལ་བ་བཞིན་བྱུང་དང་འབྱུང་བཞིན་མཆིས་མོད། དེབ་དེ་དག་ནང་བྲིས་པའི་བཙན་པོའི་ལོ་རྒྱུས་ཀྱི་བརྒྱ་ཆའི་དགུ་བཅུ་ལྷག་གཅིག་མཚུངས་ཡིན་ལ། མི་འདྲ་བ་ནི་རྩོད་མི་འོས་པའི་བན་བོན་གྱི་རྩོད་པ་དང་གྲུབ་མཐའི་ཕྱོགས་ཞེན། དེ་མིན་གཞན་ལྷག་གི་དོན་ཆུང་རེ་རེར་རྩོད་པའི་མདའ་གྲི་འཕངས་ཀྱང་སྔར་བཞིན་ཐག་གཅོད་མ་ཐུབ་པ་མང་པོ་ཡོད།
༡  འདིར་བཙན་པོའི་མིང་ལ་གྲི་གུམ་བཙན་པོ་ཞེས་ཅི་ལྟར་བཏགས་ཚུལ་གྱི་སྐོར་གླེང་ན། 
ཀ  བན་ཁའི་ཡིག་ཆའི་ཁྲོད་དུ།  ཏུན་ཧོང་གཏེར་ཡིག་ལས། “དྲི་གུམ་བཙན་པོ་སྐུ་ཆུང་བའི་དུས་ན་མཚན་ཇི་ལྟར་གདགས་ཤེས་མ་མ་གྲོ་ཞ་མ་སྐྱི་བརླིང་མ་ལ་དྲིས་ན། མ་མའི་མཆིད་ནས།  སྐྱྀ་བྲག་དམར་བརྙྀལ་ཏམ་མ་བརྙྀལ། དམ་མ་འབྲི་སྤངས་ནི་མྱེས་ཚྀག་གམ་མ་ཚྀག མཚོ་དམ་ལེ་དབལ་མཚོ་ནི་སྐམས་སམ་མ་བསྐམས་ཞེས་མཆི། བྲག་མ་རྙྀལ། མཚོ་ཡང་མ་སྐམས་སྤང་ཡང་མྱེས་མ་ཚྀག་ཅེས་བགྱིས་ན། མ་མ་གྲོ་ཞ་མ་རྒས་ནས་རྣ་ལོག་པར་ཐོས་ནས། འོན་ཏང་ཆུ་དགུམ་སྲི་དགུམ་གྱྀས། དྲི་གུམ་བཙན་པོར་མཚན་ཐོགས་ཤིག་ཅེས་མཆིས་ནས།དྲི་གུམ་བཙན་པོར་མཚན་བཏགས།”[1]ཞེས་མཚན་གྲི་གུམ་བཙན་པོ་ཐོགས་ཞེས་བཤད་པ་ལྟར་མཚན་འདོགས་ཉེས་ཤོར་བ་དེ་ནས་བཟུང་། གྲི་གུམ་གྱི་སེམས་ལ་གདོན་འདྲེ་ཞུགས་ཤིང་། ལོ་ངམ་རྟ་རྫི་དང་ཨ་ན་ཨུ་ཚུགས་ཀྱིས་འཐབ་ནས་མཐར་ལོ་ངམ་གྱིས་བཀྲོངས་པར་བཞེད། ཞེས་ཏུན་ཧོང་ལས་ཐོན་པའི་གཏེར་ཡིག་འདི་ཕྱིས་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ཏུ་དྲངས་བྱའི་ཡིག་ཆ་རྩ་ཆེན་ཞིག་ཏུ་གྱུར་ཏེ།  མཁས་དབང་ཚང་མས་བཙན་པོ་གྲི་གུམ་བཙན་པོའི་ལོ་རྒྱུས་ཁ་སྐོང་བྱེད་ཀྱི་ཁུངས་ལུང་རྩ་ཆེན་ཞིག་ཏུ་གྱུར་པ་དཔེར་ན།  ཆོས་འབྱུང་མཁས་དགའ་དང་། རགས་རིམ་གཡུ་ཡི་ཕྲེང་བ། བོད་ཀྱི་ལོ་རྒྱུས་སྤྱི་དོན་ཀུན་གསལ་ནོར་བུའི་མེ་ལོང་སོགས་ལོ་རྒྱུས་ཀྱི་དཔེ་ཆ་མང་པོར་ལུང་དྲངས་འདུག ཁོ་མོས་ལྟོས་ན་མ་མ་གྲོ་ཞ་མ་བྱ་བས་རྣ་བ་ལོག་ཏེ་ཐོས་པ་ལས་གྲི་གུམ་དུ་བཏགས་པ་ནི་དཔེ་མི་སྲིད་པའི་གཏམ་ཞིག་ཏུ་སྣང་།  སྐབས་དེར་བྲན་གཡོག་ལམ་ལུགས་སྤྱི་ཚོགས་སུ་གནས་ཏེ་མ་རྒྱུད་གཙོར་འཛིན་པའི་དུས་སུ་ཡིན་ཏུ་ཆུག་ཀྱང་། “གྲི་གུམ་བཙན་པོ”ཞེས་པར་དོན་གཞན་ཞིག་མེད་ན་དོན་མེད་དུ་མ་མ་དེ་ཡིས་ཀྱང་རང་གི་བུ་ཕྲུག་རྒྱལ་པོ་ཡིན་པ་ཞིག་ཚིག་ངོས་ལྟར་གྲིའི་འོག་ནས་ཤི་བའི་མིང་ངན་པ་བཀྲ་མི་ཤིས་པ་དེ་འདྲ་ཞིག་འདོགས་སུ་མི་འཇུག་སྙམ། གལ་ཏེ་འདིའི་ཤུགས་སུ་དོན་གཞན་མེད་ན་དེ་ལས་དོན་གཅིག་རིགས་འདེད་བྱེད་ཆོག་སྟེ། ཏུན་ཧོང་གཏེར་ཡིག་དང་རྒྱལ་རབས་གསལ་བའི་མེ་ལོང་ལས[2]“རྒྱལ་པོ་གྲི་གུམ་བཙན་པོ་དེ།  ཐུགས་གདོན་གྱིས་བསླུས་ཏེ་ལོ་ངམ་དང་འཐབ”ཞེས་པ་དང་།  ཡང་ན་བོད་ཀྱི་ལོ་རྒྱུས་གཞན་གང་དུ་བལྟས་ཀྱང་གྲི་གུམ་བཙན་པོའི་ཐུགས་ལ་གདོན་ཞུགས་ཟེར་བ་ནི་ཚང་མས་ཁས་ལེན་ཡོད་པ་འདྲ། ངས་བལྟས་ན“གདོན་ཞུགས”ཟེར་བ་དེ་ནི་དངོས་ནས་གདོན་གྱིས་བསླུས་ཟེར་བ་མ་ཡིན་པར།  སྐབས་དེར་རྒྱུ་རྐྱེན་གཞན་ཞིག་གི་དབང་གིས་རང་ཕྱོགས་ཀྱི་མཚན་སྙན་གྲགས་སྲུང་ཆེད་དུ་དེ་ལྟར་བརྗོད་པར་འདོད།  རྒྱུ་མཚན་ནི་སྐབས་དེར་བོད་ཀྱི་གདོད་མའི་ཆོས་ལུགས་བོན་གྱི་དབང་ཤུགས་ཆེ་བ་དང་།   བཙན་པོ་ཁོང་བཀྲོངས་རྐྱེན་ཡང་བོན་དང་འབྲེལ་བ་ཡོད་པས་ཕྱིས་བོན་ལ་མི་དགའ་བའི་མཁས་པ་རྣམས་ཀྱིས་ཆོས་ཀྱི་ངོ་སོ་སྲུང་བའི་ཆེད་དུ་དེ་ལྟའི་གཏམ་གསར་བཟོས་པར་འདོད།
ཡང“དྲི་གུམ”ལའང་གྲི་གུམ་དང་། ཁྲི་གུམ། ཁྲི་གུང་། དྲི་གུམ། དྲི་རུམ་སོགས་མིང་གི་རྣམ་གྲངས་མང་པོ་ཡོད་ཅིང་། གྲི་རྟགས་བཅུ་གསུམ་ཡོད་པ་དང་གྲིའི་ཁ་ནས་ཤི་བ་སོགས་ལ་བལྟས་ན་གྲི་གུམ་ནི་རྗེས་ནས་བཏགས་པའི་མཚན་ཞིག་ཡིན་པར་འདོད་དེ། གྲིའི་ཁ་ནས་ཤི་བའི་ཆ་རྐྱེན་དེ་མེད་ན་གྲིའི་འོག་ནས་ཤི་བ་མི་ཤེས་ལ། མ་མ་གྲོ་ཞ་མ་ལ་སོགས་པར་ཡང་མངོན་མཁྱེན་མེད་པས་སོ།། དེ་རྒྱུ་མཚན་གཞན་རྣམས་རྗེས་སུ་རེ་རེ་བཞིན་འགོད ་པར་བྱའོ།།
ཁ    བོན་གྱི་ལོ་རྒྱུས་གཞུང་རྣམས་ལས་འཕྲོས་པའི་གནད་དོན།
བོན་གྱི་དེབ་ཐེར་དུ་བཙན་པོ་དྲི་གུམ་བཙན་པོ་ཞེས་བཀོད་ཡོད་ལ། ཁོང་གི་མཚན་བཏགས་ཚུལ་ལ་འདི་ལྟ་སྟེ། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད[3]དང་།དར་རྒྱས་གསལ་སྒྲོན།[4]སྒྲ་འགྲེལ་དང་ཁྲོ་འགྲེལ། གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།[5]བསྒྲགས་བྱང[6]སོགས་བོན་གྱི་བསྟན་འབྱུང་སོགས་སུ་བཀོད་པ་གཅིག་མཚུངས་ཡིན་ཏེ།བཙད་པོ་ཁྲི་ལྡེ་ཡགས་པ(སྲིབས་ཁྲི་བཙན་པོ)དང་།བཙུན་མོ་སྒྲང་ཟ་ལྷ་རྒྱན་གཉིས་ལ་ཐེའུ་རང་མ་སྙ་ཨུ་ཝེར་གྱི་སྤྲུལ་པ་ཞུགས་ཏེ།ཟླ་དགུ་ངོ་བཅུ་ནས་སྲས་གཅིག་འཁྲུངས་པ་དེ་ཡང་།ཟླ་བ་ལས་ལོ་གྲངས་སུ་སྐྱེད་ཙམ་ན།སྐྲ་རྩ་དམར་བ།མིག་ཟླུམ་པ།ལག་མཐིལ་གཡས་ན་སྨེ་བ་ནག་པོ་ཡོད་པ།ཁ་ནས་བསད་བཅད་དུ་སྨྲ་བ།སྡིག་པ་ལ་མོས་ཤིང་གོ་མཚོན་ལ་དགའ་བ་ཅིག་བྱུང་སྟེ།མའི་རུམ་ནས་གྲི་རྟགས་ཚང་བས།སྐུ་གཤེན་ཕ་བ་འཚེ་གཅོ་ཡིས།མཚན་ཡང་གྲི་རུམ་བཙན་པོར་བཏགས་སོ།ཞེས་དང་།ཡང་གྲི་བཤད་ལས།ཅི་ཕྱིར་གྲི་རུམ་བཙད་པོ་ནི།།དང་པོ་བཙས་པ་ནམ་གྱི་གུང་ལ་བཙས།། ལུས་ལ་གྲི་རྟགས་བཅུ་གསུམ་ཡོད།།དཔྲལ་བ་ཁྲག་གི་སྨེ་བ་ཡོད།།སྐོར་དུ་མཚོན་ཆ་སྣ་དགུ་ཡོད།ལུས་ལ་གྲི་རྟགས་ཡོད་པས་ན།།དེ་ཡི་ཕྱིར་ན་གྲི་ཞེས་བྱ།།ནམ་གྱི་གུང་ལ་བཙས་པ་ན།།དེ་ཡི་ཕྱིར་ན་རུམ་ཞེས་བྱ་བས་གྲི་རུམ་བཙན་པོ་བཏགས།རྗེས་སུ་ལོ་ངམ་གྱིས་གྲིས་བཀྲོངས་པས་ན་གྲི་གུམ་བཙན་པོ་ཞེས་གསོལ་བར་བལྟས་ན། བན་དང་བོན་གྱིས་སོ་སོར་བཟུང་བའི་མཚན་འདོགས་ཀྱི་གཏམ་རྒྱུད་འདིའི་གཞི་འཛིན་ས་མི་གཅིག་མོད།ཡིན་ཡང་འདྲ་ས་ཞིག་ཡོད་པ་ནི་མཐར་ཐུག་གྲིའི་འོག་ནས་ཤི་བ་དང་།གསོད་མཁན་ནི་ལོ་ངམ་ཡིན་པ་དེའོ།། ཡིན་ཡང་། བན་དང་བོན་གང་ཞིག་ཀྱང་རང་རང་གི་ཕྱོགས་ཞེན་གྱི་ལྟ་བས་འཁྱེར་ཡོད་པ་སྟེ།དཔེར་ན་བོན་ལ་མཚོན་ན་སྐྲ་རྩ་དམར་བ། མིག་ཟླུམ་པ། ལག་མཐིལ་གཡས་ན་སྨེ་བ་ནག་པོ་ཡོད་པ། ཁ་ནས་བསད་བཅད་དུ་སྨྲ་བ། སྡིག་པ་ལ་མོས་ཤིང་གོ་མཚོན་ལ་དགའ་བ་ཅིག་བྱུང་ཞེས་བྲིས་པར་མཚོན་ན་ཡང་། གྲི་གུམ་བཙན་པོས་བོན་བསྣུབས་པས་གྲུབ་མཐའི་ལྟ་བས་བཙན་པོ་དེ་མ་རུངས་པ་དང་།སྡིག་རྩུབ་ཆེ་བའི་ཁྱད་ཆོས་ལྡན་པའི་བཙན་པོའི་སྣང་བརྙན་ཞིག་རྐོ་བཟོ་དང་སྒྲོ་འདོགས་བྱས་ཡོད་པར་སྣང་།
གཉིས།   བཙན་པོས་འཐབ་བསླངས་ཚུལ་གྱི་སྐོར།
༡ ཏུན་ཧོང་ཡིག་རྙིང་གཙོ་བྱས་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ཁྲོད།
 བཙན་པོས་འཐབ་བསླངས་ཚུལ་གྱི་སྐོར་ལ<<རྒྱལ་རབས་གསལ་བའི་མེ་ལོང>>དུ་རྒྱལ་པོ་གྲི་གུམ་བཙན་པོ་དེ། ཐུགས་གདོན་གྱིས་བསླུས་ཏེ་བློན་པོ་ལོ་ངམ་རྟ་རྫི་ཟེར་བ་ཅིག་ལ།  ཁྱོད་ཀྱིས་ངའི་འཐབ་ཡ་བྱེད་དགོས་ཟེར་ནས། ལོ་ངམ་ན་རེ། རྗེ་ཅི་ལགས། ང་འབངས་ཤིག་གིས་རྗེའི་འཐབ་ཡ་མི་འོང་ཞུས་ཀྱང་། དབང་མེད་དུ་བཅོལ་བས་འཐབ་པར་ཆས། དེར་བློན་པོ་ལོ་ངམ་གྱིས་རྒྱལ་པོའི་དཔྲལ་བའི་མེ་ལོང་ལ་གཏད་ནས་མདའ་བརྒྱབ་པས་རྒྱལ་བོ་བཀྲོངས་སོ།། [7]ཞེས་དང་།   ཏུན་ཧོང་ཡིག་རྙིང་དང་།  <<གཡུ་ཡི་ཕྲེང་བ>>[8]བོད་ཀྱི་ལོ་རྒྱུས་སྤྱི་དོན་ཀུན་གསལ་ནོར་བུའི་མེ་ལོང>>[9]དུ། བཙན་པོའི་མཚན་འདོགས་ཉེས་ཤོར་ཏེ།  ཐུགས་ལ་གདོན་འདྲེ་ཞུགས་ཤིང་། རྒྱལ་སྲས་མིའི་ཚུལ་ལས་འདས་པ་ནམ་མཁར་ཐོགས་མེད་འབྱོན་པ་ལ་སོགས་པ་འཕྲུལ་དང་གཟི་བྱིན་ཆེན་པོ་མངའ་བར་བརྟེན་ཐུགས་རྒྱལ་དང་ཁེངས་དྲེགས་གནོན་མ་ཐུབ་པར།  ཡབ་འབངས་ཕ་ཚན་དགུ་དང་།  ཡུམ་འབངས་རུས་ཚན་གསུམ་ཀུན་ལ་བཙན་ཤེད་ཀྱི་བཀའ་ཕབ་ནས།  ངའི་དགྲ་ཟླར་ལངས་ཏེ་འཐབ་ཕོད་པ་སུ་ཡོད་ཐོན་དགོས་ཞེས་པར།  ལོ་ངམ་རྟ་རྫིས་ཀྱང་མི་ཕོད་གསོལ་ཡང་། མ་གསན་པར་མཐར་ལོ་ངམ་དང་འཐབ་པ།  ཞེས་བཀོད་པའི་ལོ་རྒྱུས་ཀྱི་དཔེ་ཆ་དེ་དག་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་དབུས་གཙང་ཕྱོགས་ནས་བོན་བསྣུབས་རྗེས་བན་ཆོས་ཀྱིས་བོད་ཁམས་ཡོངས་ལ་དབང་བསྒྱུར་བའི་དུས་སྐབས་ནས་བཟུང་བརྩམས་པ་ཡིན་པ་དང་། བན་ཁའི་སྟོབས་ཤུགས་ཧ་ཅང་ཆེ་བས་གྲི་གུམ་བཙན་པོའི་བྱེད་ལས་ལ་སྐུར་འདེབས་དང་སྒྲོ་བཏགས་ཀྱིས་ལྷ་སྒྲུང་གི་རྣམ་པ་ཞིག་ཏུ་བཟོས་པ་དེ་དག་ནི་རྡོ་རིང་དང་ཡིག་རྙིང་ལས་བྱུང་ཡང་ནོར་འཁྲུལ་མེད་པའི་ཁ་ཚོན་གཅོད་དཀའ། གྲི་གུམ་བཙན་པོས་འཐབ་ཡ་བཙལ་བའི་སྐོར་གྱི་བྱེད་ལས་ཡ་མཚར་དེ་དང་སྐད་ཆ་བཤད་ཤེས་པའི“ཁྱི་མོ”དེ་དག་ལ་གཞིགས་ནས་བལྟས་ན། དེ་ནི་ལོ་རྒྱུས་མཁན་པོས་གཟུར་བོའི་གནས་མ་བཟུང་བར་སྒྲོ་བཏགས་བྱས་པ་ཞིག་ལོས་ཡིན་སྙམ། གང་ལྟར་གྲི་གུམ་ལོ་ངམ་གྱི་ལག་ནས་ཤི་བ་ནི་ཚང་མས་ཁས་ལེན་པའི་དོན་དངོས་ཤིག་ཡིན་ཞིང་། གལ་ཏེ་འདི་ལྟར་ཡིན་ན། བཙན་པོའི་ཐུགས་ལ་གདོན་ཞུགས་ཚུལ་དང་། བཙན་པོས་རྒྱུ་མཚན་ཅིའི་ཕྱིར་ཕ་ཚན་དགུ་དང་ཡུམ་འབངས་རུས་ཚན་གསུམ་ལ་བཙན་ཤེད་ཀྱིས་རང་དང་འཐབ་པའི་དགོས་པ་མི་འདུག་ལ། རང་དགར་གྱིས་ལོ་ངམ་དང་འཐབ་བསླངས་ཏེ་རང་སྲོག་ཤོར་དགོས་དོན་ཀྱང་མེད་དེ། གྲི་གུམ་ཁོང་ནི་སྐབས་དེའི་མངའ་དབང་བསྒྱུར་བའི་རྒྱལ་བོ་ཞིག་ཡིན་ལ། རྒྱལ་པོའི་སྐུ་ལུས་ཉིད་བློན་ཞིག་གིས་དོན་མེད་དུ་བཅད་རྗེས་ད་དུང་ཆད་པ་མི་གཅོད་པར་རྒྱལ་སྲིད་འཛིན་པའི་དཔེ་ཞིག་ག་ལ་སྲིད། གལ་ཏེ་རྒྱལ་པོ་རང་ཉིད་ནི་དམངས་སེམས་ཤེས་པའི་རྒྱལ་པོ་ཡ་རབས་ཤིག་ཡིན་ཚེ། དམངས་ཀྱིས་གཤེད་མ་དེ་རང་དགར་མི་འཇོག་ཁོ་ཐག་ཡིན་ལ། རྒྱལ་སྲིད་བསྐྱངས་སུ་མི་འཇུག་པའང་སྨོས་མ་དགོས། ལོ་རྒྱུས་ལྟར་ན་བཙན་པོའི་ཐུགས་ལ་གདོན་ཞུགས་པས་ང་དང་འགྲན་ཕོད་པ་སུ་ཡོད་ཞེས་དྲིས་པ་དང་། རྒྱུ་དང་རྐྱེན་ཅི་ཡང་བཤད་མེད་པར་ལོ་ངམ་དང་འགྲན་དགོས་པ་དང་། ལོ་ངམ་གྱིས་བཏོན་པའི་རེ་བ་དག་བསྐང་བ་མ་ཟད། རང་གི་འཕྲུལ་མཚོན་ཁྱད་འཕགས་རྣམས་ལོ་ངམ་ལ་བྱིན་པ་སོགས་ལ་བལྟས་ན། དེ་ནི་བཙན་པོའི་མཚན་སྙན་སྲུང་ཆེད་བསམ་བཞིན་དུ་དེ་ལྟར་བྱས་པར་འདོད་ལ། གཞན་གལ་ཏེ་ལོ་ངམ་ཞེས་པ་དེ་རྟ་རྫི་དང་བློན་པོ་ཞིག་ཡིན་ན་དེས་རྒྱལ་པོའི་མཛོད་དུ་རིན་པོ་ཆེ་དེ་དག་ཡོད་པ་ཇི་ལྟར་ཤེས། རང་རྒྱལ་པོ་ཞིག་ཡིན་པའི་ཆ་ནས་རང་གི་ཐབས་འཕྲུལ་དག་གཞན་ལ་བྱིན་ཏེ་རང་སྲོག་དོན་མེད་དུ་སྦྱིན་དགོས་པའི་རྒྱུ་མཚན་ཅི། བྱིན་པའི་དབང་དུ་བཏང་ཡང་རྟ་རྫི་ཞིག་ལ་དེའི་སྤོབས་པ་ག་ལ་ཡོད། དེ་བས་དེ་དག་ནི་སྔ་རྗེས་སུ་རིགས་འདེད་བྱེད་མི་ཐུབ་པའི་ཐག་མདུད་ཅིག་ཏུ་གྲུབ་བོ།།
༢ བོན་གྱི་ལོ་རྒྱུས་དཔེ་གཞུང་ལས་འཕྲོས་པའི་སྐོར།
ཡང་བཙན་པོས་འཐབ་ཇི་ལྟར་བསླངས་ཚུལ་གྱི་སྐོར་ལ།དར་རྒྱས་གསལ་སྒྲོན་ལས[10]།རྒྱལ་པོ་གྲི་རུམ་བཙན་པོ་དེ།འབངས་ལོ་ངམ་རྟ་རྫིས་བསད་པ་ཡོད།རྒྱལ་རླ་གྲི་བོར་སོང་བ་ཡོད།རྒྱལ་གྱི་འབངས་སྲིད་ཉམས་པ་ཡོད།ཅེས་སྔ་རབས་པ་ལ་ཟེར་བ་ལ།རྒྱལ་པོ་གྲི་རུམ་གྱི་བོན་བསྣུབས་པའི་ཞེ་རྔམ་སྐྱེས་ནས།ལྷོ་བྲག་གི་ལོ་ངམ་རྟ་རྫི་ལ་འཕྲིན་བརྫང་སྟེ། ང་དང་མཉམ་པའི་བོན་པོ་ནི་སྤྱུགས།ད་ང་ལ་འཐབ་ཟླ་མེད་པས།ཁྱོད་ཀྱིས་འཐབ་ཟླ་བྱེད་དགོས་གསུངས་པས།ལོ་ངམ་ན་རེ།ཁྱེད་ཀྱི་ཕུད་ཀྱི་རྒྱལ་པོ་ཆེན་པོ་ཡིན།བདག་རྒྱལ་ཕྲན་བཅུ་གཉིས་ཀྱི་ཡུ་བ་ཡིན།རྒྱལ་འབངས་འཁྲུགས་པ་ག་ལ་འོས།རྗེའི་འཐབ་ཟླ་མི་འོང་བས།བཀའ་དེ་མི་གསུང་བར་ཞུ་བྱས་པས།རྒྱལ་པོ་ན་རེ།ང་དང་མཉམ་པའི་བོན་གཤེན་རྣམས་ནི་མཐའ་རུ་སྤྱུགས།ད་ང་ལ་མཐའ་ཟླ་འོས་པ་མི་རྟ་ཧྲགས་པ་ཁྱེད་ལས་མེད་པས། དམག་དང་བཅས་ནས་མི་འོང་ན་རྐེ་ལ་ཆབ་གསོལ་ཟེར་རོ།།དེ་ནས་ལོ་ངམ་གྱིས་བསམ་པ། ད་འདིའི་འཐབ་ཟླ་མ་བྱས་ན་ནི་ཆབ་གསོལ་བར་འདུགབྱེད་པར་ཁས་བླངས་ནས་བྲོས་ཀྱང་།རྒྱལ་པོའི་བཀའ་བཅག་པས། ཕྱིས་བོད་དུ་མི་ཆུད་པར་འདུགལར་འདིའི་བདེན་པའི་བོན་བསྣུབས་པའི་བཀའ་ཆད་འདྲ་བྱུང་ངམ་ཅི།བློ་སེམས་རབ་ཏུ་མི་བདེ་བར་ཡོད་ཙམ་ན།དེ་ནུབ་རྨི་ལམ་དུ་ལོ་ངམ་ཁྱོད་བློ་མ་སྡུག་དང་།རྒྱལ་པོ་ནི་བོན་གྱི་དབུ་ཡོག་གིས།མ་བདུད་ཀྱི་སྙིང་དཀྲུགས་ནས་ཡོད་ཀྱི།ཁྱོད་ཀྱི་སྟོབས་ཀྱིས་མི་ཐུབ་ན་ཡང་།ལྷ་དབྱེ་རྫས་འདི་རྣམས་བྱས་ཤིང་འཐབ་བྱས་པས་ཐུབ་ཀྱི།ཞེས་ཐབས་བསླབས་ཏེ་རྒྱལ་པོར་སྨྲ་རུ་བཅུག་པ་དང་།རྒྱལ་པོས་ཀྱང་ལོ་ངམ་གྱིས་བཤད་པ་ལྟར་ལས་མཐར་གཡོ་འོག་ཏུ་ཚུད་ནས་ལོ་ངམ་གྱིས་བཀྲོངས་ཚུལ་བཀོད་ཡོད།
ཡང་བོན་གྱི་བསྟན་འབྱུང་དུ་གྲི་གུམ་བཙན་པོ་གླེན་པོའི་རིང་ལ།ཞེས་གྲུབ་མཐའི་ཕྱོགས་ཞེན་གྱིས་གྲི་གུམ་བཙན་པོས་བོན་བསྣུབས་པའི་རྐྱེན་གྱིས་གླེན་པར་འབོད་པ་དག་ནི་ང་ཚོས་གླེང་རིན་མེད་པའི་གཏམ་ཡིན་མོད།འོན་ཀྱང་རྒྱལ་རབས་ཞེས་པ་དེ་ནི་སྟོབས་དང་ལྡན་པའི་སྐྱེ་བོ་སུའང་རུང་བ་ཞིག་གིས་རྒྱལ་ཁམས་གང་ཡང་རུང་བ་ཞིག་ལ་མངའ་དབང་རྫོགས་པར་བསྒྱུར་ཅིང་མངའ་བདག་གི་གོ་གནས་ཆ་ཚང་བར་འཛིན་མཁན་དེ་འདྲ་བའི་རིགས་ལ་རྒྱལ་པོའམ་བཙན་པོ་ཞེས་པའི་ཐ་སྙད་འདི་བྱུང་ཡོད་པ་ཡིན་སྟབས།དུས་སྐབས་དེར་སྤུ་རྒྱལ་གྱི་མངའ་ཁོངས་སུ་ཡོད་པའི་རྒྱལ་ཕྲན་རྣམས་སྟོབས་ཤུགས་ཆེན་པོར་ཆགས་ཡོད་པ་དང་།གཙང་གི་རྒྱལ་ཕྲན་ལོ་ངམ་དང་དེ་ཕྱོགས་ཀྱི་བོན་པོ་རྣམས་ཀྱིས་རྒྱལ་སྲིད་ལ་ཐེ་གཏོགས་བྱས་པས་རྒྱལ་པོས་རང་གི་སྲིད་ཤོར་བར་དོགས་ཉེས་ཀྱིས་གཡུང་དྲུང་བོན་བསྟན་བསྣུབས་སྟེ་སྐུ་གཤེན་གྱི་དབང་ཤུགས་མར་མནན།
གསུམ། ལོ་ངམ་ཞེས་པའི་མི་དང་དེས་ཇི་ལྟར་བཀྲོངས་ཚུལ་སྐོར།
ཀ ལོ་ངམ་ཞེས་པ་རྟ་རྫི་ཞིག་ཡིན་ནམ་རྒྱལ་ཕྲན་གྱི་རྒྱལ་པོ་ཞིག་ཡིན།
ལོ་རྒྱུས་ཡིག་ཆ་གང་མང་ཞིག་ཏུ་ལོ་ངམ་རྟ་རྫི་དང་བློན་པོ་ལོ་ངམ་ཞེས་འབོད་ལ། <<བཀའ་ཆེམས་ཀ་ཁོལ་མ>>ལས།བཙན་པོས་ཁ་ཆེའི་ཡུལ་དུ་དཔུང་འཇུག་བྱས་ཏེ་གཡུལ་ལས་རྒྱལ།ཕྱིར་བོད་དུ་ལོག་པའི་ལམ་དུ་གཙང་གི་མྱང་ཡུལ་དུ་སླེབས་པ་དང་།རྒྱལ་ཕྲན་ལོ་ངམ་གྱིས་གཡོ་ཐབས་ཀྱིས་བསུ་བའི་མཛད་སྒོའི་ཁྲོད་མདའ་འཕངས་ཏེ་རྒྱལ་པོ་བཀྲོངས་ཤིང་སྲིད་འཕྲོག་པར་གསུངས་ཞེས་རྒྱལ་ཕྲན་ཞིག་ཡིན་པར་བརྗོད་ཡོད། ཡང་ལྡེའུ་ཆོས་འབྱུང་ཆེན་མོ་[103ཕ9]ལས་གྲི་གུམ་བཙན་པོ་རྒྱལ་ཕྲན་ལོ་ངམ་རྟ་རྫི་དང་ཙད་ནས་གྲི་གུམ་བཙན་པོ་སྐྲོངངས་ཏེ།སྤུར་ཟངས་སུ་བཅུག་ནས་གཙང་པོ་ལ་བསྐྱུར།ཞེས་པ་དང་།ཐལ་གསེབ་ནས་མདའ་བརྒྱབ་སྟེ་བཙན་པོ་བཀྲོངས་པའི་ལག་དམར་ནི་ལོ་ངམ་རྟ་རྫི་ཡིན་ལ། བཙན་པོ་བཀྲོངས་ཐུབ་པ་དང་རྒྱལ་ས་འཛིན་ཐུབ་པ་ནི་ལོ་ངམ་རྟ་རྫི་གཅིག་པུའི་སྟོབས་ཤུགས་མ་ཡིན་པར།གཤེན་བོན་ཏེ་ཆོས་ལུགས་གྲུབ་མཐའི་སྟོབས་ཤུགས་དང་།རྙིང་ཞེན་དབང་བསྒྱུར་གྲལ་རིམ་གྱི་སྟོབས་ཤུགས།སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་བཅས་ཀྱི་རྒྱུ་རྐྱེན་མང་པོ་ལོག་སྤྱོད་ཀྱི་སྟོབས་ཤུགས་མང་པོ་འདུས་པས་ཆབ་སྲིད་ཀྱི་འཐབ་རྩོད་ཁྲོད་ནས་བཙན་པོའི་ཕྱོགས་ཕམ་པ་དང་ལོ་ངམ་གྱི་ཚོགས་ཁག་རྒྱལ་བ་ཡིན་ཏེ།ལོ་ངམ་རང་ལ་དབང་བའི་ལྷོ་ཁའི་རྒྱལ་ཕྲན་གྱི་སྟོབས་ཤུགས་ཇེ་ཆེར་སོང་བ་དང་མཉམ་དུ་རྒྱལ་པོའི་བཀའ་གསུང་སྔོན་ལྟར་དང་ལེན་བྱེད་དཀའ་བ་དང་གཅིག ཆོས་ལུགས་གྲུབ་མཐའི་ཐད་ཀྱི་དད་མོས་ཐ་དད་དུ་མཆིས་པ་དང་གཉིས།མཐུ་རྩལ་དམག་ཐབས་ཀྱི་ཕྱོགས་ནས་བྱུང་བའི་ཕྲག་དོག་དང་དམིགས་པ་མི་བཟང་བ་དག་གིས་ཕྲ་མ་གཏོང་བ་དང་གསུམ་བཅས་ཀྱི་དབང་གིས་རྒྱལ་ཁབ་གཅིག་གི་ནང་ནས་རྗེ་བློན་གྱི་ཚུལ་དུ་སྔར་བཞིན་སྲིད་སྐྱོང་རྒྱུ་ནི་ལས་སླ་པོ་ཞིག་མ་ཡིན།
ཁ། སྐབས་དེའི་ཆབ་སྲིད་དང་བཙན་པོ་བཀྲོངས་རྐྱེན།
   ལོ་ངམ་རྟ་རྫི་ནི་རྟ་རྫི་ཞིག་གམ་བློན་ཕལ་བ་ཞིག་གཏན་ནས་མ་ཡིན་པར།ཁོང་ནི་སྐབས་དེའི་རྒྱལ་ཕྲན་ཞིག་གི་རྒྱལ་པོའམ་འགོ་གཙོ་ཞིག་ཡིན་པ་དང་།དུས་སྐབས་དེའི་བོད་ཀྱི་སྤྱི་ཚོགས་ནི་བྲན་གཡོག་སྤྱི་ཚོགས་ཡིན་ཞིང་།སྐབས་དེའི་བཙན་པོའི་སྲིད་གཞུང་ནི་རྒྱལ་པོ་དང་། བློན་པོ།  སྐུ་གཤེན། དམིག་མི་བཅས་ལས་གྲུབ་པའི་སྲིད་གཞུང་ཞིག་རེད།    འདི་འདྲའི་སྲིད་གཞུང་ཞིག་ནས་བཙན་པོར་ངོ་རྒོལ་དང་རྒྱལ་སྲིད་འཛིན་པ་ནི་ལས་སླ་མོ་ཞིག་མ་ཡིན་པས། སྲིད་གཞུང་དེ་འདྲ་ཞིག་རྩ་སློག་ཏུ་གཏོང་དགོས་ན་རྩ་འཛུགས་དང་དམིགས་ཡུལ་ཡོད་པའི་སྤྱི་ཚོགས་ཀྱི་ཚོགས་པའམ་གྲལ་རིམ་དབང་ཤུགས་ཅན་ཞིག་གིས་རྒྱབ་སྐྱོར་བྱས་མེད་ཚེ་ཡང་ལས་སླ་བོ་ཞིག་ག་ལ་ཡིན།
འོ་ན་སྐབས་དེའི་སྤྱི་ཚོགས་དེའི་གནས་བབ་ཁྲོད་རྒྱུ་མཚན་ཅི་ཞིག་གི་འོག་ནས་བཙན་པོ་བཀྲོངས་པ་དང་།ཡང་སྙིང་དོན་གང་ཞིག་ལ་ཐུག་ཡོད་པར་དཔྱད་ན།
ལོ་རྒྱུས་ཀྱི་དེབ་ཐེར་མང་པོའི་ཁྲོད་བཙན་པོའི་ཐུགས་སུ་གདོན་ཞུགས་ཏེ་བོན་བསྣུབས་པ་དང་། མཚན་འདོགས་ཉེས་ཀྱིས་འཐབ་ཟླ་བསླངས་པར་བཤད་མོད། དེ་ནི་སྐབས་དེའི་དོན་དངོས་སྦ་གསང་བྱས་ཏེ་བཙན་པོས་ཅིའི་ཕྱིར་འཐབ་བསླངས་ཏེ་ལོ་ངམ་གྱིས་བཀྲོངས་པ་སོགས་ཀྱི་རྒྱབ་ལོག་ཏུ་དོན་གཞན་ཞིག་ཡོད་པ་ཁག་ཐེག་བྱེད་ཐུབ། ཡིན་ཡང་རང་རང་སོ་སོའི་ཁེ་ཕན་དང་མཚན་སྙན།    ངོ་སོ་སྲུང་ཆེད་དུ་གཏམ་རྒྱུད་གསར་བ་རེར་རྟོག་བཟོ་བྱས་ཏེ་ལོ་རྒྱུས་ལ་ཉེས་འགལ་བྱས།      དེ་མིན་བོན་གྱི་ལོ་རྒྱུས་དེབ་ཐེར་འགའ་ཞིག་ལ་གཞིགས་ནས་བལྟས་ན།གྲི་གུམ་ཡར་སྔོན་གྱི་བཙན་པོའི་སྐུ་རིང་དུ་བོན་དར་ཆེ་བ་དང་། སྐུ་གཤེན་རྣམས་ཀྱི་དབང་ཤུགས་ཀྱང་ཧ་ཅང་ཆེ། བཙན་པོ་རྣམས་བོན་ལ་དད་ཅིང་དེ་འཛིན་སྐྱོང་སྤེལ་སྐྱོང་གསུམ་བྱེད་པར་མཐུན་རྐྱེན་མང་པོ་བསྒྲུབས་པ་མ་ཟད། རྒྱལ་པོ་རེ་ལ་རིམ་གྲོ་སོགས་སྒྲུབ་པའི་སྐུ་སྲུང་བོན་གཤེན་རེ་མཛད་དེ་གཙིགས་སུ་བཀུར་བས།བོན་གཤེན་རྣམས་ཀྱི་སྤྱི་ཚོགས་ཀྱི་གོ་གནས་རབ་ཏུ་མཐོ།ཡང<< སྒྲ་བསྒྲགས་རིན་ཆེན་གླིང་གྲགས >>[11]ནང་།དེ་ཡང་ཁྲི་བདུན་གྱི་རིང་དང་གྲི་གུམ་གྱི་ཚེ་སྟོད་ལ་དད་པ་བོན་གྱི་བསྟན་པ་ཤིན་ཏུ་དར་ཏེ།གཡུང་དྲུང་གི་བོན་ནི་ཟབ་ཅིང་རྒྱ་ཆེ།འདྲེན་པའི་དཔོན་པོ་ནི་ཐུགས་ཆེ་ལ་བྱིན་བརླབས་ཆེ།རྒྱལ་པོ་རྣམས་ནི་དབང་ཆེ་ལ་བཀའ་བཙན་པས།མངའ་རིས་ནི་རྒྱལ་པོའི་མངའ་རིས། རྒྱལ་ཁབ་ནི་བོན་གྱི་རྒྱལ་ཁམས།དེའི་དུས་ན་མི་རྗེ་ལྷའི་མཛད་པས་མགོན་སྐྱབས་ཆེ།ཚེ་སྲོག་གཤེན་གྱིས་བསྲིང་པས་སྐུ་ཚེ་རིང་།། ཞེས་སྐབས་དེར་གྲུབ་པ་ཐོབ་པའི་གཤེན་དགུ།མཁས་པ་མི་བཞི།མཐུ་བོ་ཆེ་མི་དགུ བོན་ཆེན་བཞི་བཅུ་རྩ་གཉིས། གཤེན་ཕྲན་གྲངས་མེད་པ་རྣམས་བོན་གྱིས་དོན་མཛད་ཅིང་།བོན་གྱི་སྐུ་གཤེན་རྣམས་ལ་བཙན་པོས་དབང་སྟོབས་ཆེན་པོ་བྱིན་པ་དང་།རིམ་བཞིན་བཙན་པོ་གྲི་གུམ་གྱི་དུས་སུ་སྐུ་གཤེན་རྣམས་ཀྱི་དབང་དང་རྒྱལ་པོའི་སྲིད་དབར་དོ་མཉམ་པ་དང་།ཐ་ན་དེ་ལས་མཐོ་བའི་སྣང་ཚུལ་བྱུང་བས་བཙན་པོས་བློ་མ་བདེ་བར་འཐབ་བསླངས་པའི་ཚུལ་གྱིས་ལོ་ངམ་དང་འཁྲུག་པ་རེད།དཔེར་ན།རྐྱེན་ནི་རྒྱལ་པོ་མངའ་ཐང་དྲེགས་པ་ཆེ།།གཤེན་པོ་ཡོན་ཏན་མཐུ་ཡི་དྲེགས་པ་ཆེ།།བློན་པོ་བློ་གྲོས་མཁས་པའི་དྲེགས་ཆེ་སྟེ།།ཆེ་གསུམ་དུག་ལྔའི་མེ་ཆེན་འབར་བའི་ཁར།།བློན་པོ་ཆུང་གསུམ་ཕྲ་མའི་ཤིང་བསྣན་ཏེ།།བསྟན་པའི་ཉི་མ་ཆུ་ལྷའི་ཕང་དུ་བཞུད།།དེ་ཡང་ཆུང་གསུམ་ཕྲ་མ་ཇི་ལྟར་ན།།བློན་པོ་ལི་བཙན་གཞེར་གྱིས་རྗེ་རྒྱལ་ལགས།།བོན་པོ་མགོ་མཐོ་རྗེ་ཡི་མངའ་ཐང་འཁྱེར།།ཞེས་སོགས་བློན་པོ་ཟིང་པ་རད་ན་ཡིས།།གཤེན་རྣམས་མཐར་སྤྱུགས་བཀའ་མཆིད་གསུངས་པར་ཞུ།། སོགས་ཟེར་རྒྱ་སྤྲང་རིན་ཆེན་དངོས་གྲུབ་དེས།།ད་ལྟ་རྒྱལ་གཤེན་དོ་མཉམ་ཙམ་གདའ་སྟེ།།སྲས་དབོན་སྐུ་རིང་རྒྱལ་སྲིད་བོན་པོས་འཁྱེར།།ཞེས་སོགས་ཕྲ་མ་མང་སྨྲས་རྒྱལ་གཤེན་དཀྲུག་པ་དང་།དར་རྒྱས་གསལ་སྒྲོན་ཐོབ655ཤ81བ1[ལས་ངའི་རྒྱལ་སྲིད་དང་ཁྱེད་བོན་གྱི་རྒྱལ་སྲིད་གཉིས་མི་ཤོང་གསུངས་ཞེས་གསལ་བ་བཞིན།དེ་དུས་ཀྱི་བོན་གཤེན་རྣམས་མཐུ་དབང་ཆེ་བ་དང་བོན་པོའི་རྒྱབ་ཏུ་ཞང་ཞུང་གི་སྟོབས་ཤུགས་ཡོད་པ་བཅས་ལ་བརྟེན་ནས་བོན་བསྣུབས་ཞེས་སོགས་ལ་གཞིགས་ན། སྐབས་དེར་བཙན་པོས་སྐུ་གཤེན་རྣམས་ཀྱི་དབང་ཤུགས་ཇེ་ཆེར་འགྲོ་བ་དང་།རང་ཉིད་ཀྱི་སྲིད་དབང་ཤོར་ཉེན་ཆེ་བ།བློན་འགས་ཕྲ་མ་བཅུག་པ་སོགས་ཀྱི་རྐྱེན་གྱིས་རང་ཉིད་ཀྱི་རྒྱལ་སྲིད་སྲུང་ཆེད་བོན་བསྣུབས་པ་དང་། བོན་གྱི་སྐུ་གཤེན་ལ་དབང་ཆ་ཚོད་འཛིན་ངེས་ཅན་ཞིག་མ་བྱས་ཚེ།རྒྱལ་སྲིད་གཞན་ལ་ཤོར་ཉེན་ཡོད་པས་བཙན་པོས་བོན་གཤེན་རྣམས་མཐའ་འཁོབ་ཏུ་སྤྱུགས་པ་རེད།སྐུ་སྔོན་མའི་བཙན་པོ་རྣམས་ཀྱིས་གཙིགས་སུ་བཀུར་བའི་བོན་པོ་རྣམས་ཀྱིས་སྣང་ཚུལ་དེ་དང་ལེན་བྱེད་མ་ཐུབ་པར་རྒྱལ་ཕྲན་ལོ་ངམ་ལ་རམ་འདེགས་དང་རྒྱབ་སྐྱོར་བཅས་བྱས་མཐར་བཙན་པོ་ཉིད་བཀྲོངས་པ་དང་།རྒྱལ་སྲིད་རང་ཉིད་ཀྱིས་བཟུང་སྟེ་ལོ་རྒྱུས་ཀྱི་དེབ་ཐེར་ནང་ཡ་མཚར་བའི་གཏམ་རྒྱུད་ཅིག་གི་ཁ་བསྣན།དེ་བས།ལོ་ངམ་གྱིས་བཙན་པོ་བཀྲོངས་རྐྱེན་གཙོ་བོ་ནི།རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་།གཉའ་ཁྲི་བཙན་པོའི་རིང་ལ་བོན་བྱུང་བ་ནས་བཟུང་རྒྱལ་པོ་རེ་སྐུ་གཤེན་རེ་ཞེས་བཙན་པོ་རེ་རེའི་སྐུ་མདུན་དུ་གཤེན་པོ་རེ་ཡོད་པ་མ་ཟད།སྐུ་གཤེན་གྱི་དབང་ཐང་ཇེ་མཐོར་སོང་བ་དང་བསྟུན་ནས་ཆབ་སྲིད་ལ་ཐེ་གཏོགས་བྱས་ཤིང་།ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་ཆབ་སྲིད་བོན་གྱིས་བསྐྱངས་པ་ན།བོན་རྣམས་ཀྱི་འདོད་རྔམས་ཇེ་ཆེར་དང་རྒྱལ་པོས་རང་གི་སྲིད་དབང་ཤོར་དོགས་སྙམ་ནས་བོན་བསྣུབས་པ་དང་མཐར་སྤྱུགས་པས།བོན་གཤེན་གཙོ་བྱས་པའི་བོན་རྣམས་ཀྱིས་ཀྱང་རང་གི་གནས་བབ་ལ་རྡུང་རྡེག་དེ་འདྲ་ཐེབས་པས་བོན་གཤེན་གྲལ་རིམ་གྱིས་རྒྱབ་སྐྱོར་བྱས་རྐྱེན་བཙན་པོ་དང་འཐབ་པ་སྟེ། བཙན་པོས་ལོ་ངམ་ལ་འཐབ་བསླངས་རྗེས་ལོ་ངམ་བློ་མི་བདེ་འབྱུང་ཡང་། ཁོས་བོན་གྱི་ལྷ་ཞིག་རྨི་ལམ་དུ་ཡོང་ནས་ལུང་བསྟན་པ་དང་།ཡང་ལ་ལས་ལོ་ངམ་ནི་བོན་ལྷ་སྟག་ལྷ་མེ་འབར་གྱི་སྤྲུལ་པ་ཡིན་པར་བཤད་པ་སོགས་ལ་གཞིགས་ན།ལོ་ངམ་ལ་བོན་གྱི་རྒྱབ་རྟེན་བརྟན་པོ་ཞིག་ཡོད་པ་དང་།དམིགས་ཡུལ་ཡོད་པའི་སྒོ་ནས་བཙན་པོའི་སྲིད་འཕྲོག་པའི་སྣང་ཚུལ་འདུག དེའི་ཕྱིར་དོན་དངོས་སུ་བཙན་པོས་ཆབ་སྲིད་ཤོར་དོགས་ཀྱིས་བོན་བསྣུབས་ཀྱང་།ལོ་ངམ་གཙོ་བྱས་པའི་བོན་གཤེན་རྣམས་ཀྱིས་བཙན་པོའི་རྒྱལ་ཁྲིམས་ལ་ངོ་རྒོལ་གྱིས་མཐར་བཙན་པོ་བཀྲོངས་པ་དེ་རེད། དེ་ནི་སྟེས་དབང་གིས་བཀྲོངས་པ་ཞིག་མ་ཡིན་པར་སྐབས་དེར་དབང་སྒྱུར་གྲལ་རིམ་དབར་སྲིད་དབང་འཕྲོག་རེས་བྱེད་ཅིང་།རང་རང་གི་དབང་སྒྱུར་གོ་གནས་དང་དཔལ་འབྱོར་ཁེ་ཕན་སྲུང་སྐྱོབ་བྱེད་པའི་འཐབ་རྩོད་ཅིག་ཡིན་པས།རྒྱལ་གཤེན་དབར་གྱི་སྲིད་ལ་དོ་མཉམ་ཤོར་བ་སོགས་ཀྱི་རྐྱེན་གྱིས་བཙན་པོ་གྲི་གུམ་བཙན་པོ་དང་།ལོ་ངམ་བར་གྱི་འཐབ་རྩོད་དེའང་སྐབས་དེའི་སྲིད་དབང་འཕྲོག་རྩོད་བྱེད་པའི་སྣང་ཚུལ་ཁྲོད་ཀྱི་དཔེ་མཚོན་ཙམ་ཡིན་ནོ།།
གྲུབ་མཐའི་ཕྱོགས་ཞེན་དང་རང་ཉིད་ཀྱི་ཁེ་ཕན་སྲུང་ཆེད་བན་དང་བོན་གང་ཡིན་ཡང་ཕ་རོལ་པར་ངན་སྨོས་དང་། རང་ཉིད་ནི་ཀུན་ལས་བཟང་བའི་ལྟ་ཚུལ་བཟུང་སྟེ་ལོ་རྒྱུས་ལ་ཉེས་འགལ་བྱས།བྱ་དངོས་ཅི་དང་གང་ཡིན་རུང་གདོང་གཏུག་མེད་པ་ནི་མེད་ཅིང་། གདོང་གཏུག་ལས་ཕན་ཚུན་འཕེལ་རྒྱས་དང་རམ་འདེགས་བྱུང་ཞིང་། གདོང་གཏུག་བྱས་པ་ལས་ད་གཟོད་དངོས་པོ་ཞིག་འཚོ་གནས་བྱེད་ཐུབ་མིན་མཚོན། གྲི་གུམ་བཙན་པོའི་སྐབས་སུ་བྱུང་བའི་སྣང་ཚུལ་འདི་ཡང་མཐར་ཐུག་ན་ལོ་རྒྱུས་ཀྱིས་གནང་བའི་ཚོད་བགམ་ཞིག་ལས་སྟེས་དབང་གི་རྒྱུ་རྐྱེན་ཞིག་གཏན་ནས་མ་ཡིན་ལ། ལྷ་སྒྲུང་ལྟ་བུའི་སྣང་ཚུལ་ཁྲོད་ནས་ཐུགས་སུ་གདོན་ཞུགས་ཏེ་བཀྲོངས་པའང་མ་ཡིན། བན་ཁའི་ཡིག་ཆ་ལྟར་བཙན་པོའི་ཐུགས་སུ་གདོན་ཞུགས་ཏེ་མཚན་ལ་གྲི་གུམ་ཞེས་ལོ་མང་རྟ་རྫིར་འཐབ་བསླངས་ཏེ་གྲིར་གུམ་ཞེས་པ་ནི་བསམ་གཟས་ནས་དོན་དངོས་དེ་སྦ་གསང་བྱས་པ་དང་། ཡང་བོན་ལུགས་ལྟར་འཕྲུལ་དང་ལྡན་པའི་སྒོ་ནས་ལོ་ངམ་གྱི་རྨི་ལམ་དུ་ལུང་བསྟན་གནང་བ་དང་། བཙན་པོ་ང་རྒྱལ་ཁེངས་དྲེགས་ཆེ་བ། བཙན་པོའི་སྔོན་ལས་ཀྱི་བསོད་ནམས་ཟད་དེ་བོན་བསྣུབས་པ་སོགས་ཀྱང་གྲུབ་མཐའི་ཕྱོགས་ཞེན་གྱི་དབང་དུ་སོང་བའི་གཏམ་ཡིན་པས། དོན་དངོས་སུ་དབང་བསྒྱུར་གྲལ་རིམ་དབར་གྱི་སྲིད་དབང་འཕྲོག་རྩོད་དང་། རྒྱལ་པོས་བོན་བསྣུབས་པ་དང་སྐུ་གཤེན་རྣམས་ཀྱིས་དང་ལེན་བྱེད་མ་ཐུབ་པར་བོན་ཕྱོགས་ཀྱི་ཚོགས་པས་ལོ་ངམ་ལ་རྒྱབ་སྐྱོར་གྱིས་བཙན་པོ་ཉིད་བཀྲོངས། སྲིད་དབང་འཕྲོག་རྩོད་དང་རང་ཉིད་ཀྱི་ཁེ་ཕན་དང་རང་དོན་སྲུང་ཆེད་རྒྱལ་པོ་བཀྲོངས་པའི་སྲོལ་ལྟ་བུ་ནི་བོད་མ་ཟད་གནའ་བོའི་ཞི་ལ་དང་རོ་མ་རྒྱལ་ཁབ། ཉི་ཧོང་ལོ་རྒྱུས་སོགས་རྒྱལ་ཁབ་མང་པོའི་ལོ་རྒྱུས་ཁྲོད་དུ་རྒྱལ་པོས་རང་གི་སྲིད་དང་མཉམ་པའམ་རང་ལས་སྟོབས་ཆེ་བའི་ཉེ་འགྲམ་གྱི་དམག་དཔོན་དང་། བློན་ཆེ་སོགས་གསོད་པ་ནི་རྒྱུན་སྣང་ཞིག་ཏུ་འཁུམས།
རྒྱལ་པོ་གཉའ་ཁྲི་བཙན་པོའི་རིང་དང་ཡང་ན་དེ་ལས་སྔ་བའི་དུས་ནས་བོད་དུ་བོན་ཆོས་དར་ཏེ་ཆབ་སྲིད་བོན་གྱིས་བསྐྱངས་པ་དང་། གྲི་གུམ་གོང་དུ་རྒྱལ་པོས་སྐུ་གཤེན་ལ་བཀུར་བསྟི་དང་བློ་འདྲི་བ་སོགས་བྱས་ཏེ་དབང་ཐང་ཆེན་པོ་སྤྲད་པས། སྐབས་དེར་རྒྱལ་པོ་མངའ་ཐང་དྲེགས་པ་ཆེ་བ་དང་། གཤེན་པོ་ཡོན་ཏན་མཐུ་ཡི་དྲེགས་པ་ཆེ་ཞེས་པ་ལྟར། བོན་གྱི་མཁས་པ་མི་བཞི་སོགས་བྱུང་བས་རྒྱལ་པོས་རང་གི་གནས་བབ་ལ་བསམ་གཞིག་བཏང་སྟེ་ཤོར་ཉེན་ཆེ་བའི་སེམས་ཁུར་དང་བཅས་བོན་པོ་རྣམས་མཐར་སྤྲད་པའི་བཀའ་བབས་པ་དང་། བོན་ཆོས་བསྣུབས་པའི་ལས་བྱས་པས་སྔར་དབང་ཐང་ཆེ་བའི་སྐུ་གཤེན་རྣམས་ཀྱིས་དང་ལེན་བྱེད་མ་ཐུབ་པར་ངོ་རྒོལ་བྱས། དེ་ནི་བཙན་པོ་སྲོང་བཙན་སྒམ་པོའི་སྐབས་ཀྱི་ཁྱུང་པོ་སྤུངས་ཟུ་ཙེའི་རྣམ་པ་དང་གཅིག་མཚུངས་ཡིན་ཏེ། གནམ་རི་སྲོང་བཙན་དང་སྟག་རི་གཉན་གཟིགས་ཀྱི་དུས་སུ་ཁོང་གིས་བྱས་རྗེས་ཆེན་པོ་བཞག་སྟེ་རྒྱལ་པོའི་ཐུགས་སྲས་ལྟ་བུ་ཡིན་མོད། སྲོང་བཙན་གྱིས་གཙིགས་མཐོང་མ་བྱས་པའི་དབང་གིས་བློ་ངན་སྐྱེས་ཏེ་བཙན་པོ་བཀྲོངས་འདོད་པ་མ་ཡིན་ནམ། སྐབས་དེར་བཙན་པོ་བཀྲོངས་པའང་རྒྱུ་རྐྱེན་མེད་པ་ཞིག་མ་ཡིན་པར་རྟེན་འབྱུང་གི་འབྲེལ་བ་ལས་བཙན་པོའི་ལས་ཉེས་ཀྱིས་རང་ལ་དེ་ལྟ་བུའི་ཐོབ་འབྲས་ཐོབ་པ་དང་། དེ་ནི་རྗེས་ཀྱི་གླང་དར་མའི་བཀྲོངས་རྐྱེན་དང་མཚུངས།
མདོར་ན། གཅིག་ནས་ལོ་ངམ་ནི་རྟ་རྫི་ཞིག་མ་ཡིན་པར་རྒྱལ་ཕྲན་ཞིག་གི་འགོ་གཙོ་ཡིན་པ་དང་། གཉིས་ནས་སྐབས་དེར་སྤྱི་ཚོགས་འཕེལ་རྒྱས་དང་མིའི་རིགས་ཀྱི་ཤེས་རིག་གོ་རྟོགས་འཕེལ་རྒྱས་སུ་ཕྱིན་པ། གསུམ་ནས་སྲིད་དབང་འཕྲོག་རྩོད་ཀྱི་རྣམ་པ་ཛ་དྲག་ཆེ་བ། བཞི་ནས་བོན་གཤེན་རྣམས་དབང་སྟོབས་ཆེ་བ་སོགས་ཀྱི་རྐྱེན་པས། བཙན་པོར་དོགས་སྣང་སྐྱེས་པ་དང་བློ་མ་བདེ་བའི་ཐོག་བློན་པོས་ཕྲ་མ་བཅུག་པ་སོགས་ཀྱི་དབང་གིས་སྔར་སྲོལ་ལ་རྒྱབ་འགལ་གྱིས་བོན་བསྣུབས་པ་དང་། སྐུ་གཤེན་རྣམས་ས་མཐར་སྤྱུགས་པ་སོགས་བྱས་ཏེ་རང་གི་སྲིད་སྐྱོང་བར་མཛད་མོད། འོན་ཀྱང་ལོ་ངམ་གཙོ་བྱས་པའི་བོན་ལ་དད་པའི་ཚོགས་ཁག་རྣམས་ཀྱིས་རྩ་འཛུགས ་བྱས་ཏེ། རྒྱལ་པོ་བཀྲོངས་པར་ཇུས་འགོད་བྱས་ནས་རང་ཉིད་ཀྱི་གོ་གནས་དང་ཁེ་དབང་སྲུང་སྐྱོབ་བྱས། རྒྱལ་བོ་བཀྲོངས་མཁན་གྱི་དབང་སྒྱུར་གྲལ་རིམ་དེ་དག་གིས་ཀྱང་རང་གི་ཁེ་ཕན་དང་གོ་གནས་སྲུང་བ་ཡིན་ལ། བཙན་པོ་ཁོང་གིས་ཀྱང་རང་གི་སྲིད་དབང་དེ་སྲུང་འདོད་པ་ཡིན་པས། མཐར་ཐུག་གདོང་གཏུག་བྱས་པ་ལས་གང་ཞིག་ངེས་པར་དུ་ཕམ་དགོས་པ་ནི་འཐབ་རྩོད་ཀྱི་མཇུག་འབྲས་ཡིན་པས་ན་གྲི་གུམ་བཙན་པོ་ནི་སྟེས་དབང་གིས་རང་སྲོག་ཚབ་བྱས་ཏེ་ཕམ་དགོས་པའི་མིར་གྱུར། གལ་ཏེ་གྲི་གུམ་བཙན་པོ་ལོ་ངམ་ལས་རྒྱལ་བར་གྱུར་ཡོད་ཚེ་དེང་སྐབས་ཀྱི་ལོ་རྒྱུས་ལའང་གཏམ་རྒྱུད་གསར་བ་ཞིག་བསྣན་ཡོད་ངེས་པར་ང་ཚོས་འཆར་སྣང་བྱེད་ཆོག་ཆོག་ཡིན་ནོ།།
མཆན་འགྲེལ།
1.ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། 1984ལོའི་ཟླ་9པར་པར་གཞི་དང་པོ། P131 P184—P189 P189—P194
2.ཀུན་བཟང་བློ་གྲོས་ཀྱིས་བརྩམས། ཞང་བོད་ཀྱི་ལོ་རྒྱུས་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན། མི་རིགས་དཔེ་སྐྲུན་ཁང་།2003ལོའི་ཟླ་6པར་པར་གཞི་དང་པོ་བསྒྲིགས། P110—P129
3.ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་བྱས།  བོད་ཀྱི་ལོ་རྒྱུས་རགས་རམ་གཡུ་ཡི་ཕྲེང་བ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་སྒྲིག་རྩོམ་བྱས། 1989ལོའི་ཟླ་10པར་པར་གཞི་དང་པོ།
4.ནམ་མཁའ་ནོར་བུའི་བརྩམས། ཞང་བོད་ཀྱི་ལོ་རྒྱུས་ཏི་སེའི་འོད།   ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1996ལོའི་ཟླ་5པར་པར་གཞི་དང་པོ། P 246
5. ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག
 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1996ལོའི་ཟླ1པར།   P155—P156
6.རྩོམ་པ་པོ་ཕུན་ཚོགས་ཚེ་རིང་། དེབ་ཐེར་ཀུན་གསལ་མེ་ལོང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2000ལོའི་ཟླ11པར། P16
7. སྤ་བསྟན་རྒྱལ་བཟང་པོས་བརྩམས།   བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་བཞུགས།   ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991ལོའི་ཟླ12པར་དཔར། P143—P165
8.བཀའ་ཐང་སྡེ་ལྔའི༼བློན་པོ་བཀའི་ཐང་ཡིག༽གི་བོན་གཏན་ལག་ཕབ་པའི་སྐབས P496
9.ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས། རྒྱལ་རབས་གསལ་བའི་མེ་ལོང་།  མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ5པར་དཔར།  P35—P56
10.ཝང་ཡའོ་དང་ཁྲིན་ཅེན་གྱིས་བསྒྱུར་བསྒྲིགས་བྱས།   ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་ཡིག་ཞིབ་དཔྱད་ཕྱོགས་བསྒྲིགས།  ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2008ལོའི་ཟླ་8པར་དཔར།  P23
11.ཆབ་འགག་རྟ་མགྲིན་གྱི་ཆེད་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2003ལོའི་ཟླ་6པར། P70—P74 P75—P86
12.ཀླུ་འབུམ་རྒྱལ་གྱིས་བརྩམས། དྲི་གུམ་དང་ལོ་ངམ་ཕ་བུ་ཡིས་བཙན་པོའི་ཁྲི་ལ་མངའ་བསྒྱུར་བའི་ལོ་རྒྱུས་ཐོག་མར་བརྗོད་པ། ཀྲུང་གོའི་བོད་རིག་པ། 2008ལོའི་དེབ་དང་པོ། P23
13.གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས། བྲིས་མ། P37—P43
14.དཔལ་ཚུལ་གྱིས་བརྩམས།   གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།   1988ལོའི་ཟླ11པར་དཔར།    P118—P132
 


[1] ཝང་ཡའོ་དང་ཁྲིན་ཅེན་གྱིས་བསྒྱུར་བསྒྲིགས་བྱས།   ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་ཡིག་ཞིབ་དཔྱད་ཕྱོགས་བསྒྲིགས།  ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། 2008ལོའི་ཟླ་8པར་དཔར། P23
[2] ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས། རྒྱལ་རབས་གསལ་བའི་མེ་ལོང་།  མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ5པར་དཔར།  P35—P56
[3] ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། 1984ལོའི་ཟླ་9པར་པར་གཞི་དང་པོ། P131 P184—P189 P189—P194
[4] སྤ་བསྟན་རྒྱལ་བཟང་པོས་བརྩམས།   བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་བཞུགས།   ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991ལོའི་ཟླ12པར་དཔར། P143—P165
[5] དཔལ་ཚུལ་གྱིས་བརྩམས།   གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།  བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་།    1988ལོའི་ཟླ11པར་དཔར།   P118—P132
[6] གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས། བྲིས་མ། P37—P43
[7] ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་བརྩམས། རྒྱལ་རབས་གསལ་བའི་མེ་ལོང་།  མི་རིགས་དཔེ་སྐྲུན་ཁང་། 1981ལོའི་ཟླ5པར་དཔར།  P35—P56
[8] ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་གཙོ་སྒྲིག་བྱས། བོད་ཀྱི་ལོ་རྒྱུས་རགས་རམ་གཡུ་ཡི་ཕྲེང་བ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ནས་སྒྲིག་རྩོམ་བྱས། 1989ལོའི་ཟླ10པར་དཔར། P51---P54
[9] རིན་ཆེན་ནོར་བུས་བརྩམས།   བོད་ཀྱི་ལོ་རྒྱུས་སྤྱི་དོན་ཀུན་གསལ་ནོར་བུའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། 2006 ལོར12པར་དཔར།     P99—P102
[10] སྤ་བསྟན་རྒྱལ་བཟང་པོས་བརྩམས།   བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་བཞུགས།   ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 1991ལོའི་ཟླ12པར་དཔར། P143—P165
[11] གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས། བྲིས་མ། P37—P43

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།