བཙན་པོ་ཁྲི་སྲོང་ལྡེ་བཙན།
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2012-09-18 13:54:21    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

    སྤུར་རྒྱལ་བཙན་པོའི་གདུང་རབས་སོ་ལྔ་བ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བོད་རང་ས་ནས་ལོ་ཙཱ་བ་གང་མང་བྱུང་བ་དང་མཐའ་འབྲེལ་རྒྱལ་ཁམས་དག་ནས་ཆོས་ཀྱི་སློབ་དཔོན་མང་པོ་གདན་འདྲེན་ཞུས་ནས།ལྷ་ཐོ་ཐོ་རི་སྙན་བཙན་སྐབས་སུ་དབུ་བརྙེས་ཤིང་།བཙན་པོ་སྲོང་བཙན་སྒམ་པོའི་དུས་རིང་ལ་སྲོལ་ཕྱེ་བའི་རྒྱ་གར་གྱི་ནང་བའི་བསྟན་པ་རིན་པོ་ཆེ་ཉིད་སྔར་ལས་དར་ཞིང་རྒྱས་པར་མཛད་ལ།དེ་མ་ཟད་དཔལ་འབྱོར་དང་ཆབ་སྲིད།དམག་དོན་སོགས་ཕྱོགས་གང་ཅིའི་ཐད་ནས་ལེགས་པར་བསྐྱངས་ཏེ།ལོ་རྒྱུས་ཡིག་ཚང་དག་ན་སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས་པ་དང་།ད་དུང་ཨེ་ཤ་ཡའི་བཙན་དྲེག་ཅན་གྱི་རྒྱལ་ཁབ་ལྔའི་ཡ་གྱལ་དུ་ཡང་བགྲངས་ཀྱིན་ཡོད། འདིར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་ལོ་དང་སྲིད་བཟུང་བའི་ལོ་ཚིགས་སྐོར་གླེང་ན།

གཅིག བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་ལོ་སྐོར་གླེང་བ།
      བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་ལོ་ཐད་ལ་བཞེད་པ་མི་མཐུན་པ་གཉིས་ཡོད་ལ།ཉང་ཉི་མ་འོད་ཟེར་གྱིས་བརྩམས་པའི་《ཆོས་འབྱུང་མེ་ཏོག་སྙིང་བོ་སྤྲང་རྩའི་བཅུད》ནང་དུ་“དེར་རྒྱལ་བོ་ཁྲི་ལྡེ་གཙུག་བཙན་དང་གྱིམ་ཤིང་ཀོང་ཇོ་གཉིས་ཕོ་བྲང་བྲག་དམར་ན་རིན་པོ་ཆེའི་ཁྲི་སྟེང་ན་གཟིམས་ནས་བཞུགས་པ་ལ་འཕགས་པ་འཇམ་དཔལ་གྱི་འོད་ཟེར་སྣ་ལྔའི་སྣ་ལ།གསེར་གྱི་ཁྱེའུ་ཆུང་ཚོན་གང་ན་ཞིག་གྱིམ་ཤིང་ཀོང་ཇོའི་མངལ་དུ་སྤྲོས་ནས་བཞུགས་པ་ལས།དེར་ཡང་ཡུམ་གྱི་མནལ་ལམ་ན་ཤར་ཕྱོགས་ནས་འོད་ཉི་མ་ཤར་བ་ལྟ་བུ་ཞིག་བྱུང་ནས་མངལ་དུ་ཞུགས་པ་རྨིས།ཚུལ་དེ་ལྟ་བུ་ཡབ་རྒྱལ་པོ་ལ་སྨྲས་པས།བར་སྣང་གི་ལྷ་ཕྲན་ཞིག་རང་རེའི་བུར་འོང་བ་ཡིན་ཡོང་གསུངས་སོ།དེ་ནས་ཟླ་བ་དགུ་ངོ་དང་བཅུ་ན་ཡུམ་ལ་ན་ཚ་མེད་པར་རྟའི་ལོ་དཔྱིད་ཟླ་ར་བའི་ཚེ་སྐར་མ་རྒྱལ་གྱི་ནམ་ལངས་ཉི་མ་ཤར་བ་དང་སྐུ་འཁྲུངས། མཚན་ནི་ཁྲི་སྲོང་ལྡེ་བཙན་དུ་གསོལ་ལོ།དེ་ནས་སྣ་ནམ་ཞང་ཁྲོམ་པ་སྐྱེས་དང་སྣ་ནམ་པ་གཉིས་ཀྱིས་འཕྲོག་བྱུང་བ་ལ།དེར་རྒྱལ་བློན་ཀུན་ཉི་མ་གཅིག་ཐམས་ཅད་ཚོགས་ནས་དགའ་སྟོན་ཆེན་པོ་བྱས་ནས།སྲས་རྒྱལ་བུ་ལ་ཁྱེད་ཀྱི་མ་རྒྱ་མོ་ཡིན་ནམ།སྣ་ནམ་པའི་སྲས་ཡིན་ངོས་འཛིན་དུ་བཅུག་པ་ལས།སྲས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ན་རེ།གྲལ་རིམ་གྱིས་ཕྱག་གཡས་སུ་གདེངས་ནས་ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ལ།སྣ་ནམ་ཞང་གིས་ཅི་ཞིག་བགྱི” ཞེས་གསུངས་ནས་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་རྟའི་ལོ་དཔྱིད་ཟླ་ར་བར་རྒྱའི་བུ་མོ་གྱིམ་ཤིང་ལ་སྐྱེས་ཤིང་རྒྱ་ཚ་ཡིན་པར་བརྗོད་ཅིང་།དེ་དང་ཆ་མཐུན་དུ་ཨུ་རྒྱན་གླིང་པས་གཏེར་ནས་བཏོན་པར་བཤད་པའི་《པདྨ་བཀའ་ཐང》 དང་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མས་བརྩམས་པའི་《རྙིང་མའི་ཆོས་འབྱུང་གླེགས་བམ་བོད་དང་པོ》།རྒྱལ་དབང་ལྔ་བས་བརྩམས་པའི《བོད་ཀྱི་ལོ་རྒྱུས་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》སོགས་ཀྱི་ནང་དུ་དེ་མཐུན་དུ་བརྗོད་ཡོད། གཞན་《ཆོས་འབྱུང་མཁས་པའི་དགའ་སྟོན》དང་《རྒྱལ་རབས་གསལ་བའི་མེ་ལོང》གཉིས་སུ་བཙན་པོ་ཁྲི་སྲོང་གྱིམ་ཤིང་ཀོང་ཇོ་ལ་ལྕགས་ཕོ་རྟའི་ལོ་ལ་འཁྲུངས་པར་བརྗོད་ཡོད་པ་དང་།《གུ་བཀྲའི་ཆོས་འབྱུང》སོགས་ན་ཆུ་ཕོ་རྟའི་ལོ་ལ་འཁྲུངས་བར་གསུངས་ཡོད།ཡོས་བུའི་ལོ་ལ་འཁྲུངས་ཚུལ་ནི་《སྤ་བཞེད》ནང་དུ“བཙན་པོ་ཁྲི་ལྡེ་གཙུག་བཙན་ལ་སྲས་ཤིན་ཏུ་ངོ་མཚར་བ་ཞིག་བྱུང་བའི་མིང་ལ་ལྗང་ཚ་ལྷ་དབོན་དུ་གསོལ་ཞིང་།དེ་ལ་ཁབ་རན་པར་གྱུར་ན།བོད་ཀྱི་མི་ཐམས་ཅད་སྤྲེའུ་དང་བྲག་སྲིན་གྱི་བུ་ཡིན་པས་འདིའི་ཇོ་མོ་མི་འོས།འདི་ལ་རྒྱའི་བུ་མོ་ཞིག་སློང་བར་ཆད་དོ།དེ་ནས་གཉགས་ཁྲི་བཟང་ཡང་སྟོན་ལ་འཁོར་སུམ་ཅུ་དང་བཅས་པ་གཉེ་བོར་བཏང་།ཤུལ་དུ་རྒྱལ་བུ་མཚན་ལ་རྟ་བཅགས་པས།འཕང་ཐང་དགེ་རང་སྔགས་ཟོར་མདའ་འཕངས་པ་འཕོག་ཏེ་གྲོངས།ཀོང་ཇོ་བོད་དུ་སླེབས་ནས་རྒྱུན་ཏུ་སྡུག་གླུ་མང་དུ་བླངས་ནས་བཙན་པོའི་ཞལ་ནས།འོ་ན་ད་མོ་རང་ལ་སྐྱེས་དྲག་ཏུ་བསྐུར་ལ་ཕ་ཡུལ་དུ་སྐྱོལ་ཅེས་གསུང།དེ་སྐད་ཀོང་ཇོ་ལ་གསོལ་བ་ལས།ཀོང་ཇོ་ན་རེ།རྒྱལ་བུ་བྱད་ལེགས་པ་ཞིག་ང་དང་ལས་མཐུན་མ་ཡིན་པས་ང་ཕ་ཡུལ་དུ་མཆི་མི་སྤྲོ་ཞིང་།ད་མེས་པོ་དང་འདུའོ་ཞེས་ཟེར་ནས་རྒྱལ་བོ་དང་མཉམ་དུབསྡད།ཕྱིས་སུ་གྱིམ་ཤིང་ཀོང་ཇོ་ལ་ཡོས་བུའི་ལོ་ལ་རྒྱལ་བུ་ཆགས་ནས་སྐྱེས་ཡང་།ཀོང་ཇོའི་བུ་པ་སྣམ་བཟའ་བཞི་སྟེངས་ཀྱི་འཕྲོག་ནས་འདི་ང་སྐྱེས་པ་ཡིན་ཟེར།དེ་ནས་རྒྱལ་བུ་ལོ་གཅིག་ལོན་ཙ་ན་ཞབས་འཛུགས་པའི་དགའ་སྟོན་བྱས་ཏེ་སྣ་ནམ་པ་རྣམས་བེར་ཆུང་དུ་རེ་ལག་ཐོགས་ནས་ཞང་པང་དུ་ཤོག་ཟེར།རྒྱལ་བུ་ན་རེ།ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ལགས།སྣ་རྣམ་ཞང་གི་ཅི་བགྱི་འཚལ།གསུངས་ནས་རྒྱའི་སྤང་དུ་སོང་བས།མིང་ཡང་རང་གི་བཏགས་སོ།” ཞེས་བཙན་པོ་ཁྲི་སྲོང་ལྡེ་བཙན་ནི་ཡོས་བུའི་ལོ་ལ་རྒྱ་བཟའ་ཀོང་ཇོར་འཁྲུངས་པར་བརྗོད་ཡོད། གང་ལྟར་དུས་རབས་བཅུ་གཉིས་རྗེས་ཀྱི་ལོ་རྒྱུས་ཡིག་ཆ་ཕལ་ཆེར་བཙན་པོ་ཁྲི་སྲོང་ལྡེ་བཙན་ནི་རྒྱའི་བུ་མོ་གྱིམ་ཤིང་ལ་འཁྲུངས་པ་འཁྲུལ་མེད་དུ་བརྩིས་ཡོད་ཅིང་།འཁྲུངས་ལོའི་ཐད་ལ་ཡོས་བུའི་ལོ་དང་རྟའི་(ཆུ་ཕོ་རྟ།ལྕགས་ཕོ་རྟ)ལོ་ལ་འཁྲུངས་པ་སྟེ་བཞེད་ཚུལ་མི་མཐུན་པ་གཉིས་ཡོད། འོན་ཀྱང་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ཞེས་པའི་ཤོག་དྲིལ་ཁག་ཏུ“ཡོས་བུའི་ལོ་ལ(སྤྱི་ལོ༧༣༩)།བཙན་པོ་དབྱརད་ཆབ་སྲྀད་ལ་བེག་དུ་གཤེགསྟེ།སྲས་ལྷས་བོན་དྲོན་ན་བཞུགས།བཞུགས་པ་ལས་ནོངས།བཙན་པོ་ཡབ་དགུན་བོད་ཡུལ་དུ་སླར་གཤེགས།བཙན་མོ་ཀྀམ་ཤེང་ཁོང་ཅོ་ནོངས་པར་ལོ་ཆིག།” ཞེས་དང་། “སྤྲུལ་གྱྀ་ལོ་ལ(སྤྱི་ལོ་༧༤༡) བཙན་པོ་དབྱརད་ཆབ་སྲྀད་ལ་གཤེག་སྟེ།རྒྱའྀ་མཁར་དར་ཁྭ་ཧྱྭན་ཕབ།ཞོ་དོན་གྱྀ་ཞང་ཙལ་དུ་བཙན་པོེ་སྤྱན་སྔར།ཁྲོམ་གྱྀ་མཀོས་ཆེན་པོ་བགྱྀས།དགུན་ཆབ་སྲྀད་ལས་སླར་བྲག་མར་དུ་གཤེགསྟེ།བཟོ་ཞལ་ཅོས་གྱྀས།བརྒལྟེ་མཀར་ལྩགས་རྩེ་སླར་ཐོབ།བཙན་པོ་སྲས་ལྷས་བོན་དྔ།བཙན་མོ་ཁོང་ཅོ་གཉྀས་གྱྀ་མདད་བཏང་བར་ལོ་གཅྀག།” བཀོད་ཡོད་པ་ལ་དཔྱད་ན་རྒྱའི་བུ་མོ་གྱིམ་ཤིང་ཀོང་ཇོ་ནི་སྤྱི་ལོ་༧༣༩ལོ་འདས་ནས་གནའ་བོའི་བོད་ཀྱི་འདས་མཆོད་སྒྲུབ་སྟངས་ལྟར།འདས་པའི་ཕྱི་ལོ་༧༤༠ལོར་གསང་། ༧༤༡ལོར་ཕྱིར་བསྒྲགས་ཤིང་མདད་བཏང་ ནས་ཆོ་ག་བསྒྲུབས་ཚུལ་བཀོད་ཡོད་པས་གྱིམ་ཤིང་ནི་སྤྱི་ལོ་༧༣༩ལོར་འདས་པ་གསལ་བོར་ཤེས་ཐུབ།ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་འཁྲུངས་ལོའི་ཐད་ལ་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་ཞེས་པར“རྟའི་ལོ་ལ(སྤྱི་ལོ༧༤༢)།བཙན་པོེ་ཕོ་བྲང་དབྱརད་མཚར་བུ་སྣ་ན་བཞུགས།རྒྱའྀ་ཕོ་ཉ་ཨན་ད་ལང་དྔ།མྱྭ་ནག་པོེ་པོ་ཉ་ལ་བྲྀ་པྱག་འཙལད།ཟློར་ཤུད་པུ་ཁོང་ཟུང་དྔ།ལང་གྲོ་ཁོང་རྩན་གཉྀས།འབྱུང་འཇུགྀ་རྩིས་བགྱྀསྟེ་ཐང་ཁྲམ་བཏབ།ཁུ་ཉེ་མོན་གངསུ་བློན་མང་པོ་རྗེས་འ་ཞའྀ་མཁོས་བགྱིས།བཙན་པོ་སྲོང་ལྡེ་བརྩན་བྲག་མར་དུའ་བལྟམ།ཡུམ་མང་པོ་རྗེ་ནོངས་ཕར་ལོ་གཆིག།” ཅེས་དང་།རྒྱལ་རབས་རིམ་བྱུང་གི་མིང་ཞེས་པར“ཁྲི་ལྡེ་གཙུག་བརྩན་དང་།སྣ་ནམ་ཟའ་མང་མོ་རྗེ་བཞི་སྟེང་དུ་བཤོས་པའི་སྲས།ཁྲི་སྲོང་ལྡེ་བརྩན།” ཞེས་བྲིས་ཡོད་རྐྱེན་བཙན་པོ་ཁྲི་སྲོང་ལྡེ་བཙན་ནི་སྤྱི་ལོ་༧༣༩ལ་གཤེགས་པའི་རྒྱའི་ཀོང་ཇོ་ལ་འཁྲུངས་པ་མིན་ཞིང་རྟའི་(ཆུ་ཕོ་རྟ)ལོ་སྟེ་སྤྱི་ལོ་༧༤༢ལོར་ཡུལ་བྲག་མར་ནས་བཙུན་མོ་མང་པོ་རྗེ་ལ་འཁྲུངས་པ་གསལ་བོར་ཤེས་ཐུབ། དེ་མ་ཟད་ཏུན་ཧོང་ ཡིག་ཆ་དག་ལ་ཞིབ་ཏུ་དཔྱད་ན་རྒྱའི་བུ་མོ་གྱིམ་ཤིང་ནི་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱི་བག་མར་བསུས་པ་ཡང་མ་ཡིན་པར། དེ་བཙན་པོ་ཁྲི་ལྡེ་གཙུག་བཙན་གྱི་གཅེན་ལྷ་བལ་ཕོར་གཉེན་བསླངས་པ་ཡིན། དེར་ “བོད་ཀྱི་ལོ་རྒྱུས་སྨྲ་བ་ཀུན་ཁྲི་ལྡེ་གཙུག་བརྩན་གྱི་གཅེན་ལྷ་བལ་ཕོ་དང་།ཁྲི་ལྡེ་གཙུག་བརྩན་གྱི་སྲས་ལྷས་བོན་གཉིས་ནོར་བ་ཟད་དེ།ལྷས་བོན་ནི་ཏུན་ཧོང་གཏེར་ཡིག་ཁྲོད (ཡོས་བུའྀ་ལོ་ལ།བཙན་པོ་དབྱརད་ཆབ་སྲྀད་ལ་བེག་དུ་གཤེགསྟེ།སྲས་ལྷས་བོན་དྲོན་ན་བཞུགས།བཞུགས་པ་ལས་ནོངས།བཙན་པོ……ཞེས་པ་ལྟར་ཡོས་བུའི་ལོ་སྟེ་སྤྱི་ལོ་༧༣༩ལོའི་དབྱར་ཁ་རྒྱལ་བོ་ཁྲི་ལྡེ་གཙུག་བརྩན་ཆབ་སྲིད་ཀྱི་ཆེད་དུ་བེག་ཡུལ་དུ་ཕེབས་ཤུལ།རྒྱལ་སྲས་ལྷས་བོན་དྲོན་ཞེས་པའི་གནས་སུ་མཆིས་པ་ལས་གཤེགས་པ་དེ་ཡིན་སྲིད་པས་སོ)” ཞེས་བརྗོད་ཡོད་པ་དང་།གཞན་བཙན་པོ་ཁྲི་གཙུག་ལྡེ་བཙ་ན་ནི་སྤྱི་ལོ་༧༠༤ལོར་འཁྲུངས་པ་ཡིག་ཚང་ཀུན་ནས་གཅིག་མཐུན་དུ་སྨྲ་ཞིང་།འོན་ཀྱང་རྒྱའི་བུ་མོ་གྱིམ་ཤིང་ནི་སྤྱི་ལོ་༧༠༣ལོ་གཉེན་སློང་ཏུ་ཡོང་བ་《ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས》ཞེས་པའི་ནང་དུ་“ཅིག་ཧྲི་ཡི་ཁྲི་ལོ་དང་པོ་དང་ཁྲང་ཨན་གྱི་ཁྲི་ལོ་གཉིས་པར།བོད་རྒྱ་གཉིས་འཐབ་ཅིང་ཕན་ཚུན་ལ་གྱོང་ཆེན་པོ་བྱུང་།དེ་ནས་ཁྲང་ཨན་ཁྲི་ལོ་གསུམ་པར(སྤྱི་ལོ་༧༠༣)།བྷོད་ནས་ཕོ་ཉ་མངགས་ཏེ་རྟ་མཆོག་ཉིས་སྟོང་དང་།གསེར་སྲང་གཉིས་སྟོང་ཕུལ་ཏེ་གཉེན་བསླངས་པ་ན།ཝུའུ་ཙེ་ཐན་ནས་ཀྱང་གནང་ངོ།” ཞེས་པ་ལས་གྱིམ་ཤིང་གཉེན་བསློངས་པའི་དུས་སུ་བཙན་པོ་ཁྲི་ལྡེ་གཙུག་བཙན་འཁྲུངས་མེད་པར་དེའི་ཕྱི་ལོར་འཁྲུངས་ཤིང་།ཡང་“ཅིན་ལུང་གི་ཁྲི་ལོ་གསུམ་པའི་ཟླ་བཅུ་གཅིག་པར།བྷོད་ནས་བློན་ཆེན་ཞང་བཙན་ཏོ་སོགས་ཀོང་ཇོ་བསུ་བར་མངགས། ” ཞེས་གསལ་བོར་བརྗོད་ཡོད་པ་དག་གོང་བསྒྲུགས་ན་བཙན་པོ་འདུས་སྲོང་མང་པོ་གཤེགས་རྗེས་བཙན་པོའི་སྲིད་དབང་ལ་འཕྲོག་རྩོལ་བྱུང་པར་མངོན་ཏེ།དེར་“བཙན་པོ་རང་ཡང་དམག་ཐོག་ཏུ་བཀྲོངས།སྲས་རྣམས་ཀྱིས་རྒྱལ་ས་བརྩད།” ཅེས་བཀོད་ཡོད་དོ།དེ་དུས་སུ་བཙན་པོ་གྱོས་མོ་འབྲོ་བཟའ་ཁྲི་མ་ལོད་དང་ཁྲི་སྲོང་གི་གཅེན་ལྷ་བལ་ཕོ་གཉིས་ལ་འགལ་བ་བྱུང་བས།ཚ་བོ་ལྷ་བལ་ཕོ་སྲིད་ནས་དབབ་ཅིང་།སྔོན་ལྷ་བལ་ཕོ་ལ་གཉེན་བསླངས་བའི་གྱིམ་ཤིང་ཡང་ལོ་འགར་བསུ་རུ་མ་སོང།དེ་རྗེས་ཁྲི་ལྡེ་གཙུག་བཙན་དགུང་ལོ་བདུན་སླེབས་པ་ན་རྒྱའི་བུ་མོ་གྱིམ་ཤིང་བསུས་ཤིང་རྒྱལ་བུ་ཉིད་སྲིད་ལ་བཞུགས།དེ་བས་བཙན་པོ་ཁྲི་སྲོང་ལྡེ་བཙན་ནི་ཡབ་ཁྲི་ལྡེ་གཙུག་བཙན་དང་ཡུམ་སྣ་ནམ་མང་པོ་རྗེ་གཉིས་ལ་ཆུ་ཕོ་རྟའི་ལོ་སྟེ་སྤྱི་ལོ་༧༤༢ལོར་འཁྲུངས་པ་གསལ་བོར་ཤེས་སོ།
གཉིས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྲིད་བཟུང་བའི་ལོ་ཚིགས།
      བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྲིད་ཁྲིར་བཞུགས་པའི་ལོ་དུས་ལ《རྦ་བཞེད》དང་《རྒྱལ་རབས་གསལ་བའི་མེ་ལོང》སོགས་ན་ཡབ་རྒྱལ་བོ་མེས་ཨག་ཚོམ་ཡར་འབྲོག་རྦ་ཚལ་དུ་ཆིབས་སྒྲོན་པས་གྲོངས་པ་དང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དགུང་ལོ་བརྒྱད་ལོན་པ་དང་ཆབ་སྲིད་གཞེས་མ་ཐག་ཏུ་སྐུ་ནར་མ་སོན་པས། ཞེས་བཙན་པོ་ཁྲི་སྲོང་ལྡེ་བཙན་ལོ་བརྒྱད་ནས་བཟུང་རྒྱལ་སྲིད་བསྐྱངས་པར་བཞེད་ལ།ཡང་《ཆོས་འབྱུང་མེ་ཏོག་སྙིང་བོ་སྤྲང་རྩའི་བཅུད》དང་《པདྨ་བཀའ་ཐང》སོགས་ན་ཁྲི་སྲོང་ལྡེ་བཙན་དགུང་ལོ་བཅུ་གསུམ་ལོན་པ་དང་ཡབ་ཁྲི་ལྡེ་གཙིག་བཙན་དགུང་དུ་གཤེགས་སོ།ཞེས་རྒྱལ་བུས་དགུང་ལོ་བཅུ་གསུམ་ནས་རྒྱལ་སྲིད་བསྐྱངས་ཚུལ་བཀོད་ཡོད།དེ་གཉིས་ལས་གང་ལོ་རྒྱུས་རྣལ་མར་འཛིན་རྒྱུ་དེ་ཁ་ཚོན་གཅོད་དཀའ་མོད།གནད་དེ་ཐག་གིས་གཅོད་དགོས་ཚེ་ཁྲི་སྲོང་ལྡེ་བཙན་གྱི་ཡབ་རྒྱལ་བོ་ཁྲི་ལྡེ་གཙུག་བཙན་དགུང་དུ་གཤེགས་པའི་ལོ་ཚིགས་དེ་གཏན་ལ་འབེབས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་བསམ།ཡང་ཡབ་རྒྱལ་བོ་ཁྲི་ལྡེ་གཙིག་བཙན་དགུང་དུ་གཤེགས་དུས་ལ་ཡང་བཞེད་ཚུལ་མི་མཐུན་པ་ཡོད་ཀྱང་།འདིར་ལོ་སྟོང་ལྷག་ལ་བྱེ་དུང་ནས་ལུས་ཤིང་ཕྱིས་ཀྱི་མཁས་པའི་སྨྱུག་སོར་གྱིས་མ་རེག་པའི་ཏུན་ཧོང་ཡིག་རྙིང་གཞིར་བཟུང་ན།“འབྲུགི་ལོ་ལ་བབ་སྟེ(སྤྱི་ལོ་༧༠༤)།དཔྱྀད་ཁོ་(ཕོ)བྲང་ཙལ་དུ་རྒྱལ་གཙིག་རུ་བལྟམ།དབྱརད་བཙན་པོ་ཡབ་རྨ་གྲོམ་གྱྀ་ཡོ་ཏྀ་ཅུ་བཟངས་ན་བཞུགས་ཤྀང་།ཡུམ་ཁྲྀ་མ་ལོད་ཡར་འབྲོག་གྀ་འོ་དང་ན་བཞུགསྟེ།འདུན་མ་བྲག་སྒོར་འདུས།དགུན་བཙན་ཕོ་ཆབ་སྲྀད་ལ་མྱྭ་ལ་གཤེགས་པ་ལས།དགུང་དུ་གཤེགས།ཡུམ་ཁྲྀ་མ་ལོད་ལྷས་གང་ཙལ་ན་བཞུགས་སྟེ།འདུན་མ་བྱར་ལྀངས་ཙལ་དུ་ཞང་ཁྲྀ་བཟང་སྟག་ཙབ་གྱྀས་བསྡུས་པར་ལོ་ཆིག།” ཅེསས་བཙན་པོ་ཁྲི་ལྡེ་གཙུག་བཙན་སྤྱི་ལོ་༧༠༤ལོར་འཁྲུངས་པ་གསལ་ཤིང་།ཡང་ཏུན་ཧོང་ཡིག་རྙིང་དུ“ལུག་གི་ལོ་ལ་སྤྱི་ལོ་༧༥༥།ཡབ་ཀྱི་ཁོར་ཕ་དག་དམག་མྱིས་ཕབ།སྟོང་སར་སྟོང་སྡེ་གསུམ་གྱྀ་སྟོང་དཔོན་བསྐོས།ལང་འབལ་གྱི་བྲན་སྤྱུགསྟེ། མཏོང་སོད་དུ་བཏོན།བློན་ཁྲི་བཟང་དྔ་ཞང་སྟོན་རྩན་གཉིས་གྱིས།མཁར་ཏེའུ་ཅུ་ཕབ།རྨ་གྲོམ་ཕྱིར་བཅུག་སྟེ།ཞང་མདོ་བཞེར་རྨ་གྲོམ་གྱི་དམག་དཔོན་དུ་བཀའ་སྩལད།མདོ་སྨད་ཀྱི་དབྱར་འདུན་དབུ་ལེ་ལམ་ནག་དུ།བློན་ཁྲི་སྒྲ་དྔ་མང་རྩན་འཔན་གང་དྔ།བློན་མདོ་བཞེར་ལས་སྩོགས་པས་བསྡུསྟེ།ཏེའུ་ཅུར་དྲ་མ་དྲངསྟེ།དགུན་འདུན་ཞང་རྒྱལ་ཟིགས་གྱིས་རག་ཏགྀ་ཀོག་དུ་བསྡུསྟེ།ལང་འབལ་འཀྱོན་ཕབ་པེའི་ནོར་བརྩྀས་པར་ལོ་ཅིག།” ཅེས་པ་ལས།བཙན་པོ་ཁྲི་ལྡེ་གཙུག་བཙན་གྲོངས་མཁན་བློན་པོ་ལང་འབལ་གཉིས་ནི་ལུག་གི་ལོ་སྟེ་སྤྱི་ལོ་༧༥༥ལོར་བཀའ་བཀྱོན་ནས་ཕབ་པ་གསལ་བོར་ཤེས།དེ་གཞིར་བཟུང་ནས་བཤད་ན་ལང་འབལ་གཉིས་ཀྱིས་བཙན་པོ་ཁྲི་ལྡེ་གཙུག་བཙན་གྲོངས་ནས་ལོ་གཅིག་ནས་གཉིས་ཙམ་ལས་འགོར་མེད་པ་གསལ་བོར་ཡིན།གལ་ཏེ་ལང་འབལ་གཉིས་ཀྱིས་བཙན་པོ་བཀྲོངས་ནས་ལོ་འགའི་རིང་རྒྱལ་སྲིད་སྐྱོང་མཁན་མེད་ཚེ་ཁྲི་སྲོང་ལྡེ་བཙན་སྲིད་ཁྲིར་བཀོད་ཐུབ་མིན་དང་བོད་བཙན་པོའི་སྲིད་རབས་ཀྱི་རྒྱུད་མཐུད་ཐུབ་མིན་སོགས་ལ་ཡང་གལ་འདྲི་ཆེན་པོ་ཡོད་དོ།དེ་རྐྱེན་གྱིས་བཙན་པོ་ཁྲི་ལྡེ་གཙུག་བཙན་སྤྱི་ལོ་༧༥༤དང་ཡང་ན་༧༥༥ལོར་གཤེགས་པ་ལུང་རིགས་གཉིས་ཀའི་སྒྲུབ་ཐུབ་ལ།བཙན་པོ་ཁྲི་སྲོང་ལྡེ་བཙན་ནི་སྤྱི་ལོ་༧༤༢ལོར་འཁྲུངས་ཤིང་དེ་ནས་ལོ་བཅུ་གསུམ་སྟེ་སྤྱི་ལོ་༧༥༤སྔ་གཞུག་ཏུ་ཡབ་རྒྱལ་བོ་དགུང་དུ་གཤེགས།རྒྱལ་བུ་ཁྲི་སྲོང་ལྡེ་བཙན་སྲིད་ཁྲིར་བཞུགས་སོ།།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།