༄༅།། ཁྲི་ཀའི་ཡུལ་སྤྱི་བཤད་པ།
རྩོམ་པ་པོ།  མི་གསལ།    སྤེལ་དུས།  2017-02-07 11:08:21    རྡེབ་ཚད།     ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

     ཁྲི་ཀ་གསེར་སྨུག་ལྗོངས་སམ་ཁྲི་ཀ་རྟེན་རྫོང་ནི་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་སུ་གནས་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་འདུས་ཤིང་།ཆུ་བོ་ཆེན་པོ་གསེར་གྱི་མངལ་ལྡན་ཏེ་རྨ་ཀླུང་རིང་མོ་ས་དབྱིབས་ནོར་བུ་དགའ་འཁྱིལ་ལྟ་བུ་ལ་གཡས་སུ་ཕྱི་སྐོར་ནང་སྐོར་དུ་འབབ་པའི་ཁུགས་པ་དང་པོའི་ནང་ངོས་སུ་ཆགས་ཡོད་ལ།ཡུལ་འདིར་ཁྲི་ཀ་ཞེས་ཐོགས་ཚུལ་ལ་ངག་རྒྱུན་དང་འདྲེས་པའི་བཤད་ཚུལ་དུ་མ་ཞིག་མཆིས་ཀྱང་།དོན་དངོས་སུ་ཡུལ་མིང་འདི་ནི་བོད་བཙན་པོའི་རྒྱལ་རབས་མ་ཉམས་པའི་དུས་སུ་མདོ་སྨད་འདིར་འ་ཞ་སྟོང་སྡེ་དྲུག་དང་མཐོང་ཁྱབ་ཁྲི་སྡེ་གནས་པར་གྲགས་པ་ལས་མཐོང་ཁྱབ་ཁྲི་སྡེའི་ཁྲི་དཔོན་གྱི་གཞིས་ཀ་ཡུལ་འདིར་ཡོད་སྟབས་དེ་ལྟར་ཐོགས་པ་ཡིན་པར་ངེས་ཏེ།མིང་རྒྱལ་རབས་སྐབས་ཀྱི་ཁྲི་དཔོན་གྱི་ཐམ་ག་ཞིག་ད་ལྟའི་བར་ཡོད་པ་ལས་དོན་དེ་གསལ་པོར་རྟོགས་ཐུབ།ད་ལྟ་རྫོང་འདིར་གྲོང་རྡལ་བཞི་དང་ཞང་གསུམ་དང་།ཡུལ་གྲུ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་སུམ་སྟོང་བདུན་བརྒྱ་ལྷག་ཡོད་ལ།རྒྱ་བོད་གཙོས་མི་གྲངས་བསྡོམས་པས་དགུ་ཁྲི་ཉིས་སྟོང་ལྷག་ཡོད་དོ།

      1.jpg
    རྫོང་སྲིད་གཞུང་ནི་གོང་བ་དང་ཀོ་ར།ཀབ་རོན་བཅས་ལུང་བ་གསུམ་གྱི་མདའ་རུ།ད་ལྟའི་ཧོ་དབྱིན་གྲོང་རྡལ་ཞེས་པའི་གནས་སུ་ཆགས་ཡོད་ཅིང་།ཤར་ཕྱོགས་སྲིན་པོའི་རྫ་རྒྱུད་ཀྱི་གོང་བ་ལུང་བའི་ཕྱོགས་སུ་སྐེ་བ་ཚོ་སྒོ་དྲུག་དང་ཆོས་ཚ་དང་དམི་ཀྱཱ་སོགས་གཅན་ཚ་རྫོང་ཁོངས་སུ་འབྲེལ་འདུག་ལ།ལུང་སྟོད་ལྷོ་ནུབ་ཕྱོགས་ཀྱི་འཕྲང་དམར་ཚོ་སྒོ་བཅུ་གཉིས་ཀྱི་ནང་ཚན་རྐང་ཚ་གོང་ཞོལ་ཚོ་སྒོ་དྲུག་ནི་རོང་བོ་བློན་ཆོས་དང་འབྲེལ་ཡོད།ཀབ་རོན་ལུང་བའི་སྟོད་ཕྱོགས་ཀྱི་ཀབ་རོན་གཞུང་དང་སྟོང་ཆེ།རུ་སྔུན་སོགས་ཀྱང་ཀོས་ནན་གྱི་མགོ་མང་དང་བྱ་མདོ་སོགས་སུ་འབྲེལ་ཡོད།
རྨ་ཆུའི་ཕར་ངོས་ཟོ་དགུའི་རྫ་འདབས་ཀྱི་བྱང་ཕྱོགས།སྒོ་མི་བར་མ་ལྷ་ཁང་ཐང་ཆུ་ནག་དང་སྟག་ལུང་།གཡུ་ཚ་སོགས་གུང་ཧོ་རྫོང་ཁོངས་སུ་འབྲེལ་ཞིང་།བྱང་ཤར་མཚམས་ཀྱི་དཀར་བརྗིད་སྐུ་འབུམ་སྟེ་ད་ལྟའི་ཧོང་ཀྲུང་རྫོང་དང་ཧྭ་ལུང་རྫོང་ལ་འབྲེལ་ཡོད།ཡུལ་འདིའི་མཐའ་སྐོར་དུ་སྲིན་པོ་དང་བྲག་དཀར།ཟོ་དགུ།རྒོད་རྩེ་སོགས་ས་འཛིན་གྱི་ཕྲེང་བས་ལེགས་པར་བརྒྱན་ཅིང་ཁོ་ར་ཁོར་ཡུག་ཐམས་ཅད་ལྗོན་ཤིང་དང་འབྲས་ལྡན་འཁྲི་ཤིང་སྣ་ཚོགས་ཀྱིས་ཡོངས་སུ་བཀླུབས་པས་ཡིད་འོང་གི་སྐྱེད་ཚལ་ཉམས་དགའ་བ་ཞིག་ཡིན་ལ།ས་འདིར་ས་གཤིས་བཟང་ཞིང་གནམ་གཤིས་ཀྱི་དྲོ་གྲང་སྙོམས་པ།མཁའ་དབུགས་གཙང་བ་སོགས་ཡུལ་གྱི་དགེ་མཚན་མང་དུ་མཆིས།ཡུལ་གྲུ་འདིར་འབྲུ་རིགས་སྣ་ལྔ་དང་ཤིང་འབྲས་སྣ་ཚོགས་ཀྱི་སྨིན་འབྲས་ལེགས་ཤིང་།དགོན་སྡེ་ཆེན་པོ་བཞི་དང་མཛེས་ལྗོངས་ཆེན་པོ་བརྒྱད་ལ་སོགས་པའི་ཡུལ་ལྗོངས་ཀྱང་མང་པོ་ཡོད།

       2.jpg
    ཡུལ་འདིར་ཐང་རྒྱལ་རབས་སྐབས་ནས་བཟུང་བོད་བརྒྱུད་ནང་བསྟན་ཆོས་ལུགས་སོགས་དར་ཏེ།མཆོག་གསུམ་གྱི་བྱིན་རྟེན་མང་པོ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བཞེངས་བསྐྲུན་བྱས་ཡོད་པར་ངེས་ཤིང་།གྲུབ་མཐའ་རིས་མིད་ཀྱི་དགོན་སྡེ་ཡང་མང་པོ་བྱུང་བས།སྤྱི་ལོ1950ལོར་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྡོམ་རྩིས་བྱས་པ་ལྟར་ན།སྐབས་དེར་རྫོང་ཡོངས་སུ་བོད་བརྒྱུད་ནང་བསྟན་དགོན་སྡེ90ལྷག་ཡོད་པར་བཤད་ལ།སྤྱི་ལོ1958ལོར་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྡོམ་རྩིས་བླངས་པ་ལྟར་ན།རྫོང་ཡོངས་སུ་ནང་བསྟན་དགོན་སྡེ54ཡོད་པར་བཤད།ད་ལྟ་རྫོང་ཡོངས་སུ་དགོན་སྡེ་ལྔ་བཅུ་ལྷག་ཡོད་པའི་ནང་དགེ་ལུགས་པའི་དགོན་པ་སོ་གཅིག་དང་རྙིང་མའི་སྔགས་ཁང་ཉི་ཤུ།ལྷ་ཁང་བཞི།གཡུང་དྲུང་བོན་གྱི་དགོན་སྡེ་གསུམ་ཡོད་ཅིང་བསྡོམས་པས་རབ་བྱུང་པ་དྲུག་བརྒྱ་དྲུག་ཅུ་ལྷག་དང་གྲོང་སྔགས་བདུན་བརྒྱ་ལྷག་ཡོད་དོ།།ཁྲི་རལ་ཅན་གྱི་རལ་བའི་མཆོད་རྟེན་དང་།།འཇམ་དབྱངས་ས་པཎ་མུ་ཏིག་ལྷ་ཁང་སོགས།།རྟེན་གསུམ་རིན་ཆེན་དོ་ཤལ་གཟི་འབར་བའི།།ཁྲི་ཀ་ཞེས་གྲགས་གསེར་ལྡན་དགའ་མ་མཛེས།།ཕྱི་ཡི་རྟེན་འབྲེལ་ས་ཆུ་གནམ་གཤིས་བཟང་།།ནང་གི་རྟེན་འབྲེལ་མི་རྣམས་ཤེར་བརྩོན་ཆེ།།གསང་བའི་རྟེན་འབྲེལ་ཡུལ་ལྷའི་གྲོགས་བཙན་པས།།ཆོས་ནོར་དཔལ་ཡོན་དབྱར་གྱི་མཚོ་ལྟར་འཕེལ་ཞེས་དོར་ཞི་གདོང་དྲུག་སྙེམས་བློས་གསུངས།།

        3.jpg

 

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།