ཁྲི་ཀའི་ཡུལ་ལྷ་གཉན་པོ།
རྩོམ་པ་པོ།      སྤེལ་དུས།  2015-07-21 20:59:34    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

                               IMG_3102.JPG

      ཁྲི་ཀའི་ཡུལ་ལྷ་གཉན་པོ། མཐུ་རྩལ་མཚུངས་ཟླ་བྲལ་བའི་ཁྲི་ཀའི་ཡུལ་ལྷ་གཉན་པོ་ནི་ཁྲི་ཀའི་རྫོང་མཁར་ནས་ནུབ་ཕྱོགས་སུ་སྤྱི་ལེ་གཉིས་ཙམ་གྱི་མཚམས་སུ་ཤ་འབུམ་གདོང་སྣར་ཆགས་ཡོད་ལ། དེ་ཡང་ལྷ་གཉན་ཆེན་པོ་ཤང་མ་ཐུན་ཙི་ནི་ངེས་དོན་དུ་འཕགས་པ་འཇིག་རྟེན་དབང་ཕྱུག་དང་རྗེ་བཙུན་འཇམ་དབྱངས་ནག་པོ་གང་རུང་གི་ཐུགས་རྗེ་རྗེས་ཆགས་འབར་བའི་འོད་ཀློང་ལས་འཁྲུངས་པར་སྔོན་གྱི་སྐྱེས་ཆེན་དམ་པ་མང་པོས་མགྲིན་གཅིག་ཏུ་གསུངས་ཏེ། དེ་ཡང་གསེར་ཁྲི་རྒྱ་ནག་པ་སྐུ་ཕྲེང་གཉིས་པའི་གསུང་ལས། རྗེ་བཙུན་འཇམ་དབྱངས་ནག་པོའི་ཐུགས་སྤྲུལ་ཡུལ་ལྷའི་རྒྱལ་པོ་ཝུན་ཆེིང་ལོ་ཡེ་ཞེས་བྲིས་ཡོད་ལ། པད་དཀར་འཆང་བ་ལྔ་བ་ཆེན་པོས་ཀྱང་། སྤྱན་རས་གཟིགས་དབང་ཐུགས་རྗེའི་རོལ་གར་ལས། ། སྣ་ཚོགས་སྤྲུལ་བའི་རྣམ་འགྱུར་དུ་མ་ཡིས། །འགྲོ་ཀུན་འདུལ་མཛད་རྒྱལ་ཆེན་སྐུ་སྤྲུལ་བ། ། ཡུལ་ལྷའི་མཆོད་ཐབས་དུང་གི་རང་སྒྲ་བྲི། ། ཞེས སོགས་གསུངས་པ་ལྟར་དང་། འཇིག་རྟེན་མཐུན་སྣང་དུ་མི་མ་ཡིན་པ་ཞིག་གི་ཚུལ་དུ་རོལ་ཏེ་མདོ་སྨད་ཁྲི་ཀའི་ཡུལ་འདིར་གནས་བཅས། འདི་ཉིད་དམ་བཞག་གི་ཚུལ་ལའང་བཤད་སྒྲོས་སྣ་ཚོགས་ཤིག་མཆིས་ཤིང་ཅོག་རོང་བཤད་སྒྲུབ་རྒྱ་མཚོས་མཛད་པའི་བསང་མཆོད་ཅིག་གི་ནང་དུ་ས་སྐྱ་ཀུན་དགའ་རྒྱལ་མཚན་ཡིན་པར་གྲགས། ཁོ་བོས་མཐོང་བའི་མཛད་བྱང་མི་གསལ་བའི་ཡུལ་ལྷའི་བསངས་མཆོད་ཅིག་གི་ནང་དུ། ངག་གི་དབང་ཕྱུག་བཤད་སྒྲུབ་རྒྱ་མཚོ་ཡིས། ། ཁས་བླངས་དམ་བཞག་ཞེས་སོགས་གསུངས་ཡོད་དོ།། ལྷ་ཁང་ཉིད་ཀྱང་བཞེངས་ཚུལ་ལ་བཤད་སྒྲོས་གང་མང་ཞིག་མཆིས་མོད། ཡོངས་གྲགས་ལྟར་ན་ཐོག་མར་ཆགས་ས་ནི་ད་ལྟའི་ཤ་འབུམ་གདོང་སྣ་མ་ཡིན་ཞིང་། དེ་ནི་བོད་རབ་བྱུང་བཞི་བའི་ནང་དུ་ཆོས་རྗེ་དོ་རིན་པོ་ཆེ་མདོ་སྨད་ཁྲི་ཀའི་ཨ་སྐོང་ནགས་སུ་ཕེབས་དུས། སྡེ་དེར་ཆུ་དགྲའི་གནོད་པས་དུས་ཀུན་འཚེ་ཕྱིར་མ་མཐུན་པའི་གནོད་པ་དེ་དག་ཟློག་ཆེད་དུ་གནས་དེར་ཁོང་གི་ཐུགས་བཞེད་ལྟར་བཞེངས་པའི་ཁྲི་ཀའི་ཡུལ་གྱི་ལྷ་གཉན་ཤིང་མ་ཐུན་ཙིའི་ལྷ་ཁང་ཐོག་མ་ཡིན་ཞིང་། དུས་དེ་ནས་བཟུང་ཡུལ་འདིའི་མཚོན་ཁྲི་ཀའི་ཕྱོགས་སུ་ཆར་ཆུ་དུས་སུ་བབས་ཤིང་ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་འཇིག་རྟེན་མཐུན་འཇུག་གི་བྱ་བ་མཐའ་དག་ཡར་ངོས་ཟླ་ལྟར་ཕྱོགས་པས་རིམ་བཞིན་ཁྲི་ཀའི་ཡུལ་གྱི་བོད་རྒྱ་སོག་གསུམ་ཀུན་གྱིས་བཀུར་བའི་ལྷ་ཆེན་མཐུ་བོ་ཆེ་ཞིག་ཏུ་གྱུར་ཏེ་བསྟན་དང་འགྲོ་བའི་དཔུང་གཉེན་དུ་སྐུར་བཞེངས་མཛད། དེའི་རྗེས་བོད་རབ་བྱུང་བཅུ་གསུམ་པའི་ནང་དུ་ཨ་ཀྱཱ་འཇམ་དབྱངས་རྒྱ་མཚོས་ད་ལྟའི་གནས་ཏེ་ཤ་འབུམ་གདོང་དུ་ལྷ་ཁང་མཚན་ཉིད་དང་ལྡན་པ་གསར་བཞེངས་མཛད་དོ།། དུས་དེ་ནས་བཟུང་སྐྱེས་ཆེན་མང་པོས་ཀྱང་མཆོད་སྒྲུབ་དང་ཐུགས་སྨོན་ཡོངས་སུ་བཏང་སྟེ་བསྟན་འགྲོའི་དོན་ཆེན་བསྒྲུབ་པར་མཐུན་རྐྱེན་གྱི་གྲོགས་སུ་བསྙེན། དེ་ཡང་ཞབས་དཀར་ཚོགས་དྲུག་གི་རྣམ་ཐར་ལས། དེ་ནས་ཁྲི་ཀའི་ཡུལ་ལྷ་མཆོད་དུ་སོང་ནས་ཞག་གཅིག་བསྡད་མཆོད་བསྟོད་གསོལ་བ་བཏབ་པས་རྗེས་སུ་འཕྲིན་ལས་འགྲུབ་པ་བྱུང་། ཞེས་སོགས་རིས་མེད་སྐྱེས་ཆེན་མང་པོས་ཡུལ་ལྷ་གཉན་པོ་འདི་ལ་འཕྲིན་སྒྲུབ་སྐོར་གྱི་མཆོད་བསྟོད་ཀྱང་གདུལ་བྱའི་བློ་ཁམས་དང་བསྟུན་ནས་སྣ་ཚོགས་ཤིག་སྤེལ་ཡོད།

                                                             ༼མཚོ་སྔོན་ཁྲི་ཀའི་གསང་ཆེན་རྙིང་མ་བའི་ཆོས་འབྱུང༽ལས་བཏུས།

                                IMG_3098.JPG

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།