མ་ཎི་ཆུ་འཁོར།
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2012-09-17 12:14:46    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

1.jpg

        ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཞི་པའི་ཚེས་ཉེར་བརྒྱད་ཉིན་ཁྲི་ཀའི་མ་ཎི་ཐང་ཆེན་ནས་ཁྲི་ཀའི་རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་འདི་འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་ཡིན་ཚུལ་ཡུལ་དངོས་བདེན་དཔང་དང་རབ་གནས་མཛད་སྒོ་གཟབ་རྒྱས་ངང་འཚོགས། འཛམ་གླིང་ཅི་ཉི་སིའི་ཀྲུང་གོའི་མངའ་ཁོངས་ཀྱི་བདེན་དཔང་པ་བུའུ་ཞོའོ་ཧོང་གིས་ཁྲི་ཀའི་རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་འཛམ་གླིང་གི་ཆེས་ཆེ་ཞིང་མཐོ་བའི་མ་ཎི་འཁོར་ལོའི་ཅི་ཉི་སིའི་ཟིན་ཐོར་བརྒལ་བའི་ཡུལ་དངོས་བདེན་དཔང་བྱས་ནས་བདེན་དཔང་འཛིན་ཡིག་སྤྲད་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་བློ་བཟང་དགེ་ལེགས་མཆོག་ཆེད་དུ་སྐུ་ཚབ་ཏུ་མངགས་ཤིང་། བློ་བཟང་དགེ་ལེགས་གཙོ་བྱས་བླ་སྤྲུལ་བཞི་བཅུ་ལྷག་གིས་མ་ཎི་འཁོར་ཆེན་ལ་རབ་གནས་མཛད། ཐེངས་འདིའི་མཛད་སྒོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་ས་ཡི་དགེ་བཅུའི་དཔལ་གྱི་གཟི་བྱིན་ལྷམ་མེར་བཀྲ་བའི་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་དུ་རྒྱལ་ཁམས་ཕན་བདེ་ཀུན་འབྱུང་ཆོས་འཁོར་ཆེན་མོ་འདི་སྐྱེ་འགྲོའི་ལེགས་བྱས་ཀྱི་བགོ་སྐལ་ཉག་གཅིག་ཏུ་ལེགས་པར་བསྐྲུན་ནས་རབ་གནས་སྒོ་དབྱེའི་བཀྲ་ཤིས་དགའ་སྟོན་གྱི་ཆོ་ག་རྒྱ་ཆེར་བསྟར་བའི་བསྐལ་བ་བཟང་པོའི་དུས་འདིར་ལེགས་ཚོགས་སྒོ་བརྒྱ་ཅིག་ཅར་འབྱེད་པའི་བཀྲ་ཤིས་རྟེན་འབྲེལ་ཞུས་ཤིང་ཆབས་ཅིག ཁྱེད་ཅག་གིས་མ་ཎི་འཁོར་ཆེན་འདི་བཞེངས་བའི་དགེ་རྩའི་མཐུ་ལས་རྒྱལ་ཁམས་བདེ་ཞིང་འགྲོ་ཀུན་བདེ་སྐྱིད་དགའ་སྟོན་གྱི་དཔལ་ལ་རོལ་བའི་སྨོན་འདུན་ཞུ་ཞེས་པའི་ཤིས་ཚིག་སྤྲིངས།
        རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་འདི་པད་འདབས་ཀྱིས་བརྒྱན་པའི་ཁང་བརྩེགས་སུམ་ཐོག་གི་ཡང་སྟེང་དུ་བཞེངས་ཡོད་ལ། ཁང་བརྩེགས་དང་པོའི་ནང་འཇུག་ཏུ་མ་ཎི་དུང་ཕྱུར་སུམ་ཅུ་ཅན་གྱི་མ་ཎི་ཆུ་འཁོར་ཅིག་རྨ་ཆུའི་ལྷ་ཆབ་སྔོན་མོའི་ཆུ་རྒྱུན་གྱིས་སྐོར་བཞིན་ཡོད། ཉིས་ཐོག་འགྲེམས་སྟོན་ཁང་དང་སུམ་ཐོག་ནི་མཆོད་ཁང་ཡིན་ལ། ནང་གི་སྐུ་གཙོ་བོ་ལ་ཐུགས་རྗེ་ཆེན་པོ་དང་ཐུགས་རྗེ་ཆེན་པོའི་སངས་རྒྱས་སྟོང་སྐུ། བཀའ་བསྟན་གྱི་གླེགས་བམ། ཐང་ག་སྣ་ཚོགས་ཡོད། སུམ་ཐོག་ཏུ་བཞེངས་པའི་རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་འདིའི་མཐོ་ཚད་ལ་སྨིའུ་༢༧དང་ཞེང་ཚད་ལ་སྨིའུ་༡༠ཡོད་ལ་འཁོར་ཆེན་འདིའི་ནང་བཀའ་འགྱུར་ཚར་ཉིས་བརྒྱ་ལྷག་བཞུགས་ཤིང་། འཁོར་ཆེན་གྱི་རྩེ་མོའི་གདུགས་ཀྱི་སྟེང་དུ་ལྟུང་གཤེགས་ལྷ་སོ་ལྔ་བཞེངས་ཡོད་པ་དང། དེའི་གཤམ་དུ་རྡོ་རྗེ་ཕྲེང་བ་དང་ལེགས་སྦྱར་སྐད་ཀྱི་མ་ཎི་ཡིག་དྲུག་གི་གཟུངས། དེའི་གཤམ་དུ་ཉེ་བའི་སྲས་ཆེན་བརྒྱད་དང་བཀྲ་ཤིས་རྟགས་བརྒྱད། རྣམ་བཅུ་དབང་ལྡན། མཆོད་པའི་ལྷ་མོ་བཅུ་དྲུག་བཅས་རིམ་པ་བཞིན་བཞེངས་ཡོད།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།