ཙོང་(Onion)གི་ཕན་ནུས་གླེང་བ།
རྩོམ་པ་པོ།  ཀེ། ཨེཅ། ཀྲྀཥྞྰ་མུརྟི་ཡིས་བརྩམ    སྤེལ་དུས།  2015-08-25 20:56:52    རྡེབ་ཚད།     ཡོང་ཁུངས། བོད་ཀྱི་གསོ་རིག་དྲ་བ།

                                            u=2132963433,2762449199&fm=21&gp=0.jpg

1.ཁྱིམ་ཚང་གི་བཅོས་ཐབས་འགའ་ཞིག
ཙོང་ནི་གློ་ཡུའི་གཉན་ཚད་རྙིང་པ་(Chronicbronchitis)དང་ཆུ་བསགས་ནད་གཞི་འོར་ནད་(dropsy)། ཚ་བ་(fever)བཅས་ལ་བེད་སྤྱོད་བྱེད།
ཙོང་རྡོག་དང་ཚྭ་གཉིས་མཉམ་བསྲེས་ཀྱིས་བེད་སྤྱོད་བྱས་ན་བཅུད་སྨན་ག་པ་(VitaminC) མ་འདང་བའི་ནད་ (Scurvy)དང་རྒྱུ་གཟེར་(colic)རྣམས་བཅོས་ཐུབ།སྐམ་སྲེག་བཏང་བའི་ཙོང་དང་ཙོང་རྡོག་རྗེན་པ་དག་རྨས་སྐྱོན་ཕོག་པའི་རྨ་དང་སྨུག་ཐིག དྲག་སྐྱེད་མ་བྱུང་བའི་གཉན་འབུར་(boil)། མེས་འཚིག་པའི་རྨ་ངན་བཅས་ཀྱི་སྟེང་དུ་རྨ་རས་ཀྱིས་བྱུག་ན་དེ་རྣམས་གསོ་ཐུབ།ཙོང་གི་ཁུ་བས་དངངས་འཚབ་ཀྱི་བརྒྱལ་གཟེར་(Hysterical fits)དང་། གཟའ་ནད། བྱིས་པའི་རྩ་འཆུས་ནད། གློ་བུར་དྲན་མེད་བརྒྱལ་བའི་ནད་སོགས་ལ་བེད་སྤྱོད་བྱེད་པ་དང་། གཞན་ཡང་རྩ་འཆུས་རེངས་འཁུམས་ཀྱི་ནད་ལ་གོང་གི་ཙོང་ཁུ་དེ་ཚ་པོ་བཟོས་རྗེས་རྐང་མཐིལ་ལ་བསྐུ་བྱུག་བྱེད་ན་ཕན་ཐོགས་པར་བརྗོད།ཙོང་དེ་ཐ་མ་ཁའི་(Tobacco )དུག་རྫས་འཇོམས་པའི་སྨན་ཞིག་ཀྱང་ཡིན།ཙོང་གི་ཁུ་བ་ཡུངས་སྣུམ་(Mustard oil )དང་ལྷན་དུ་ཆ་སྙོམས་ཚུན་བསྲེ་སྦྱོར་བྱས་ཏེ་བྱུགས་པས་སྐྲངས་སྦོས་གཉན་ཁའི་རིགས་དང་། གྲུམ་བུའི་ནད། གཞན་ཡང་པགས་ནད་རིགས་ལ་བསྐུ་བྱུག་བྱས་ན་ཕན།ཙོང་ཟོས་ན་གློ་ནད་ཊི་བྷིའི་གློ་རྒྱག་པ་རྣམས་ཉུང་དུ་གཏོང་ཞིང་མཐར་དྲག་སྐྱེད་ཡོང་ཐུབ།ཙོང་དང་ཚུའུ་སྨན་སྣ་(Vinegar)སྲེ་སྦྱོར་བྱས་པ་དེས་གྲེ་བའི་རྨ་ཁ་སེལ་ཐུབ།དུག་སྦྲང་གི་ཚ་བ་(malaria)ཀྱི་ནད་གཞི་ཕོག་མཁན་རྣམས་ཀྱི་ཙོང་དང་ལྷན་དུ་གཡེར་མ་ནག་པོའི་འབྲུ་ཉིན་རེར་ཐེངས་གཉིས་བསྟེན་ཐུབ་ན་གང་མྱུར་དྲག་སྐྱེད་ཡོང་ཐུབ།བུར་ཤིང་དང་ལྷན་དུ་ཙོང་སྲེ་སྦྱོར་བྱས་ཏེ་བསྟེན་པས་བྱིས་པའི་འཚར་ལོངས་ལ་བསྐུལ་མ་བྱེད་ཀྱི་ཡོད།ཙོང་དེ་གོ་སྙོད་དང་བྱེ་མ་ཀ་རའི་ཁཎྜ། བ་མར་དང་སྦྱར་བ་དེས་གཞང་འབྲུམ་ཁྲག་འཛག་པ་དང་མི་འཛག་པ་གཉིས་ཀར་ཕན།ཙོང་གིས་ཁྲག་ཤོར་གཅོད་པར་རམ་འདེགས་བྱེད་ཐུབ།
2. གལ་ཆེའི་སྨན་དུ་བཀོལ་སྤྱོད་བྱེད་ཚུལ།
དེ་ལ་སྤྱིར་བཏང་གི་ཁྱད་ཆོས་ཁག་གཅིག་དང་། བྱེ་བྲག་ཏུ་བེད་སྤྱོད་བྱེད་ཚུལ་བཅས་རྣམ་པ་གཉིས་ཡོད།
༡. སྤྱིར་བཏང་གི་ཁྱད་ཆོས་འགའ་ཞིག
རྒྱ་གར་ཚེའི་རིག་བྱེད་(Ayurveda) ཀྱི་གསུངས་ཚུལ་ལྟར་བྱས་ན་ཙོང་ནི་རོ་མངར་བ་དང་། ནུས་པ་ལྕི་ཞིང་སྣུམ་པ། ཅུང་ཟད་ཚ་བའི་ངོ་བོ་ལྡན་པའི་བྱེད་ནུས་ཅན་གྱི་སྔོ་ཚོད་ཅིག་ཡིན་འདུག དེས་ཕོ་བ་ཙམ་དུ་མ་ཟད་འཇུ་བྱེད་མ་ལག་ཡོངས་ལ་འཇུ་སྟོབས་སྐྱེད་པར་རམ་འདེགས་བྱེད་པ་དང་། ཉེས་པ་བད་ཀན་(Kapha)དང་མཁྲིས་པ་(Pitta)གཉིས་པོ་འཕེལ་བར་བྱེད། དེ་བཞིན་ཁྲག་གི་འཁོར་རྒྱུག་མ་ལག་དང་ཁྲག་གི་རྩ་སྦུབ། མཆིན་པའི་ནུས་སྟོབས་རྣམས་གོང་འཕེལ་དུ་གཏོང་བ། དེ་མིན་ཟུག་གཟེར་གཅོག་ཐུབ་པ་དང་། ཁྲག་ཤོར་གཅོད་ཐུབ་པ། དྲི་ང་བ་རྣམས་འགོག་ཐུབ། དམུ་ཆུ་ལྟ་བུའི་སྐྲངས་སྦོས་དང་། པགས་པ་སྐྱོན་ཅན་སོང་བ་རྣམས་རྩ་མེད་བཟོ་བར་མ་ཟད་Oestrous ཞེས་པའི་གཤེར་ཁུ་འཛག་ཐོན་དང་ཁུ་བའི་གྲུབ་ཚུལ་རྣམས་གོང་འཕེལ་དུ་གཏོང་བ། དེ་ནི་འཁྲིག་སྦྱོར་སྐུལ་མ་བྱེད་པའི་རོ་ཙའི་སྨན་ལའང་བེད་སྤྱོད་པ་དང་། ནད་རིགས་འདྲ་མིན་ཞིག་ལ་བཀོལ་སྤྱོད་བྱེད་ཆོག་པ་ཞིག་ཡིན། དཔེར་ན། སྤྱིར་བཏང་གི་རྩ་དཀར་ནད་རིགས་དང་རླུང་ནད། ཆུ་རྩ་འཇའ་བྱེད་ཀྱི་ནད་རིགས།(sciatica) ཁྱི་སྨྱོན་གྱིས་རྨུག་པའི་དུག་(Rabies) (hydrophobia) ཕོ་བའི་འཇུ་སྟོབས་ཞན་པ་དང་དྲི་འགག གཞང་འབྲུམ།(piles) མཁྲིས་ནད། (jaundice) གཞང་རླུགས།(Anal prolapse) གློ་རྒྱག་པ་།(cough) ཁུ་བ་ཟད་པ། རོ་ཙ་ཉམས་པ། (impotence) སྙིང་གི་བྱེད་ལས་ཉམས་པ། ཁྲག་ཤོར་(haemorrhage) ཁྲག་འཛག་(bleeding)ནད་རིགས་བཅས་ལ་བཀོལ་སྤྱོད་བྱེད་ཀྱི་ཡོད། སྤྱིར་ཙོང་གིས་གཟུགས་པོའི་ཆ་ཤས་ཡོངས་རྫོགས་གོང་འཕེལ་དུ་གཏོང་བ་དང་བྱེ་བྲག་གདོང་གི་ཤ་མདངས་བཟང་པོ་ཡོང་བར་བཀོལ་སྤྱོད་བྱེད། ཉེ་ཆར་རྒྱ་གར་ཚེའི་རིག་བྱེད་ཀྱི་ཁུངས་ལྡན་རྩོམ་པ་པོ་ཤོདྷ་(Shoda )ཁོང་གིས་ཙོང་ནི་བུད་མེད་མཛེས་བཟོ་བདག་ཉར་བྱེད་མཁན་ཤཱཀཱ་ཚོགས་པས་(shaka community)བྱུག་རྫས་རིགས་ལ་བཀོལ་སྤྱོད་བྱེད་བཞིན་གང་སར་ཆེས་དར་ཁྱབ་དུ་འགྲོ་དང་འགྲོ་བཞིན་པ་རེད་བཅས་གསུངས།
སྨན་དུ་བཀོལ་སྤྱོད་བྱེད་པའི་ཙོང་རིགས་ལ་གཙོ་བོ་དཀར་པོ་དང་དམར་པོ་གཉིས་དང་། ཙོང་རིགས་དཀར་པོར་མཚོན་ན་འཇུ་དཀའ་ཞིང་རོ་མངར་བ། དྲོ་བཅུད་ལྡན་པ། འབྱར་བག་ཅན། བེ་སྣབས་མང་དུ་གཏོང་བ། སྣུམ་བག་ཅན། ཁ་ཟས་ལ་བྲོ་བ་འདོན་པ། ཕྱིའི་གཟུགས་པོའི་འཚར་སྟོབས་དང་ནུས་སྟོབས་ཙམ་མ་ཟད་ནང་སེམས་ཀྱི་སྟོབས་ཤུགས་ཀྱང་གོང་འཕེལ་དུ་གཏོང་བ། མདོར་ན་གཟུགས་པོར་ན་ཟུག་བྱུང་བའི་རིགས་འཇོམས་ཐུབ། གཞན་ཡང་ལུས་ལ་ཁྲག་རྒྱས་པའི་རིགས་སམ་ཁྲག་ཤོར། ཡང་ན་ཕྲ་ཕུང་དམར་པོ་མང་སྐྱོན་(plethora)བཅས་ལ་ཕན།ཙོང་དམར་པོ་ནི་གོང་ལྟར་འཇུ་དཀའ་ཡང་བྱེད་ནུས་ཅན་ཞིག་ཡིན། ངོ་བོ་བསིལ་བའི་རང་བཞིན། དེ་ཡིས་གཉིད་འཕེལ་བ། རང་རེའི་གསོ་བ་རིག་པ་ལས་བཤད་རྒྱུད་ལེའུ་བཅུ་དྲུག་པ་འཚོ་བ་ཟས་ཀྱི་སྐབས། ཙོང་སྒོག་གཉིད་འཕེལ་ཟས་ལེན་བད་རླུང་སེལ། །ཞེས་གསུངས་པ་ལྟར་གཅིག་མཚུངས་ལྟ་བུ་མཐོང་།
༢. བྱེ་བྲག་གི་བེད་སྤྱོད་བྱེད་ཚུལ།
དེ་ཡང་རིན་ཐང་ཆེ་བའི་སྨན་མང་པོ་ཞིག་ནི་ཙོང་ལས་གྲུབ་པ་ཤ་སྟག་ཡིན། གཤམ་དུ་དེ་དག་དཔེར་མཚོན་ཙམ་ཞིག་བཀོད་ན། དབང་རྩའི་ཟུག་གཟེར་ནད་དང། ཆུ་སྐྲངས་དམུ་ཆུའི་རིགས། རྨ། རྣག་སྐྲན་བཅས་ཀྱི་ནད་ལ་ཙོང་བཙིར་ནས་ཁུ་བ་འདོན་པ། ཁུ་བ་དེ་སྐྱོ་མའམ་ལྡེ་གུར་བཟོས་རྗེས་ཀེ་ལའི་ངང་ལག་གི་ལོ་མ་བསིལ་པོའི་ནང་དུ་ཉར་ཚགས་བྱེད། དེ་རྗེས་སྐྱོ་མ་དེ་ཚ་པོ་བཟོས་ནས་དགོང་མོ་མ་ཉལ་གོང་དུ་ན་ཟུག་གང་དང་ནད་གཞི་གང་ཡོད་སར་རྨ་རས་ཀྱིས་བསྐུ་བྱུག་བྱེད་ན་སང་ཞོགས་སྔ་པོ་ཕལ་ཆེར་མངོན་སུམ་དུ་དྲག་སྐྱེད་བྱུང་བ་མཐོང་ཐུབ། སྤྱིར་པགས་པར་ནག་ཐིག་དང་གྲོ་ཐིག སྨེ་བ་སོགས་དོན་ན་པགས་པ་མི་མཛེས་པར་གྱུར་བ། གལ་ཏེ་ངོ་གདོང་ལ་གྲོ་ཐིག་དང་ནག་ཐིག་སྨུག་ཐིག་སོགས་འབྱུང་བའི་གནས་ལ་ཙོང་གི་ཁུ་བ་བྱུག་ན་ཐོར་པ་རྣམས་མེད་པ་ཆགས། དེར་བརྟེན་ཙོང་ནི་མཛེས་བཟོའི་བྱུག་རྫས་ཀྱི་ནུས་པ་སྐྱེད་མཁན་ཡག་ཤོས་ཞིག་ཡིན། ལྟོ་བར་རླུང་གིས་འཁྱིལ་ཞིང་དམིགས་བསལ་ན་ཟུག་སྐྱེད་པ། སྦོས་ནད་བཅས་ལ་ཙོང་ཁུ་སོས་པ་དང་། ཤིང་ཚ་ཏོག་ཙམ། དེར་ཚྭ་སེན་མོ་གང་ཙམ་རྒྱབ་ནས་འཐུང་ན་ཕན།སྣ་ནས་སྣ་ཁྲག་འཛག་པའི་རིགས་ལ་ཙོང་ཁུའི་དྲི་མ་སྣུམ་པ་དང་ཐིག་པ་བླུག་པ། ཚེའི་རིག་བྱེད་(Ayurveda)ཀྱི་རྩོམ་པ་པོ་ཧ་རི་ཏ་(Harita)ཁོང་གིས་ཙོང་གི་ལོ་མའི་ཁུ་བ་དེ་ཕན་རླབས་ཆེ་ཤོས་ཤིག་ཡིན་འདུག་ཅེས་མྱོང་བས་གསུངས། གཉིད་ཡེར་བའི་ནད་པར་(insomnia)ཙོང་རྗེན་པ་གང་ཞིག་ཙོང་དྲི་ཆེན་པོ་ཡོད་པའི་རིགས་བཟའ་བ་དང་། ཡང་ན་ནད་པའི་མཇིང་པར་བསྡམ་པ། དེ་བཞིན་མགོ་གཟེར་བཅོས་ཐབས་ཆེད་ཙོང་ཁུ་བཙིར་རྗེས་རྐང་མཐིལ་གཉིས་ལ་བྱུག་དགོས། ཕོ་བར་ན་ཟུག་ཚབས་ཆེན་བྱུང་བའི་ནད་ལ་སྐམ་སྲེག་བཏང་བའི་ཙོང་ཁུ་བཙིར་བ་དང་། དེར་ཚྭ་སེན་མོ་གང་ཙམ་རྒྱབ་རྗེས་འཐུང་དགོས། མཇིང་སྐེ་སོགས་ལ་འབྱུང་བའི་ལྦ་བ་ལ་ཙོང་གི་ཕྱེ་མ་བྱུག་དགོས། མི་གང་ཞིག་ལ་བཙན་གནོན་གྱི་ཐ་མ་ཁ་(tobacco)སོགས་ཉལ་ཐ་རིགས་འཐེན་བཅུག་པའི་ཐ་མ་ཁའི་དུག་ཕོག་ན་ལམ་སེང་ཙོང་རྡོག་བཙིར་བའི་ཁུ་བ་ཐུར་མ་གཉིས་ཙམ་འཐུང་བཅུག་ན་དྲག་སྐྱེད་འབྱུང་བར་བརྗོད། ཕོ་བའི་མེ་དྲོད་ཀྱི་འཇུ་སྟོབས་ཞན་པ་དང་། མཚེར་པ་རྒྱས་པ། མཁྲིས་ནད་བཅས་ལ་ཙོང་དང་ཚུའུ་སྨན་སྣ་གཉིས་ལྷན་དུ་བཙོས་རྗེས་བཟའ་དགོས། དེ་བཞིན་དྲི་འགག་(constipation)སྲུང་ཐབས་ལ་ཙོང་རྡོག་ཆེ་ཆུང་འབྲིང་ཙམ་གསུམ་དང་ད་ཏྲིག་ལོ་མ་ལག་པའི་ཁུ་ཚུར་ཙམ་གཉིས་ལྷན་དུ་དང་ག་འབྱེད་བྱེད་ཀྱི་ཟས་སྤོད་སྐྱུར་མོའམ་ལྗགས་སྐྱུར་(chutney)གཡོ་སྦྱོར་བྱས་རྗེས་ཟས་ལྟར་བཟའ་དགོས། པགས་ནད་ཟ་ཀོང་ངམ་ཟ་འཕྲུག་ཆེ་བའི་རིགས་ལ་ཙོང་གི་ཕྱེ་མར་ཨ་རག་དང་ལྷན་དུ་བྱུག་ན་དྲག་སྐྱེད་ཡོང་ཐུབ། དེ་བཞིན་གྲུམ་བུ་དང་། རུས་ཚིགས་མི་བདེ་བ། སྤྱི་བཏང་ཟ་འཕྲུག་རིགས། ཚ་ཤར་རྒྱབ་པ། ནད་རིགས་ཆུང་ཆུང་རིགས་ལ་ཙོང་གི་ཁུ་བ་དང་ཡུངས་སྣུམ་(mustard oil)གཉིས་སྲེ་སྦྱོར་བྱས་རྗེས་ནད་རིགས་གང་བྱུང་སར་བསྐུ་མཉེ་བྱེད་དགོས། མ་ཟད་སོ་རྙིལ་གྱི་གཉན་ཁ་རྒྱས་པའི་རིགས་ལ་ཙོང་ལ་ཚྭ་ཅུང་ཟད་བཏབ་རྗེས་ཁར་ལྡད་པའམ་མུར་ན་ཕན། ཙོང་གི་ཁུ་བས་པགས་ནད་སོགས་ལའང་ཕན། དཔེར་ན་སྲིན་ཐོར་དང་ཐོར་པ། གཉན་འབུར། སྐྲངས་སྦོས། ལྦ་བ་བཅས་ལ་ཙོང་དུམ་བུར་བཏང་ནས་ཞུན་མར་བཏབ་རྗེས་བསྐུ་མཉེ་བྱས་ན་ཕན་རླབས་ཆེན་པོ་ཡོད་པར་གསུངས། ཙོང་ནི་གློ་ཡུའི་གཉན་ཚད་རྙིང་པ་དང་། ཆམ་ནད། ཆམ་ནད་རྙིང་པ། ཚ་བའི་ནད་རིགས་འདྲ་མིན་བཅས་ལ་ཕན་ནུས་ལྡན་ཞིང་བཀོལ་སྤྱོད་བྱེད་པའི་སྨན་ཞིག་ཀྱང་ཡིན་འདུག གཞན་ཡང་རྒྱུ་གཟེར་དང་བཟོད་དཀའ་བའི་ནད་རིགས། ལྟོ་བའི་ཟུག་གཟེར། སྟོབས་སྐྱེད་ག་པ་(vitamin c)མ་འདང་བའི་ནད་རིགས། དཔེར་ན་སོ་རྙིལ་སྙི་མོར་གྱུར་ཞིང་ཁྲག་འཛག་པ་བཅས་ལའང་ཕན་ནུས་ཆེན་པོ་ཡོད། དེ་མིན་ཙོང་གིས་ཕོ་མོའི་འཁྲིག་སྤྱོད་ལ་སྐུལ་མ་བྱེད་པ། བུད་མེད་རྣམས་ལ་མཚོན་ན་ཙོང་རྡོག་རྗེན་པ་ཞིག་བཟའ་ཐུབ་ཚེ་ཟླ་མཚན་རྒྱུན་ལྡན་ལྟར་འབབ་ཐུབ་པའི་ཁེ་ཕན་ཡོད། པགས་པར་ལྕགས་སོགས་མཚོན་གྱིས་བདར་བའམ་ཡང་ན་དུག་ལྡན་སྲིན་པོས་སོ་རྒྱབ་པ་ལ་བརྟེན་ནས་ཚ་ཟུག་ན་ཟུག་ཆེ་བའི་ནད་ལ་ཙོང་གི་ཁུ་བ་བཏུང་ཐུབ་ཚེ་ན་ཟུག་ཚ་ཟུག་རྣམས་ཞི་འཇམ་དུ་གཏོང་ཐུབ།
3. ནད་གཞི་བྱེ་བྲག་སོ་སོར་བཀོལ་སྤྱོད་བྱེད་ཐབས་དང་ཕན་ནུས་སྐོར།
1. རྣ་བའི་ནད། Dsease of ear
རྣ་བར་ཟུག་གཟེར་འབྱུང་ན་ཙོང་དཀར་པོ་ཆེན་པོ་ཞིག་མེ་རོ་ཚ་པོའི་ནང་སྲེག་པའམ་ཡང་ན་མེ་སྡེར་(fireplate)དུ་པུར་ཐལ་བཏང་རྗེས་ཕྱིའི་ཤུན་སྐོགས་སྲབ་པོ་རྣམས་བཤུས། དེ་ནས་ཙོང་རྡོག་ཚ་པོ་དེ་བཙིར་ནས་ཁུ་བ་འདོན་པ་དང་། ཁུ་བ་དེ་རྣ་སྨན་བྱས་ནས་རྣ་བར་བླུགས་པ་དང་རྣ་བའི་མཐའ་འཁོར་དུ་བྱུག་པ་སོགས་བྱེད་དགོས། གལ་ཏེ་རྒྱ་སེའི་མེ་ཏོག་གི་དྲི་ཆབ་(rose water)དང་ཚུའུ་སྨན་ན་(venegar)གཉིས་མང་ཉུང་མཉམ་པ་ལྷན་དུ་སྲེ་སྦྱོར་བྱེད། དེ་དྲོད་འཇམ་བཟོས་རྗེས་རྣ་བའི་ནང་ཐིགས་པ་འགའ་ཞིག་བླུགས་ན་ཕན་ནུས་ཆེན་པོ་ཐོན་ཐུབ། རྣ་བ་ནས་མུ་མཐུད་རྣག་དང་། རྣག་ཁུ་འཛག་པ་ཡིན་ན་སྲིན་བལ་(cotton)གྱིས་རྣ་བ་གཙང་མ་བཟོས་རྗེས་རྣ་བའི་ནང་ཙོང་ཁུ་ཐིགས་པ་གསུམ་བཞི་རེ་ཉིན་ལྟར་བླུགས་དགོས། རྣ་བའི་ནད་དྲག་སྐྱེད་མ་བྱུང་བར་ཟླ་ངོ་མང་པོ་འདས་ཤིང་རྙིང་པ་གྱུར་པ་དག་ཀྱང་སེལ་བའི་ནུས་པ་ཡོད། འདིར་དམིགས་བསལ་ནད་པའི་ལུས་སྟོབས་སྲུང་བྱེད་འཚོ་བཅུད་དང་ལྡན་པའི་ཟས་རིགས་རྣམས་བསྟེན་དགོས་པའི་སློབ་སྟོན་བྱེད་དགོས། རྣ་བའི་ནད་པ་ལ་ཟས་རིགས་གལ་ཆེ་ཤོས་གཅིག་ནི་ཙོང་རྗེན་པ་བསྟེན་རྒྱུ་དེ་ཡིན། དེ་ལྟར་མུ་མཐུད་ལག་སྟར་བྱེད་པ་དང་ཙོང་ཁུ་རྣ་བའི་ནང་དུ་ཡུན་རིང་བླུགས་ན་དྲག་སྐྱེད་འབྱུང་ཐུབ།
2. འཁྲུ་སྐྱུགས། (Cholera)
འཁྲུ་སྐྱུགས་ཀྱིས་བཏབ་པའི་ནད་པར་ཙོང་ཁུ་མ་ཤ་སི་(mashas)དྲུག་པ་དང་། སི་པན་(chilli)སྐམ་པོ། ག་པུར།(camphor) ངང་ལག་(banana)ནས་བཏོན་པའི་ཁུ་བ་བཅས་སྲེ་སྦྱོེར་བྱས་རྗེས་སྐར་མ་བཅོ་ལྔའམ་ཆུ་ཚོད་ཕྱེད་ཀའི་བར་མཚམས་རེ་ནས་བསྟེན་དགོས། དེས་ཞེ་མེར་ལངས་པ་དང་སྐྱུགས་པ། དེ་བཞིན་འཁྲུ་བའི་རིགས་དང་། ལུས་པོར་རྩ་འཆུས་པ་བཅས་ལ་ཕན།
3. བཤལ་ནད་དང་རྒྱུ་ཚད། Diarrhea and Dysentery
བཤལ་ནད་དང་རྒྱུ་ཚད་ཕོགས་ན་ཐོག་མར་འཁྲུ་སྨན་ཚ་གྲང་སྙོམས་པོ་ཞིག་གིས་ལྟོ་བ་གཙང་བཟོ་བྱེད་དགོས། དེ་རྗེས་ཙོང་བཟའ་བཅུག་པའམ་ཡང་ན་བྱེ་མ་ཚ་པོའི་ནང་དུ་ཙོང་རྡོག་སྐམ་སྲེག་བཏང་བ་གཅིག་དང་ཉལ་ཐ་སྲོ་མ་ནག་པོ་(Opium )ཞེས་ཚེའི་རིག་བྱེད་(Ayurveda)དུ་བཀོལ་སྤྱོད་བྱེད་པའི་སྐྱུགས་སྨན་དང་ཟུག་གཅོག་སྨན་དང། ཡང་ན་ཙོང་ཁུ་མ་ཤ་སི་དྲུག་པའི་ (six mashas of the onion juice)སྟེང་དུ་གོང་གི་སྲོ་མ་ནག་པོ་(opium)བསྣན་ནས་ནད་པར་ཉིན་རེ་ཐུན་གཉིས་གསུམ་རེ་གཏོང་དགོས། དེ་བཞིན་ཙོང་རྡོག་དུམ་བུར་དུམ་བུར་གཏུབ་ཞིང་ཆུར་ཐེངས་བཞི་ལྔ་ཆུ་བཤལ་བཏང་ནས་བཟའ་བའམ་ལྕགས་སྣོད་ཅིག་ཏུ་ཞོ་དང་མཉམ་དུ་སྲེ་སྦྱོར་བྱས་རྗེས་བསྟེན་དགོས། དེས་རྒྱུ་ཚད་འཇོམས་ཐུབ། སྐབས་དེར་འབྲས་དང་། ཞོ། བྱེ་མ་ཀ་ར་ལས་བཟོས་པའི་ཁཎྜ་འམ་ལྡེ་གུ་(sugar candy) སོགས་ཀྱི་ཟས་རྣམས་བསྟེན་པ་ཡིན་ན་རྒྱུ་ཚད་ཚབས་ཆེན་པོ་རྣམས་ཀྱང་ཉིན་གསུམ་གྱི་ནང་འཚུད་དུ་དྲག་སྐྱེད་ཡོང་ཐུབ།
4. དྲི་ཆུ་འགག་པ་དང་ལྒང་པའི་རྡེའུ་སྐྲན།
དང་པོ། དྲི་ཆུ་འགག་པའམ་བབ་དཀའ་བ། ཡང་ན་དྲི་ཆུ་བབས་ཀྱང་ཐིག་པ་ཙམ་ལས་མི་འབྱུང་བའི་ནད་པ་ལ་བྱེ་མ་ཚ་པོའི་ནང་དུ་སྲེག་པའི་ཙོང་ཞིག་དུམ་བུར་བཏང་རྗེས་ལྒང་བུའི་ཐོག་ཏུ་བཅིང་ན་ནམ་རྒྱུན་ལྟར་དྲི་ཆུ་འབབ་ཐུབ། ལྒང་པའི་ནང་དུ་རྡེའུ་སྐྲན་བསགས་ན་ཙོང་རྡོག་དུམ་བུ་བཏང་རྗེས་ཆུར་བཀྲུ་བ་དང་། དེ་ནས་ཙོང་ཁུ་(onion juice)ཏོ་ལ་(tola)གཉིས་ཙམ་ཉིང་ཁུ་འདོན་པ། དེའི་སྟེང་དུ་བུར་ཤིང་ཁུ་བའི་ལྡེ་གུ་(sugar candy)ཏོ་ལ་(tola)ལྔ་བསྣན་རྗེས་ཆུ་ལྟར་བཏུང་དགོས། དེ་ལྟར་རྒྱུན་རིང་སྔ་དགོང་གང་རུང་ལ་བསྟེན་ཐུབ་ན་ལྒང་པའི་རྡོ་རྣམས་དུམ་བུ་འཐོར་བའམ་ཞིབ་ཞིབ་གྱུར་ནས་དྲི་ཆུ་རྒྱུན་ལྡན་ལྟར་འབབ་ཐུབ། ལྷག་པར་དུ་དེ་སྟེང་དུ་གཙང་བཟོ་བྱས་པའི་ཡབཀྵ་ར་(Alkali)༼ནས་སྔོན་པོ་དེ་མེ་ལ་བསྲེགས་ནས་ཞག་ཏུ་ལོན་པའི་ཐལ་བ་དེའི་ཁར་ཆགས་པའི་བ་ཚྭ་འདྲ་བ་༽དང་། ཟེ་ཚྭ། ཐལ་ཚྭ་རྣམས་བསྲེ་སྦྱོར་བྱས་རྗེས་བསྟེན་པ་ཡིན་ན་ཕན་ནུས་ཆེན་པོ་ཡོད།
5. གཞང་འབྲུམ། piles
གཞང་འབྲུམ་རིགས་ལ་ཙོང་རྡོག་གི་པགས་པ་སྲབ་མོ་བཞར་ཞིང་གཙང་མ་བཟོ་བ་དང་། དེ་ཉི་མར་སྐམ་སྲེག་བཏང་རྗེས་བ་ཕྱུགས་ཀྱི་འོ་མས་ལེགས་པར་རྔོས། དེ་ནས་ཏོ་ལ་(tola)གཅིག་ལ་ཏིལ་འབྲུ་(sesame seed)དཀར་པོ་ཏོ་ལ་དོ་བསྣན་ནས་སྲེ་སྦྱོར་བྱེད་པའི་སྨན་དེ་ཞོགས་པ་བསྟེན་པ་དང་། དེའི་མཉམ་དུ་བ་ཕྱུགས་ཀྱི་འོ་མ་ཤེལ་ཕོར་གང་རེ་འཐུང་ཐུབ་ན་ཕན་ནུས་ཆེན་པོ་ཐོན། གལ་ཏེ་གཞང་འབྲུམ་ཇེ་སྡུག་ཏུ་སོང་ནས་ཟུག་གཟེར་ཆེན་པོ་བཏང་ན་ཙོང་རྡོག་པོ་གཉིས་བྱེ་མ་ཚ་པོའི་ནང་ཕྱེད་ཀ་ཙམ་སྲེག་ཏེ་ཕྱིའི་ཤུན་སྐོགས་སྲབ་མོ་རྣམས་མེད་པར་བཟོ་དགོས། དེ་ནས་རྩམ་པ་ལྟར་ཕྱེ་མ་འཐག་པ་དང་། དེ་ཐང་ཆུ་དང་ལྷན་དུ་སྲེ་སྦྱོར་བྱས་ནས་སྐྱོ་མ་ལྟ་བུ་སྦྱོར་དགོས། དེ་རྗེས་རིལ་བུ་ཆུང་ཆུང་ཞུན་མར་(ghee)གྱིས་བརྔོས་ཏེ་གཞང་ལ་བྱུག་དགོས། དེས་འཕྲལ་དུ་དྲག་སྐྱེད་འབྱུང་གི་ཡོད། གཞན་ཡང་གཞང་འབྲུམ་ཁྲག་འཛག་པའི་རིགས་ལ་ཙོང་རྡོག་དཀར་པོའི་ཁུ་བ་ཏོ་ལ་བཅུ་དང་། བུར་ཤིང་གི་ཁུ་བའི་ལྡེ་གུ་(sugar candy)བསྣན་རྗེས་ཉིན་རེ་ཐེངས་གཅིག་གཉིས་རེ་བསྟེན་པ་ཡིན་ན་ཕན་ནུས་ཆེན་པོ་ཐོན་ཐུབ།
6. སྣ་ཁྲག་འཛག་པ་དང་སྤྱིར་བཏང་ཁྲག་ཤོར།
རྒྱ་གར་ཚེའི་རིག་བྱེད་(Ayurveda)ཀྱི་གཞུང་ལུགས་ཆེན་མོ་ཅརཀ་(charak)ལས་སྣ་ཁྲག་འཛག་པ་སོགས་ལུས་པོར་ཁྲག་ཤོར་རིགས་ལ་ཙོང་དཀར་པོ་ཞིག་འོ་མའི་ནང་དུ་བཀྲུ་ཞིང་གཙང་མ་བཟོས་རྗེས་བཟའ་དགོས་པའི་སློབ་སྟོན་གནང་འདུག ཚེའི་རིག་བྱེད་(Ayurveda)ཀྱི་གཞུང་ལུགས་སུཤྲུཏ་(Sushurta)བཅས་ཀྱི་ནང་དུའང་ཙོང་དཀར་པོ་དེས་ཁྲག་འཛགས་རྣམས་འགོག་ཐུབ། ཅརཀའི་གཞུང་དུ་ཙོང་དང་ལྷན་དུ་ཤ་ཚལ་སོགས་ལས་བཟོས་པའི་ཐང་། ཡང་ན་ཙོང་རྐྱང་པ་བསྟེན་པ་ཡིན་ན་ཁྲག་ཤོར་ཚབས་ཆེན་རིགས་ལ་ཕན་རླབས་ཆེན་པོ་འབྱུང་ཐུབ་པ་འགྲེལ་བརྗོད་གནང་འདུག དེ་མིན་ཁྲག་གི་སྐྱ་རྦབ་(anaemia )ལ་ཙོང་གི་ཁུ་བ་ཏོ་ལ་ལྔའི་སྟེང་བུར་ཤིང་གི་ཁུ་བའི་ལྡེ་གུ་(sugar candy)ཏོ་ལ་གཅིག་དང་གོ་སྙོད་དཀར་པོའི་འབྲུ་ཀི་ལོ་གཅིག་བཅས་བཏབ་སྟེ་ཉིན་ལྟར་བཏུང་བར་བེད་སྤྱོད་བྱེད་དགོས་ཚུལ་ཡང་གསུངས། གལ་ཏེ་སྣ་ནས་སྣ་ཁྲག་འཛག་པ་ཡིན་ན་སྣ་སྨན་ཞིག་དང་ལྷན་དུ་རའམ་ཡང་ན་བ་ཕྱུགས་ཀྱི་ཞུན་མར་ལ་སྲེག་པའི་ཙོང་ཅིག་སྤྲད་ན་ཕན་ནུས་ཆེན་པོ་ཡོང་ཐུབ། དེ་འདྲའི་བཅོས་ཐབས་རྣམས་ནི་ཧརིཏ་སཾཧིཏྰ་(Harita samhita)དང་ཅརཀ་སཾཧིཏྰ་(charak samhita) གཉིས་ཀྱི་གཞུང་དུ་བསྟན་ཡོད་ཚུལ་ཡང་གསུངས།
7. དབུགས་འབྱིན་རྔུབ་ཀྱི་ན་ཚ། Respiratory disorder
སྤྱིར་བཏང་གློ་རྒྱག་པ་དང་ཆམ་ནད། བེ་སྣབས་ཀྱི་འགག་པ། གློ་གཅོང་རིགས་ལ་ཙོང་གི་ཐང་སྨན་བཀོལ་སྤྱོད་བྱས་ན་ཕན་ལུགས་གསུངས། ཙོང་གི་ཐང་སྨན་དེ་གཙོ་བོ་ཆུ་ལི་ཌར་(litre)བཞི་བཅུ་ཙམ་གྱི་སྟེང་ཙོང་ཁུ་མ་ཤ་སི་དྲུག་པ་བསྲེ་ཞིང་བཞི་ཆ་གཅིག་ཙམ་ཐིམ་པར་བསྐོལ་རྗེས་ཙོང་གི་ཐང་སྨན་ཞེས་འབྱུང་གི་ཡོད། ཚེའི་རིག་བྱེད་(Ayurveda)ཀྱི་སྨན་གཞུང་ཅརཀ་(charak )ལྟར་བྱས་ན་ཙོང་གི་ཁུ་བའི་སྣ་སྨན་ལྟར་བཀོལ་སྤྱོད་བྱས་ན་སྐྱིགས་བུའི་(hiccup)ན་ཚ་ཚབས་ཆེན་རྣམས་འཇོམས་པའམ་དྲག་སྐྱེད་གཏོང་ཐུབ་ཅེས་གསུངས་འདུག དེ་བཞིན་རྣམ་པར་གྱུར་བའི་མཁྲིས་པའི་རྐྱེན་པས་དབུགས་མི་བདེ་བ་(asthma)བྱུང་ན་ཙོང་ཏོ་ལ་གཉིས་ཙམ་དུམ་བུར་བཏང་ཏེ་སྦྲང་རྩི་ལྷད་མེད་ཅིག་གི་ནང་དུ་སྦང་དགོས། དེ་ནད་པར་ཉིན་བཞི་བཅུར་ཞོགས་པ་ས་ལ་ཉི་འོད་མ་ཕོག་སྔོན་ལ་བསྟེན་ན་དྲག་སྐྱེད་བྱུང་བར་ཐེ་ཚོམ་སྤུ་ཙམ་མེད། རྒྱུན་ལྡན་དབུགས་གཏོང་དཀའ་བ་དང་དབུགས་འཚང་གི་ནད་བཅས་ལ་ཙོང་གི་ཁུ་བ་དང་ལིམ་བུའི་ཁུ་བ། བུམ་པ་མེ་ཏོག་(cinerea )གི་ཉིང་ཁུ་རྣམས་ཏོ་ལ་བཞི་བཅུ་རེ་དང་། རི་སྐྱེ་སེ་འབྲུའི་(wildpomegranate )ཤུན་སྐོགས་ཕྱེ་མ་ཏོ་ལ་ཉེར་ལྔ། གུལ་ཁཎྜ་ (gulkhand)ཏོ་ལ་ཉི་ཤུ སྒ་སྐྱའི་(ginger)ཕྱེ་མ་ཏོ་ལ་གཉིས། ལྷད་མེད་པའི་སྦྲང་རྩི་ཏོ་ལ་བཅོ་ལྔ་བཅས་དཀར་ཡོལ་དུ་བསྲེ་སྦྱོར་ལེགས་པར་བྱས་རྗེས་སྔ་དགོང་གཉིས་ལ་ཏོ་ལ་གཅིག་རེ་ཟས་པ་ཡིན་ན་ཕན་ནུས་མྱུར་པོ་ཐོན་ཐུབ། བྱེ་བྲག་དབུགས་འཚང་ནད་ལ་རིར་སྐྱེས་པའི་ཙོང་གི་དམིགས་བསལ་ཕན་ནུས་ཐོན། ལྕགས་ཐལ་དང་ཙོང་གཉིས་པོ་ལྷན་དུ་སྦྱོར་བའི་སྨན་དེས་གློ་སྟུད་མར་འབྱུང་བའི་དབུགས་ཀྱི་ནད་དང་། གློ་བའི་ནད་མང་པོར་བེད་སྤྱོད་བྱེད། ཡང་སྐད་འཛེར་ན་ཙོང་ཞིག་མེར་སྲེག་རྗེས་ཁུ་བ་འདོན་དགོས། ཐོག་མར་ནད་པར་ཚྭ་ལ་(borax)གཉིས་དང་། དེ་ནས་གོང་གི་ཙོང་ཁུ་དེ་སྤྲད་ན་སྐད་རྒྱུན་ལྡན་ལྟར་ཐོན་ཐུབ།གློ་བར་ན་ཚ་བྱུང་ན་ཙོང་ཁུ་མ་ཤ་སི་དྲུག་པ་དང་གསུམ་པའི་ལྷན་དུ་སྦྲང་རྩི་དང་ཞུན་མར་གཉིས་པོ་སྔ་དགོང་གཉིས་ལ་བསྟེན་དགོས། དེའི་མཉམ་དུ་བྱེ་མ་ཀ་ར་བསྲེས་པའི་འོ་མ་ལི་ཌར་ཕྱེད་ཀ་དགོང་མོ་མ་ཉལ་གོང་བསྟེན་དགོས། གཞན་ཡང་ཚྭ་དང་ལྷན་དུ་ཙོང་རྗེན་པའམ་ཡང་ན་ཙོང་ཁུ་རྣམས་བཟའ་བཏུང་བྱས་ན་གློ་ནད་ཊི་བྷིའི་(TB)ནད་འབུ་རྣམས་གསོད་ཐུབ་པའང་འགྲེལ་བརྗོད་གནང་འདུག། །།
    – མཆན། Dr.K.H. Krishnamurthy ལགས་ཀྱིས་བརྩམས་གནང་བའི་Traditional Family Medicine (སྲོལ་རྒྱུན་ཁྱིམ་ཚང་གི་སྨན།) ཞེས་པའི་དཔེ་དེབ་ནས་སྙིང་བསྡུས་ཤིག་བསྒྱུར།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།