དབང་རྩ་ཚན་རིག་པ་ཞིག་གི་རྣམ་ཤེས་ལ་ལྟ་སྟངས།
རྩོམ་པ་པོ།  རྔ་བ་ཤེས་རབ་ཀྱིས་བསྒྱུར།    སྤེལ་དུས།  2015-02-03 21:30:25    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

      འདིར་གླེང་བར་བྱ་བའི་དོན་ཚན་བཞི་ཡོད། ལུས་སེམས་གཉིས་ཀྱི་འབྲེལ་བའི་སྐོར་དང་། སེམས་དང་འབྲེལ་བའི་དྲི་བ་གལ་ཆེན་གང་གང་ཡོད་པ། རྣམ་ཤེས་སམ་སེམས་དང་འབྲེལ་བའི་ཚན་རིག་གི་བརྟག་དཔྱད་བྱེད་ཐབས་ག་རེ་ག་རེ་ཡོད་པ། ཀླད་པའི་ཆ་གང་ལ་སྐྱོན་ཤོར་བ་ཡིན་ན་སེམས་སམ་རྣམ་ཤེས་ལ་ཤུགས་རྐྱེན་ཅི་ཞིག་སྤྲོད་ཀྱི་ཡོད་པ་བཅས།
     ལུས་སེམས་ཀྱི་འབྲེལ་བའི་ཐོག་ལྟ་གྲུབ་ཀྱི་ངོས་ནས་བཤད་ན་གཉིས་སུ་འདུས་ཡོད། དང་པོ་ནི། གཉིས་གྲུབ་སྨྲ་བ་སྟེ། dualism ལུས་སེམས་གཉིས་གཞི་རྩའི་ཆ་ནས་མི་འདྲ་བར་རང་མཚན་པ་རེ་རེར་ལྟ་བ། བེམ་ཤེས་གཉིས་ངོ་བོ་ཐ་དད་དུ་ལྟ་བའི་རིང་ལུགས། འདི་ལ་སྐྱོན་ཞིག་ཡོད་པར་ལྟ་བ་ནི། དེ་ལྟར་ན་ལུས་སེམས་གཉིས་ལ་ཕན་ཚུན་ལྟོས་ཤིང་འབྲེལ་བ་ཇི་ལྟར་ཡོད་དམ། མེད་ན་གཅིག་གིས་གཅིག་ལ་ཤུགས་རྐྱེན་ཇི་ལྟར་སྤྲོད་ཐུབ་སྟེ་མི་ཐུབ་པ་མ་ཡིན་ནམ། །ཞེས་པ་དེ་རེད།
     གཉིས་པ་ནི། གཅིག་རྐྱང་སྨྲ་བ་སྟེ། monism གཉིས་མེད་སྨྲ་བ། དངོས་ཡོད་ལ་དངོས་པོའི་ཆོས་ཀུན་རྡོག་སྒྲིལ་ན་ལུས་སེམས་གཉིས་ནས་གང་རུང་གཅིག་གི་ཐོག་ལ་སྒྲིལ་འགྲོ་བ་ཡིན། བེམ་ཤེས་གཉིས་ངོ་བོ་ཐ་དད་དུ་མེད་པར་ལྟ་བའི་རིང་ལུགས། འདི་ལ་ནང་གསེས་དབྱེ་ན་དངོས་གཙོ་སྨྲ་བ་དང་། materialism སེམས་གཙོ་སྨྲ་བ་ idealism གཉིས་ཡོད། ཚན་རིག་པ་མང་ཆེ་བས་རྩ་འཛིན་བྱ་ས་དེ་ཆིག་གྲུབ་སྨྲ་བའི་ནང་ཚན་དངོས་གཙོ་སྨྲ་བ་ཡིན། འཇིག་རྟེན་ཁམས་ཀྱི་དངོས་པོ་ཀུན་རྡོག་སྒྲིལ་ན་བེམ་པོའི་ཆོས་སུ་བསྡུ་འགྲོ་བ་ཡིན།
      སེམས་ཞེས་པ་ཡོད་པ་གང་ཞིག་ལ་ཡོད་སྟངས་དེ་གཟིགས་ཅན་གྱི་ཆོས་ཤིག་གི་ཁྱད་པར་དུ་དང་ཡང་ན་གཟུགས་ཅན་གྱི་ཆོས་ཤིག་གི་སྟེང་ནས་ཚུར་དོད་ཡོང་བ་ཞིག་ལ་འདོད་པ་ཡིན། དེ་ཡང་ཀླད་པ་ལ་བརྟེན་ནས་སེམས་གྲུབ་པ་ལྟ་བུ། སེམས་དེ་ཀླད་པའི་ལག་རྗེས་སམ་ཁྱད་ཆོས་ཤིག་ཏུ་འདོད་པ་ཡིན། དཔེ་གཅིག་བཞག་ན། འཚོ་རླུང་གཅིག་དང་ཡང་རླུང་གཉིས་ཚོགས་ཅིང་འདུས་པ་ལ་བརྟེན་ནས་ཆུ་ཞེས་པ་འགྲུབ་འགྲོ་གི་ཡོད་པ་བཞིན་ནོ།།
     གཅིག་རྐྱང་སྨྲ་བའི་ནང་ཚན་སེམས་གཙོ་སྨྲ་བས་འཇིག་རྟེན་ཁམས་ཀྱི་དངོས་པོ་ཡོད་ཚད་སེམས་ཀྱི་ཆོས་སུ་དང་ཡང་ན་སེམས་ལ་བརྟེན་ནས་མངོན་པ་ཞིག་ཏུ་འདོད་པས་རྡོག་སྒྲིལ་ན་སེམས་ཀྱི་ཐོག་ཏུ་སྒྲིལ་འགྲོ་བ་ཡིན། ཚན་རིག་པ་མང་ཆེ་བས་ལྟ་བ་འདི་ལ་ཡིད་ཆེས་མི་བྱེད། དེས་ན་རྣམ་ཤེས་དང་འབྲེལ་བའི་དྲི་བ་ཆེན་པོ་གང་ཡོད་ཅེ་ན། གཞི་རྩའི་ཆ་ནས་དངོས་པོ་ཐམས་ཅད་བསྡུ་ས་དེ་གཟུགས་ཅན་གྱི་ཆོས་ཤིག་ཡིན་པར་ལྟ་བ་ཡིན་ན། རྣམ་ཤེས་ཞེས་པ་ཞིག་ཡོང་དགོས་དོན་གང་ཡིན་ནམ།
      ཚན་རིག་པའི་ལྟ་སྟངས་བྱས་པ་ཡིན་ན་དངོས་པོ་ཐམས་ཅད་ཀྱི་གཞི་རྟེན་གཟུགས་ཅན་གྱི་ཆོས་ཡིན་ན་རྣམ་ཤེས་ཞེས་པ་ཞིག་ཇི་ལྟར་དགོས་པ་ཡིན་ནམ། ཞེས་པ་དང་། སྐྱེ་ལྡན་ཚང་མར་རྣམ་ཤེས་ཡོད་དམ། ཁག་གཅིག་ལ་ཡོད་པ་དང་ཁག་གཅིག་ལ་མེད་པ་ཡིན་ནམ། སྐྱེ་ལྡན་གྱི་འཕེལ་འགྱུར་ནང་དུ་རྣམ་ཤེས་མེད་པ་ནས་ཡོད་པ་ཅན་དུ་འཕེལ་འགྱུར་བྱུང་བ་ཡིན་ནམ། ཡིན་ན་དེ་ཇི་ལྟར་བྱུང་བ་ཡིན།
དྲི་བ་གཞན་ཞིག་ནི། རྣམ་ཤེས་ཞིག་མིས་བཟོ་བསྐྲུན་བྱེད་ཐུབ་པར་སོམས་དང་། ད་སྐབས་འཕྲུལ་ཆས་བྱེད་ལས་སྣ་ཚོགས་སྒྲུབ་ཐུབ་མཁན་ཡོད་པས་དེ་དག་ལ་རྣམ་ཤེས་ཡོད་པ་ཆགས་སྲིད་དམ། དེ་བཞིན་དུ། རྣམ་ཤེས་གྲུབ་སྟངས་ཀྱི་ཐོག་ནས་བཤད་ན་ངོ་བོ་ནང་གི་མྱོང་བ་ཞིག་ཡིན་པས། ཚན་རིག་པས་རྣམ་ཤེས་ལ་ཐད་ཀར་བརྟག་དཔྱད་དང་ཞིབ་འཇུག་བྱེད་ཐུབ་ཀྱི་རེད་དམ།
      དབང་རྩ་ཚན་རིག་པའི་ནང་དཀའ་ངལ་ཆེན་པོ་ཞིག་གང་ཡོད་ཅེ་ན། རྣམ་ཤེས་ཞེས་པ་དེ་གང་འདྲ་ཞིག་བཞག་དགོས་མིན་དང་རྣམ་ཤེས་ཀྱི་ངོ་བོའམ་སྒྲ་བཤད་ཐོག་བཤད་ཚུལ་མང་ཡང་ཐུན་མོང་གི་ཁས་ལེན་ཐུབ་པའི་ལྟ་ཚུལ་ཞིག་བཟོ་ཐུབ་མེད་པ་དེ་རེད། འོན་ཀྱང་དབང་རྩ་ཚན་རིག་པས་རྣམ་ཤེས་ཀྱི་ངོ་བོ་འཚོལ་རྙེད་ཀྱི་ཐབས་ཤེས་མང་པོ་བྱེད་ཀྱི་ཡོད། གང་འདྲ་ཞེ་ན། ཀླད་པའི་ཆ་ཤས་རྣམས་གྲུབ་སྟངས་ངོས་བཟུང་ནས་དེ་དག་གི་བྱེད་ལས་ཅི་ཞིག་ཇི་ལྟར་རྩོམ་གྱི་ཡོད་པ་བརྟག་དཔྱད་བྱེད་ཀྱི་ཡོད་པ་དང་། མྱོང་ཚོར་གང་དང་ཀླད་པའི་ཆ་ཤས་གང་གི་བར་ལ་འབྲེལ་བ་ཡོད་མིན་བལྟས་ཏེ་རྣམ་པར་ཤེས་པ་དང་ཀླད་པའི་བར་མཚམས་སྦྱོར་བྱེད་ཐབས་བྱེད་ཀྱི་ཡོད།
      དེ་འདྲའི་བརྟག་ཐབས་གཅིག་ནི། བྱེད་ལས་སྡུད་པའི་འཕྲུལ་ཆས་ཞེས་པ་དེ་བེད་སྤྱོད་གཏོང་གི་ཡོད། དེས་གང་བྱེད་ཅེ་ན། བསམ་བློ་དང་མྱོང་ཚོར་དམིགས་བསལ་བ་སྐྱེད་དུ་བཅུག་སྟེ་དེ་དག་གི་སྐབས་སུ་ཀླད་པའི་ཆ་ཤས་གང་དང་གང་བྱེད་ལས་ཤུགས་ཆེར་རྩོམ་བཞིན་པ་ངོས་འཛིན་བྱེད་ཀྱི་ཡོད། བསམ་བློ་རིགས་མི་འདྲ་བ་དག་ལ་ཀླད་པའི་ཆ་ཤས་གང་དག་ཤུགས་ཆེར་ལས་ཀ་བྱེད་པའི་གནས་ཚུལ་རྟོགས་པར་བྱེད་ཀྱི་ཡོད།
      དེ་ལ་ཡང་དྲི་བ་གཞན་ཞིག་ཡོད་པ་ནི། བརྟག་དཔྱད་འདིས་སེམས་ཀྱི་མྱོང་བ་དེ་དག་གང་དང་འབྲེལ་བ་ཡོད་པའི་ཀླད་པའི་ཆ་ཤས་ལ་ལྟ་བཞིན་ཡོད་མོད་དེས་སེམས་ཀྱི་མྱོང་བ་ཁོ་རང་ལ་ལྟ་ཐུབ་ཀྱི་ཡོད་དམ་མེད། ཅེས་པ་དེ་རེད། བརྟག་དཔྱད་བརྒྱུད་ནས་ཚད་འཇལ་སྟངས་ལ་རིགས་འགའ་ཞིག་ཡོད་ཀྱང་ང་ཚོས་རྣམ་ཤེས་ལ་ཚད་ཇི་ལྟར་མཇལ་ཐུབ་བམ། ཐབས་ཤེས་གཅིག་ནི་མི་དང་སེམས་ཅན་གཞན་གྱིས་གཤིས་སྤྱོད་ཀྱི་རྣམ་འགྱུར་སྟོན་སྟངས་ཀྱི་ཐོག་ནས་བྱེད་ཀྱི་ཡོད།
      དཔེར་ན་མི་ཞིག་ལ་མགོ་རྙོག་རི་མོ་ཞིག་བསྟན་ནས་མྱོང་སྣང་གང་འདྲ་སྐྱེད་ཀྱི་ཡོད་མེད་ལྟ་བ་དེ་རེད། དེ་ཡང་གྲུ་བཞི་ཤོ་གཟུགས་མིའི་རི་མོ་ལ་མི་སྒེར་བ་སོ་སོས་མཐོང་སྣང་མི་འདྲ་བ་སྐྱེ་བ་དང་དེ་ལ་བརྟེན་ནས་ཀླད་པས་འགྲེལ་བཤད་མི་འདྲ་བ་རེ་རྒྱག་གི་ཡོད། དེའི་ཐོག་ནས་མི་སོ་སོའི་ནང་གི་མྱོང་བར་ཚད་འཇལ་ཐབས་བྱེད་ཀྱི་ཡོད། བརྟག་ཐབས་གཞན་ཞིག་ནི་མི་དང་སེམས་ཅན་གཞན་དག་ལ་མེ་ལོང་ལྟ་བུར་ལྟ་བཅུག་སྟེ་རང་ངོ་རང་གིས་ཟིན་གྱི་ཡོད་མེད་ལྟ་བ་དེ་ཡིན།
      འགའ་ཞིག་གིས་བརྟག་ཐབས་འདི་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། ཅིའི་ཕྱིར་ཞེ་ན། འདི་ནི་མཐོང་ཚོར་གཙོ་བོར་བཟུང་ནས་མྱོང་ཚོར་སྐྱེ་སྟངས་ལ་བརྟག་གི་ཡོད་པ་རེད། འོན་ཀྱང་དེས་སེམས་ཅན་ཀུན་ལ་ཁྱབ་པ་མ་ཡིན་ཏེ། སེམས་ཅན་རིགས་གཅིག་མཐོང་ཚོར་ལས་ཐོས་ཚོར་སོགས་གཙོ་ཆེ་བ་ཡོད་པས་སོ།། དེའི་ཕྱིར་བརྟག་དཔྱད་དེ་ཁ་བསྒྱུར་ནས་སྒྲ་སོགས་ལ་བརྟག་བཅུག་སྟེ་རང་སྒྲ་རང་གིས་ངོས་ཟིན་གྱི་ཡོད་མེད་ལྟ་བ་སོགས་བྱེད་ཀྱི་ཡོད།
      བརྟག་དཔྱད་འདིར་དཀའ་རྙོག་གཅིག་ནི། བརྟག་དཔྱད་འདི་ནི་རྣམ་ཤེས་ཡོད་པའི་བྱེད་འབྲས་སམ་རྣམ་ཤེས་ཡོད་པ་ལ་བརྟེན་ནས་གཤིས་སྤྱོད་ལ་ལྟ་བཞིན་ཡོད་པ་ལས། གཤིས་སྤྱོད་དེ་གང་ལ་བརྟེན་ནས་སྐྱེས་པའི་རྣམ་ཤེས་རང་ལ་རེག་ཐུབ་ཀྱི་མེད་པ་དེ་རེད། དམིགས་ཡུལ་རྣམ་ཤེས་ལ་བརྟག་དཔྱད་བྱེད་པ་ཡིན་ཡང་དངོས་སུ་ལག་ལེན་ལ་ཞུགས་དུས། གཤིས་སྤྱོད་ཅིག་ལ་ལྟ་བཞིན་ཡོད་པས་དེ་ནི་དཀའ་རྙོག་ཅིག་ཆགས་འགྲོ་བཞིན་ཡོད།
     གཤིས་སྤྱོད་དང་ལྡོག་ལན་གཞིར་བཞག་ནས་རྣམ་ཤེས་ཡོད་པ་དཔོག་པ་ཞིག་དང་རྣམ་ཤེས་ཀྱི་ཁྱད་ཆོས་དཔྱོད་ཐུབ་ཀྱི་རེད་དམ། དྲི་བ་དེ་ཡོང་དོན་གང་ཡིན་ཞེ་ན། ད་སྐབས་འཕྲུལ་ལས་ཡར་རྒྱས་ལ་བརྟེན་ནས་གློག་ཀླད་འགའ་ཞིག་གིས་དྲི་བ་གང་བཏོན་པ་ལ་ལན་འདེབས་པ་སོགས་ངོ་མཚར་གྱི་བྱ་བ་བྱེད་ཐུབ་ཀྱི་ཡོད། དེ་ནི་ངག་གི་གཤིས་སྤྱོད་ལྟ་བུ་ཡིན། དེ་འདྲའི་འཕྲུལ་ཆས་སྤུས་ཇེ་ལེགས་དང་ཇེ་ཟབ་ལ་ཕྱིན་པ་ན་ང་ཚོས་འཕྲུལ་ཆས་དེ་དག་ལ་ཡང་རྣམ་ཤེས་ཡོད་པ་རེད་ཅེས་བཤད་དགོས་པ་ཡིན་ནམ། ཞེས་པ་དེ་ཡིན།
      རྣམ་ཤེས་དང་འབྲེལ་བའི་བརྟག་ཐབས་གཞན་ཞིག་ནི། ཁ་ནང་དུ་ཕྱོགས་ནས་རང་གི་མྱོང་བ་ལ་རང་གིས་འགྲེལ་བཤད་བརྒྱབ་འཇུག་པ་དེ་རེད། དཔེར་ན་དངོས་པོ་དམར་པོ་ཞིག་ཡིད་ལ་སོམས་དང་། མི་གཞན་དག་ལ་དམར་པོ་ཞེས་པ་དེ་ཁྱེད་རང་ལ་གང་འཆར་བ་དེ་འདྲ་ཞིག་ཡིན་ཆོག་ལ་མིན་ཀྱང་ཆོག་པ་བསམ་གཞིགས་བྱེད་དགོས། དེ་འདྲའི་ཐོག་ནས་ཤེས་པ་ཞེས་པ་དེར་མ་མཐའི་ཆ་རྐྱེན་གང་འདྲ་ཞིག་ཚང་དགོས་པ་དེར་ལྟ་བ་དང་། ཤེས་པའི་མྱོང་བ་ཇི་མ་ཇི་བཞིན་སྐྱེ་བ་དང་ཡང་ན་བརླག་པ་ལ་ཀླད་ཆ་གང་དང་གང་གི་གནས་བབ་གང་འདྲ་ཞིག་ཆགས་དགོས་མིན་ལྟ་བ་དེ་ཡིན།
      ཀླད་པ་སྐྱོན་ཤོར་བ་ལས་ཤེས་པར་ཇི་ལྟར་ཤུགས་རྐྱེན་ཇི་ལྟར་སྤྲད་ཀྱི་ཡོད་པ་ལྟ་བཞིན་ཡོད། དཔེར་ན་ལོང་མཐོང (ལོང་པ་ཡིན་ཡང་གཟུགས་མཐོང་བའི་སྣང་བ་འཆར་བ) ལྟ་བུ་སྟེ། མཐོང་ཚོར་ཀླད་ཤུན་གྱི་སྔ་རིམ་ལ་སྐྱོན་ཤོར་བ་ལ་བརྟེན་ནས་མི་དེས་གཟུགས་མཐོང་མི་ཐུབ་པར་གྱུར་པ་ཡིན་མོད། ཡར་མར་འགྲོ་བའི་སྐབས་མཐོང་གི་ཡོད་པ་ལྟ་བུའི་འཆར་སྣང་ཐོག་ནས་བྱ་བ་རྩོམ་ཐུབ་པ་དེ་འདྲ་ཡོད་པ་རེད། དེ་དག་གིས་གཟུགས་གང་ཡིན་མཐོང་གི་མེད་ཀྱང་ཅི་ཞིག་འགུལ་བཞིན་བའི་སྣང་བ་ལྟ་བུ་མིག་གིས་ལྟ་ས་དེའི་ཁྱད་ཆོས་རེ་ཚོར་ཐུབ་ཀྱི་ཡོད།
      གཞན་ཡང་སྲ་ཤུན་ཞེས་པའི་གཡས་གཡོན་གྱི་ཀླད་པའི་ཟླུམ་ཕྱེད་གཉིས་ཚུར་སྦྲེལ་ཞིང་མཚམས་སྦྱོར་བའི་དབང་རྩའི་ཆུན་པོ་དེ་བཅད་པ་ལ་བརྟེན་ནས་རྣམ་ཤེས་དང་འབྲེལ་བའི་ཚོར་སྣང་སྐྱེ་སྟངས་མི་འདྲ་བ་ཡོང་གི་ཡོད། ཀླད་པའི་ཟླུམ་ཕྱེད་གཉིས་མཚམས་སྦྱོར་བའི་སྲ་ཤུན་དེ་གཤག་བཅོས་བྱེད་སྐབས་མཚམས་རེར་གཅོད་དགོས་ཐུག་གི་ཡོད། དེ་ཡང་རྒྱལ་གཟེར་རམ་གཟའ་ནད་ཤུགས་ཆེར་ན་བའི་ཚེ་ཀླད་པའི་ཟླུམ་ཕྱེད་གཅིག་ནས་གཞན་པ་ལ་ཁྱབ་འགྲོ་བཞིན་ཡོད་པ་རེད། དེ་འདྲའི་ཛ་དྲག་གི་ན་ཚ་དེ་ཀླད་པའི་ཟླུམ་ཕྱེད་གཅིག་ནས་གཞན་པ་དེར་རྒྱ་བསྐྱེད་ནས་འགྲོ་བ་འགོག་པའི་ཕྱིར་ལམ་ཁ་ལྟ་བུའི་སྲ་ཤུན་གཅོད་ཀྱི་ཡོད།
      སྨན་བཅོས་ཀྱི་དགོས་མཁོ་ལ་བརྟེན་ནས་དེ་ལྟར་ཀླད་པའི་ཟླུམ་ཕྱེད་གཉིས་ཡ་བྲལ་ཏུ་བཏང་བ་དེའི་ཤུགས་རྐྱེན་ལ་བརྟེན་ནས་མྱོང་བ་ཁྱད་མཚར་རེ་སྐྱེ་ཡོང་གི་ཡོད། མྱོང་བ་གཅིག་ནི་མི་གཞན་ཞིག་གི་ལག་པ་དེ་རང་ལ་སྦྱར་བསྡད་པ་ལྟ་བུའི་སྣང་བ་འཆར་བ་དེ་ཡིན། དེ་ནི་སྤྱིར་རང་གི་ལག་པ་ཡིན་ཡང་དེའི་འགུལ་སྐྱོད་རང་གིས་སྟངས་འཛིན་འོག་ལ་མེད་པར་མི་གཞན་ཞིག་གི་བསམ་པ་ལྟར་གཡོ་འགུལ་བྱེད་པ་དེ་ཡིན། དེ་ཡང་དཔེར་ན་ཤིང་ཏོག་ཅིག་ལེན་འདོད་ནས་ལག་པ་གཡས་པས་སྙོབ་པར་བརྩམ་པ་ན་ལག་པ་གཡས་པས་ལས་ཀ་མ་བྱས་པ་མ་ཟད་རང་དབང་མེད་པར་ལག་པ་གཡོན་པས་ཤིང་ཏོག་ལེན་པ་འགོག་པ་ལྟ་བུ། ཡང་མཚམས་རེར་ཀུན་སློང་མེད་བཞིན་ཏུ་ལག་པས་དངོས་པོ་ཞིག་ལ་སྙོབ་པ་ལྟ་བུ་ཡོང་གི་ཡོད།
      དེ་འདྲའི་གཤག་གཅོས་ཀྱི་གྲུབ་འབྲས་ལ་བརྟེན་ནས་མྱོང་བ་དེ་འདྲ་སྐྱེ་བ་ཡིན་ན། གཤག་བཅོས་དེ་ལ་བརྟེན་ནས་མི་དེར་རྣམ་ཤེས་གཉིས་གྲུབ་སོང་བ་མ་ཡིན་ནམ། ཞེས་པ་དང་། ཡང་ཟླུམ་ཕྱེད་གཉིས་པོ་རེ་རེ་ལ་བརྟེན་པའི་རྣམ་ཤེས་སམ་སེམས་མི་འདྲ་བ་རེ་རེ་ཡོད་པ་ཡིན་ནམ་ཞེས་པའི་དྲི་བ་ཡོང་གི་ཡོད། དེ་འདྲའི་དོགས་པའམ་དྲི་བ་ཤུགས་ཆེ་རུ་གཏོང་ཆེད་བརྟག་དཔྱད་བྱེད་དུས་ཀླད་པའི་ཟླུམ་ཕྱེད་སོ་སོ་ལ་དྲི་བ་མི་འདྲ་བ་སོ་སོར་བཀོད་དུས། ཀླད་པའི་ཟླུམ་ཕྱེད་གཡས་པ་ལ་བཀོད་པའི་དྲི་བ་དེར་གཡོན་པས་བསམ་བློ་མི་འཁོར་བ་སྟེ་ཡ་ལན་བྱེད་མི་ཐུབ་པ། ཡང་ན་གཡས་པ་ལ་དྲི་བ་གང་ཞིག་བཀོད་པ་གཡོན་པས་ཤེས་ཀྱི་མེད་པ་ལྟ་བུའི་གནས་ཚུལ་མཐོང་གི་ཡོད། དེ་ལ་བརྟེན་ནས་ཀླད་པའི་ཟླུམ་ཕྱེད་སོ་སོ་ལ་རྣམ་ཤེས་མི་འདྲ་བ་རེ་ཡོད་པ་ཡིན་ནམ་ཞེས་པའི་དྲི་བ་དེ་ཡོང་བ་རེད།
      ཀླད་པའི་ཟླུམ་ཕྱེད་སོ་སོར་དྲི་བ་མི་འདྲ་བ་སོ་སོ་ནས་འགོད་ཐུབ་པ་ཞིག་ཡིན་ཏེ། སྤྱིའི་ཆ་ནས་ཟླུམ་ཕྱེད་གཡོན་པས་ལུས་ཕྱེད་གཡས་པ་གོ་རྟོགས་བྱེད་པ་དང་། ཟླུམ་ཕྱེད་གཡས་པས་ལུས་ཕྱེད་གཡོན་པ་གོ་རྟོགས་བྱེད་པ་ཡིན་ལ། ཟླུམ་ཕྱེད་མི་འདྲ་བས་ལན་འདེབས་མི་འདྲ་བ་བྱེད་ཐུབ་ཀྱི་ཡོད། ཟླུམ་ཕྱེད་གཡས་པས་སྐད་ཆ་སྨྲ་བར་བྱེད་མ་ཐུབ་ན་ཡང་ཟླུམ་ཕྱེད་གཡོན་པས་སྐད་ཆ་བཤད་ནས་ཐད་ཀར་ལན་འདེབས་བྱེད་ས་ལ་འདི་ཡིན་དང་འདི་མིན་ལྟ་བུའི་དམིགས་བཙུགས་ཀྱི་ལན་འདེབས་བྱེད་ཐུབ་པ་ལྟ་བུ་ཡོང་གི་ཡོད།
      བརྟག་དཔྱད་མང་པོ་བྱས་པ་ན་མཚམས་རེར་དྲི་བ་གཅིག་ལ་ཀླད་པའི་ཟླུམ་ཕྱེད་སོ་སོས་ལེན་འདེབས་མི་འདྲ་བ་རེ་བྱེད་ཀྱི་ཡོད། དཔེར་ན་ཁྱེད་རང་ཟས་གང་ལ་འདོད་པ་ཡོད་ཅེས་པའམ། བྱེད་སྒོ་འདི་ལ་ཁྱེད་རང་གང་འདྲ་ཚོར་གྱི་འདུག་ཅེས་པའམ། ཁྱེད་རང་གིས་རང་གི་ཐོག་སེམས་ཁུར་ག་རེ་བྱེད་ཀྱི་ཡོད་ཅེས་པ་ལྟ་བུའི་དྲི་བ་བཏོན་པ་ན། ཀླད་པའི་ཟླུམ་ཕྱེད་གཉིས་ཀས་སྐབས་རེར་ལན་མི་འདྲ་བ་མ་ཟད་ལྡོག་ཕྱོགས་ཡིན་པ་ཡང་འདེབས་ཀྱི་ཡོད། དེས་ན་དྲི་བ་ཞིག་སླེབས་པ་ནི། མི་གཅིག་གི་ལུས་ལ་རྣམ་ཤེས་རྒྱུན་མི་འདྲ་མང་པོ་ཡོད་ཆོག་གི་རེད་དམ་ཞེས་པ་དེ་རེད།
      གོང་དུ་བཤད་པ་རྣམས་མདོར་བསྡུ་ན། དབང་རྩ་ཚན་རིག་པས་སེམས་སམ་རྣམ་ཤེས་ཁས་བླངས་པའི་ཐོག་ནས་དེར་བརྟག་དཔྱད་བྱེད་པའི་ཐབས་ལམ་མང་པོ་བསྟེན་གྱི་ཡོད། རྣམ་ཤེས་ཁས་ལེན་ཡང་ཁས་ལེན་སྟངས་ནང་པ་དང་མི་འདྲ་བ་ཚེ་སྲོག་ཁས་ལེན་བྱེད་སྟངས་བཞིན་ནོ།། རྣམ་ཤེས་ཡོད་པ་ནི་གཤིས་སྤྱོད་ཀྱི་འབྲས་རྟགས་ལས་བཤད་ཐུབ་ཀྱི་ཡོད། དབང་རྩ་ཚན་རིག་པ་རྣམས་ཀྱང་དངོས་གཙོ་སྨྲ་བའི་འདོད་པ་བཞིན་དངོས་པོ་ཀུན་གཟུགས་ཅན་གྱི་ཆོས་སུ་འདུ་འགྲོ་བར་འདོད་ཀྱང་རྣམ་ཤེས་ཀྱི་ངོ་བོ་ཇི་ལྟར་འཇོག་མིན་ཐུན་མོང་བའི་འདོད་ཚུལ་ཞིག་འཇོག་ཐུབ་མེད། རྣམ་ཤེས་ཀྱི་གནས་ཚུལ་མང་པོ་ཞིག་ད་དུང་གཞི་ནས་ཤེས་རྒྱུར་ལྷག་བསྡད་ཡོད་པས་རྣམ་ཤེས་དང་འབྲེལ་བའི་དྲི་བ་ཆེན་པོ་ཁག་ལ་ད་དུང་ལན་འདེབས་བྱེད་ཐུབ་ཀྱི་མེད། ད་ཡོད་རྣམ་ཤེས་ལ་བརྟག་ཐབས་རྣམས་ཀྱིས་གཟུགས་ཅན་གྱི་ཆོས་ཤིག་ལ་ལྟ་བ་ལས་དེས་རྣམ་ཤེས་རང་ལ་ཐད་ཀར་དངོས་སུ་རག་ཐུབ་ཀྱི་ཡོད་མེད་དོགས་པ་ཟ་བཞིན་ཡོད་དོ།།

   ཨ་རིའི་ཨེ་མོ་རི་མཐོ་སློབ་དང་བོད་ཀྱི་ཚན་རིག་ལས་རིམ་གྱིས་བསྒྲིགས་པའི་བརྙན་ཐུང་ཞིག་ལ་བལྟས་ཏེ་རྔ་བ་ཤེས་རབ་དང་མིང་གཞན་དཀར་པོ་ཆིག་ཐུབ་ཏུ་འབོད་པས་ཟིན་བྲིས་བཏབས་ནས་ཆོས་ཚན་བསྡུར་བའི་དཔྱོད་ལྡན་པ་དག་ལ་བསམ་གཞིགས་ཀྱི་ས་བོན་ཙམ་དུ་ཕྱི་ལོ་ ༢༠༡༤ ལོའི་ཟླ ༥ ཚེས་ ༢༡ ལ་བྲིས་པའོ།།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།