༄༅། །ཁ་པར་དང་བདེ་ཐང་།
རྩོམ་པ་པོ།  དབང་ཆེན་གྱིས་བསྡུས།    སྤེལ་དུས།  2015-01-30 20:23:07    རྡེབ་ཚད།     ཡོང་ཁུངས། གངས་ལྗོངས་ཉི་གཞོན།

     ཁྱེད་ལ་ཉིན་རེར་ཁ་པར་ག་ཚོད་འབྱོར་ངེས། ཁྱེད་ཀྱིས་ཉིན་རེར་དུས་ཚོད་ག་ཚོད་བེད་སྤྱོད་བྱས་ནས་ལག་ཁྱེར་ཁ་པར་ནས་སྐད་ཆ་བཤད་བཞིན་ཡོད། ལག་ཁྱེར་ཁ་པར་གྱིས་ང་ཚོའི་འཚོ་བ་སྟབས་བདེ་བསྐྲུན་ཡོད་པ་ནི་བཤད་མི་དགོས་པ་ཞིག་རེད་མོད། འོན་ཀྱང་དེ་ལ་ཞོར་སྐྱོན་ཡང་མི་དམན་པ་ཞིག་ཡོད་པ་ཁྱེད་ཀྱིས་ཤེས་སམ། ལག་ཁྱེར་ཁ་པར་དང་གློག་ཀླད། སྐུད་མེད་དྲ་བ་སོགས་འཕྲུལ་ཆས་རིགས་མང་ཆེ་བས་འགྱེད་འཕྲོ་ཞེས་པའི་ནུས་པ་ཞིག་དཀོལ་བཞིན་ཡོད། ནུས་པ་དེ་ནི་སྐབས་རེར་འོད་ཟེར་གྱི་ངོ་བོ་ཡོད་ལ། སྐབས་རེར་རླབས་དང་རྡུལ་གྱི་ངོ་བོ་ཡང་ཡོད། སྤྱིར་ན་འགྱེད་འཕྲོ་ནི་ཉི་མ་ལས་ཀྱང་འབྱུང་མོད། འོན་ཀྱང་ང་ཚོའི་རླུངས་ཁམས་ཀྱིས་དེ་ལ་ཚོད་འཛིན་བྱས་ཡོད་པས་ལུས་སྟེང་དུ་ཕོག་དུས་གནོན་པ་བྱེད་མི་ཐུབ།
           སྔོན་ཆད་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཀྱིས་དམག་ཤུགས་དང་གོ་མཚོན་རྒྱ་བསྐྱེད་བྱས་པའི་སྐབས་སུ་རྡུལ་མཚོན་མང་པོ་བཟོ་བསྐྲུན་བྱས་པ་དང་། དེ་ལ་བརྟེན་ནས་མི་མང་པོར་ནད་གཞི་སྣ་ཚོགས་པ་བྱུང་པ་རེད། དེ་ནི་རྡུལ་ཕྲན་མཚོན་ཆ་དེ་དག་ལས་བཟོ་བྱས་པའི་བརྒྱུད་རིམ་ཁྲོད་ནས་འགྱེད་འཕྲོ་ཕྱི་ལ་མངོན་པ་ལས་བྱུང་པ་རེད། འགྱེད་འཕྲོ་ཤུགས་ཆེར་ཕོག་པ་ལ་བརྟེན་ནས་མིའི་ལུས་ཀྱི་ཕྲ་ཕུང་གི་སྐྱེ་གནས་འགག་གསུམ་གྱི་བྱ་བར་ཤུགས་རྐྱེན་ཕོག་བཞིན་ཡོད། མིའི་ལུས་ཀྱི་ཕྲ་ཕུང་ཟེར་བ་ནི་མི་ཞིག་གི་གཞི་རྩའི་གྲུབ་ཆ་དེ་ཡིན་ལ། ཉིན་རེར་ས་ཡ་སྟོང་ཕྲག་མང་པོ་སྐྱེས་ཤིང་ས་ཡ་སྟོང་ཕྲག་མང་པོ་ཤི་བཞིན་ཡོད། ཕྲ་ཕུང་གི་སྐྱེ་འཇིག་དོ་སྙོམས་རྒྱུ་ནི་སྐྱེ་ལྡན་ཞིག་གི་གསོན་གནས་ཀྱི་ཆ་རྐྱེན་ཨང་དང་པོ་ཡིན།
           སྐྲན་ནད་(cancer)ནི་ཕྲ་ཕུང་སྐྱེ་འཇིག་དོ་མཉམ་པ་ལས་བྱུང་བ་སྟེ། དེར་ཕྲ་ཕུང་གི་གྱེས་འཕེལ་ཚད་བརྒལ་ལས་བྱུང་བ་ཞིག་རེད། གང་ལྟར། འགྱེད་འཕྲོའི་ཤུགས་རྐྱེན་ངན་པས་མི་ལ་གནོད་པ་རིགས་གཉིས་ཐེབས་བཞིན་ཡོད། གཅིག་ནི་ཕྲ་ཕུང་ལ་གནོད་སྐྱོན་བྱུང་ནས། མིའི་པགས་པ་དང་། འཇུ་བྱེད་མ་ལག དབང་པོ་གཞན་བཅས་ལ་སྐྲན་ནད་བསྐྲུན་པ་དང་། གཉིས་ནི།མིའི་ལུས་ཀྱི་རིགས་རྫས་ཀྱི་རྣམ་པར་གནོད་པ་ཐེབས་ནས་དེས་མི་རབས་རྗེས་མའི་རྣམ་པ་དང་། དབང་པོའི་བྱེད་ལས་སོགས་ལ་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་དང་གནས་སྟངས་བསྐྲུན་པ་རེད།
          ལག་ཁྱེར་ཁ་པར་རྣ་བ་གཡས་ཕྱོགས་སུ་གཏད་ནས་ཉན་པ་ན། དེས་བསྐྱེད་པའི་འགྱེད་འཕྲོ་ཐད་ཀར་མིའི་ཀླད་པར་ཕོག་བཞིན་ཡོད། དེ་བས། བྱིས་པ་དང་ལོ་ལོན་ཚོས་ལག་ཁྱེར་ཁ་པར་བཀོལ་ན་བདེ་འཇགས་མིན་པ་མ་ཟད། དར་མ་ཚོས་ཀྱང་གང་ཉུང་ཉུང་བེད་སྤྱོད་བྱས་ན་ལེགས། ལག་ཁྱེར་ཁ་པར་དག་གི་འགྱེད་འཕྲོ་འཕོ་གཏོང་བྱེད་ཚད་གཅིག་མཚུངས་མིན། ཨ་རིའི་རྒྱལ་ཁབ་ཏུ་ལག་ཁྱེར་ཁ་པར་ཞིག་གི་འགྱེད་འཕྲོ་གཏོང་ཚད་16.W/kgཙམ་ཡིན་ན་ཚོང་འགྲེམས་བྱེད་ཆོག་པ་ལས། དེ་ལས་བརྒལ་ན་ཚོང་རྭར་འགྲེམས་ཚོང་བྱེད་མི་ཆོག ཚད་གཞི་དེ་ནི་འགྱེད་འཕྲོ་གཏོང་པའི་ཚད་གཞི་མཐོ་ཤོས་དེ་རེད། འོན་ཀྱང་། རྒྱལ་ཁབ་གཞན་དག་ཏུ་འདིའི་རིགས་ལ་གཏན་འབེབ་ཀྱི་སྒྲིག་གཞི་གང་ཡང་མེད་པར་མ་ཟད། ལག་ཁྱེར་ཁ་པར་རྫུན་མ་དང་གོང་ཆུང་རིགས་ཀྱི་འགྱེད་འཕྲོ་འཕོ་གཏོང་གི་ཚད་གཞི་གཏན་འབེབ་ཀྱི་སྒྲིག་གཞི་ཁྱོན་ཡོངས་ནས་ཚོད་འཛིན་བྱེད་བཞིན་མེད་པས།འགྱེད་འཕྲོ་འཕོ་གཏོང་གི་ཚད་གཞི་ཤིན་ཏུ་མཐོ། དེ་བས་ལག་ཁྱེར་ཁ་པར་ཉུང་ཙམ་བཀོལ་རྒྱུ་དང་། དེ་མིན་སྐུད་ཡོད་ཉན་ཆས་བརྒྱུད་ནས་ཉན་ན་ལེགས་པར་སྙམ།ཉན་ཆས་བཀོལ་དུས་ངེས་དགོས་པའི་ཤེས་བྱ། ད་ལྟའི་ཉན་ཆས་མང་ཆེ་བ་ཐད་ཀར་རྣ་བའི་བུ་གར་འཇུག་ཆོག་པའི་སྟབས་བདེ་ཆུང་ཆུང་ཤ་སྟག་ཡིན་པས། ཡུན་རིང་ཉན་ཆས་བཀོལ་ནས་གཞས་ཉན་མཁན་ཚོར་རྣ་བ་འོན་པའི་གནས་ཚུལ་མང་དུ་མངོན་བཞིན་ཡོད། ཉིན་རེར་དུས་ཡུན་ཆུ་ཚོད་གཅིག་ལས་མང་བར་ཉན་ཆས་རྣ་བར་འཇུག་ནས་སྡོད་མཁན་ཚོས་ངེས་པར་ཏུ་མཉམ་འཇོག་བྱ་དགོས། མི་གཞན་གྱི་ཉན་ཆས་བཀོལ་མི་རུང་། མིའི་རྣ་བའི་བུ་ག་ནི་ཡུན་རིང་གཙང་སྦྲ་མ་བྱས་པའི་ཁང་རྙིང་ལྟ་བུ་ཞིག་ཡིན་ལ་ད་དུང་མི་ཁ་ཤས་ཀྱིས་རྣ་བ་གཙང་མ་གཏན་ནས་མི་བཟོ་པས། དེ་ལྟ་བུའི་རྣ་བར་བཅུག་པའི་ཉན་ཆས་རང་གི་རྣ་བར་འཇུག་ན་དེ་ལས་ན་ཚ་འགོ་སྲིད་པ་ཡིན། ཉན་ཆས་བཀོལ་སྐབས་ཉན་ཆས་གཙང་མར་ཉར་དགོས། ནད་འབུ་མང་པོ་ཞིག་དྲོད་ཚད་རན་པའི་དངོས་པོར་འབྱར་ནས་སྡོད་པ་ཡིན་ལ།ཉན་ཆས་དེ་བཞིན་རྣ་བའི་བུ་གར་མ་བཅུག་པའི་སྔོན་ལ་ངེས་པར་ཏུ་གཙང་མ་བཟོ་བགོས། རྣ་གཙང་མ་བཟོ་དུས།རྣ་བའི་བུ་གར་ཡོད་པའི་བ་སྤུ་རྣམས་ཀྱིས་ཕྱི་རོལ་ནས་འོང་བའི་རྡུལ་དང་། ནད་འབུ་སོགས་བཀག་འགོག་བྱེད་བཞིན་ཡོད་པས། རྣ་བ་གཙང་མ་བཟོ་དུས་བ་སྤུ་རྣམས་མེད་པར་གཏོང་མི་རུང་། །

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།