དེང་དུས་བོད་ཀྱི་གསོ་རིག་གི་རྒྱལ་སྤྱིའི་གནས་སྟངས།
རྩོམ་པ་པོ།  མི་གསལ།    སྤེལ་དུས།  2014-07-19 19:48:31    རྡེབ་ཚད།     ཡོང་ཁུངས། བོད་ཀྱི་གསོ་རིག

       སྤྱི་ལོ་སྔོན་གྱི་དུས་རབས་བརྒྱད་པ་ནས་བཟུང་རྩ་བའི་རྨང་གཞི་ཤིན་ཏུ་བརྟན་པར་ཆགས་པའི་བོད་ཀྱི་གསོ་རིག་ནི་མི་ལོ་ཆིག་སྟོང་ཉིས་བརྒྱའི་རིང་ལ་དབྱར་གྱི་ཆུ་བོ་བཞིན་དུ་མི་རབས་ནས་མི་རབས་བར་དུ་རྒྱས་ཤིང་།དེང་དུས་དུས་རབས་༢༡པ་ལ་ཡང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད།དེ་ལ་འདིར་ལེགས་ཉེས་དང་བཟང་ངན་གྱི་རྩོད་གཏམ་མེད་པར་གནས་ཚུལ་རགས་ཙམ་སྐྱ་ཐིག་བཞིན་དུ་ངོ་སྤྲོད་བྱས་ན།
ནང་རྒྱལ་དུ།
སྨན་ཁང་གི་སྐོར་ལ།
      དུས་རབས་ཉི་ཤུ་པའི་ནང་བོད་ལྗོངས་ཀྱི་ལྕགས་པོ་རིའི་ཉི་ཟེར་ནུབ་རྗེས་སུ་ལྷ་ས་སྨན་རྩིས་ཁང་ནི་བོད་གསོ་རིག་གི་ལྟེ་གནས་གཙོ་བོ་ཞིག་ཏུ་གྱུར་ ལ།དེ་རྗེས་རིམ་གྱིས་ལྷོ་ཁ་སྨན་རྩིས་ཁང་།གཞིས་རྩེ་སྨན་རྩིས་ཁང་།ནགས་ཆུ་སྨན་རྩིས་ཁང་།ཆབ་མདོ་སྨན་རྩིས་ཁང་དང་མངའ་རིས་སྨན་རྩིས་ཁང་སོགས་ས་ཁུལ་སྨན་རྩིས་ཁང་གིས་གཙོ་བྱས་རྫོང་ཕལ་ཆེ་བ་ལ་ཡང་བོད་སྨན་ཁང་གིས་ཁྱབ་པ་དང་།ཨ་མདོ་ཡུལ་དུ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།དེ་ནས་ས་མཚོ་ལྷོ་བོད་སྨན་ཁང་དང་།རེབ་ཀོང་བོད་སྨན་ཁང་།མགོ་ལོག་བོད་སྨན་ཁང་དང་ཡུལ་ཤུལ་བོད་སྨན་ཁང་སོགས་ཀྱིས་གཙོ་བྱས།རྫོང་དང་།ཤང་དང་།དགོན་པ་དང་སྒེར་གཉེར་སྨན་ཁང་དང་སྒོ་བསྟེན་སྨན་ཁང་སོགས་མང་དུ་ཡོད་ལ།དེ་བཞིན་ཀན་སུའུ་ཞིང་ཆེན་དང་ཡུན་ནན་དང་སི་ཁྲོན་སོགས་སུ་གཞུང་དང་སྒེར་གྱི་སྨན་ཁང་གྲངས་མང་ཙམ་དང་ཕལ་ཆེ་བ་ནི་ནད་པར་ཞབས་ཞུ་ཚད་ལྡན་གྱིས་རང་སྐྱོང་དཔལ་འབྱོར་ཆགས་ཡོད་པས་བོད་གསོ་རིག་གི་གནས་སྟངས་ནི་ཧ་ཅང་ལེགས་ཟེར་ཆོག
སློབ་གསོའི་སྐོར་ལ།
      བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་གྱི་བོད་ཀྱི་གསོ་རིག་སློབ་གྲྭ་གླིང་གཉིས་གཙོ་བྱས་རྒྱལ་ཁབ་རང་བཞིན་གྱི་སློབ་གསོའི་སློབ་གྲྭ་གཙོ་བོ་གཉིས་དང་།གཞན་ཡང་ཆེད་ལས་དང་ཚད་ལྡན་གྱི་གསོ་རིག་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གཞུང་གཉེར་དང་སྒེར་གཉེར་གཉིས་ཀ་མང་ཙམ་ཡོད་པ་ལས་བོད་ཀྱི་གསོ་རིག་ནི་རང་རྐང་ཚུགས་པའི་སྒོ་ནས་དར་རྒྱས་ཤིན་ཏུ་ཆེར་བར་མངོན་ལ།སློབ་གསོ་ནི་རིག་གནས་འཕེལ་རྒྱས་ལ་མེད་དུ་མི་རུང་བའི་ལག་ཆ་ཐོག་མ་ཡིན་ནོ།།
ཚོང་ལས་སྐོར་ལ།
      ཨ་རུ་ར་བོད་སྨན་ཚོགས་པ་དང་།ཆེས་བྲིན་བོད་སྨན་ཚོང་གཉེར།འཇིགས་མེད་བོད་སྨན་དང་།གཞུང་པ་ལྷ་ཆུ་དང་བོད་ལྗོངས་སྨན་རྩིས་ཁང་གི་བོད་སྨན་བཟོ་གྲྭའི་ཚོང་ལས་སོགས་ཀྱིས་བོད་སྨན་གྱི་ཚོང་ལས་གདུལ་བྱའང་རྒྱས་བཞིན་ལ།སྔོན་དུས་བོད་སྨན་ནི་བོད་སོག་མི་རིགས་ས་ཡ་བཅུ་ཙམ་གྱི་སྨན་ཡིན་ཡང་དེང་སྐབས་དུང་ཕྱུར་ལས་ལྷག་པའི་རྒྱ་རིགས་རྣམས་ཀྱི་ཚོང་རར་སོང་ཡོད་པས་གཡུ་ཐོག་ཆེན་པོས་སྨོན་ལམ་བཞིན་ནམ་མཁའ་དང་མཉམ་པའི་སེམས་ཅན་ལ་ཕན་ཐོགས་པར་ཤོག་ཟེར་བ་མངོན་སུམ་དུ་འགྱུར་བཞིན་འདུག་སྙམ།
ཕྱི་རྒྱལ་དུ།
      རྒྱལ་སྤྱིའི་སྟེང་དུ་བོད་གསོ་རིག་དར་ཚུལ་ནི་ཤར་ནུབ་དབྱེ་ནས་བཤད་ན།ཤར་ཕྱོགས་རྒྱལ་ཁབ་གྱི་རྒྱ་གར་དུ་མི་ལོ༦༠ལྷག་ཙམ་སྔོན་ནས་རྡ་ས་སྨན་རྩིས་ཁང་གིས་སྨན་པའི་མི་སྣ་གསོ་སྐྱོང་དང་།སྨན་སྦྱོར་ཁང་།སྨན་ཁང་ཡན་ལག་དྲུག་ཅུ་ལྷག་རྒྱ་གར་དང་བལ་ཡུལ་གྱི་གྲོང་ཁྱེར་མང་པོར་བཙུགས་ཡོད་པ་དང་།གཞན་ཡང་ལ་དྭགས་སྨན་ཚོགས་དང་དགོན་སྡེ་ཁག་གི་སྨན་ཁང་དང་།སྒེར་གཉེར་སྨན་ཁང་དང་སྨན་སྦྱོར་ཁང་ཡང་རབ་དང་རིམ་པ་ཡོད་ལ།རྡ་སའི་གསོ་རིག་སློབ་གྲྭ་དང་ལྕགས་པོ་རིའི་དྲན་རྟེན་སློབ་གཉེར་ཁང་སོགས་བོད་སྨན་སློབ་གྲྭ་ཡང་མི་ཉུང་བ་ཞིག་དང་།ཉེ་ཆར་རྒྱ་གར་གཞུང་གིས་བོད་ཀྱི་གསོ་རིག་ལ་དམིགས་བསལ་གྱི་མཆོག་མཆན་ཡང་ཐོབ་ཡོད་པས།བོད་སྨན་གྱིས་རྒྱ་གར་དང་བལ་ཡུལ་གྱི་འགྲོ་བ་ནད་པ་མང་པོར་ཞབས་སུ་ལེགས་པར་སྒྲུབ་བཞིན་པ་དང་།རྒྱ་གར་ནག་གཉིས་ཀྱི་མི་གྲངས་ཀྱིས་འཛམ་གླིང་མི་གྲངས་ཀྱི་སུམ་ཆ་གཅིག་ལྷག་ཙམ་ཟིན་པས་དེ་གཉིས་ལ་བོད་སྨན་དར་ཐུབ་པ་ནི་བོད་སྨན་གྱི་རླབས་ཆེན་བྱ་བཞག་ཡིན་པ་ཤེས་སོ།། སོག་པོ་དང་འབྲུག་རྒྱལ་ཁབ་རྣམས་སུ་བོད་གསོ་རིག་གི་སྨན་ཁང་དང་སློབ་གྲྭ་སོགས་ཀྱང་གཉེར་བཞིན་ལ་རྒྱལ་ཁབ་དེ་གཉིས་ཀྱི་ཁྲིམས་མཐུན་གྱི་འཕྲོད་བསྟེན་སྨན་རིགས་ཀྱང་ཡིན་ནོ།།
ནུབ་ཕྱོགས་རྒྱལ་ཁབ་ཁག་སྟེ་བྱང་ཨ་རི་དང་ཡོ་རོབ་མཉམ་འབྲེལ་རྒྱལ་ཚོགས་སུ་བོད་གསོ་རིག་ལ་དམིགས་བསལ་ཁྲིམས་མཐུན་གྱི་ཆོག་མཆན་ཅི་ཡང་སྤྲད་མེད་ལ།དེ་ནི་རྒྱ་ནག་དང་རྒྱ་གར་སྲོལ་རྒྱུན་སྨན་གྱི་གནས་སྟངས་ཀྱང་གཅིག་པ་ཡིན།འོན་ཀྱང་།སྲོལ་རྒྱུན་གྱི་སྨན་ལུགས་ཚང་མས་ཁྲིམས་ལ་ངོས་ལེན་བྱ་རྒྱུར་རེ་འབོད་བྱ་བཞིན་ཡོད་ལ།འཇར་མན་གྱི་རང་བྱུང་སྨན་པ་དང་རྒྱལ་ཁབ་གཞན་གྱི་སྨན་པ་ཚད་ལྡན་ཚོས་སྲོལ་རྒྱུན་ལག་ལེན་གྱི་དཔྱད་བཅོས་མང་རབ་ཅིག་ལག་ལེག་བྱ་ཆོག་པ་ཡིན།།
ཡོ་རོབ་ཀྱི་སུད་སི་རྒྱལ་ཁབ་ན་ཡོད་པའི་པདྨ་བོད་སྨན་བཟོ་གྲྭ་ནི་ཚད་ལྡན་དང་ཁྲིམས་ལྡན་གྱི་བོད་སྨན་བཟོ་གྲྭ་ཞིག་དང་།ཁོང་ཚོས་ཚན་རིག་ཞིབ་འཇུག་སྒོས་བོད་སྨན་གྱི་ཐུན་མིན་ཁྱད་ཆོས་ཕྱི་གླིང་སྨན་པ་ཚོར་ངོ་སྤྲོད་བྱ་བཞིན་ལ།སེ་འབྲུ་ལྔ་བ་དང་ག་བུར་ཉེར་ལྔ་ལྟ་བུ་སྨན་སྦྱོར་ཁ་ཤས་སུད་སི་གཞུང་གིས་ཁྲིམས་སུ་ཁས་ལེན་བྱས་ཡོད་ལ།ཞི་དྲུགཅོང་ཞི་དྲུག་པ།ཁྱུང་ལྔ་།སེ་འབྲུ་ཀུན་བདེ།སྲོག་འཛིན༡༠།འབྲས་བུ་སུམ་སྦྱོར་སོགས་ཟས་སྨན་གྱི་ཁོངས་སུ་བཟོ་སྦྱོར་བྱ་བཞིན་པས་ནུབ་ཡུལ་མང་པོ་ཞིག་ཏུ་སྨན་སྣ་ཁ་ཤས་རེ་རེག་ཐུབ་པ་ནི་མ་འོང་བོད་གསོ་རིག་གི་སྨན་སྦྱོར་ཆེས་ཆེར་འཕེལ་ཐུབ་པའི་ལྟས་བཟང་ཞིག་ཏུ་མཐོང་ངོ་།།
བོད་སྨན་པ་དང་ཆོས་ཚོགས་དང་སྨན་ཁང་གཞན་སོགས་ལ་འབྲེལ་མཐུན་གྱི་སྒོ་བསྟེན་སྨན་ཁང་ནི་ཁ་ཤས་མཐོང་རྒྱུ་འདུག་ལ།དེ་ཚོས་ཀྱང་བོད་སྨན་ཁྱབ་སྒྲོག་དང་དར་སྤེལ་ལ་ཕན་ཐོགས་ངེས་ཅན་ཡོད་སྙམ།།
      སློབ་གསོའོ་སྐོར་ལ།བོད་གསོ་རིག་གི་ཚོགས་པ་ཁ་ཤས་ཡོད་དེ།ཨི་ཊ་ལིའི་གཡུ་ཐོག་གསར་མའི་བོད་སྨན་སློབ་གྲྭ་དང་།འཇར་མན་གྱི་གངས་ཏེ་སི་བོད་སྨན་ཁང་།སུད་སེའི་བོད་སྨན་དགའ་ཚོགས།ཞང་ཞུང་སློབ་གཉེར་ཁང་སོགས་དང་།ཁྱད་པར་རྒྱལ་སྤྱིའི་གསོ་རིག་གླིང་ཞེས་པར་བོད་ཀྱི་གསོ་རིག་ཁང་ཞེས་ཡན་ལག་འདྲ་མིན་རྒྱལ་ཁབ་ཉི་ཤུ་ལྷག་ཏུ་ཡོད་པ་ནི་སློབ་གསོ་ཁྱབ་སྒྲོག་ལ་གདུལ་བྱ་ཆེ་ཙམ་དང་།དངོས་གཞི་སློབ་ཁྲིད་དང་དྲ་ཐོག་སློབ་ཁྲིད་སོགས་དེང་རབས་ཀྱི་དུས་མཐུན་གྱི་སློབ་གསོ་རིམ་གྱིས་འཕེལ་ཞིང་རྒྱས་བཞིན་པའོ།།
      ཨུ་རུ་སུའི་ཡུལ་གྱི་སོག་ཡུལ་དུ་བོད་སྨན་དར་དང་དར་བཞིན་ལ།ཨུ་རུ་སུ་རང་ལ་ཡང་ཁྲིམས་སུ་ངོས་ལེན་མེད་ཀྱང་བོད་སྨན་གྱི་སྒོ་བསྟེན་སྨན་ཁང་དང་བདེ་ཐང་ཁང་སོགས་མི་ཉུང་བ་ཞིག་དང་།ཡོ་རོབ་ཤར་ཕྱོགས་རྒྱལ་ཁབ་ཁག་ལ་ཡང་རིམ་གྱིས་མཆེད་བཞིན་པ་ཡིན།ཁ་ཆེའི་རྒྱལ་ཁབ་ཁག་དང་ཨ་ཧྥེ་རི་ཀ་སོགས་སུ་ད་སྔ་དམིགས་བསལ་གྱི་བོད་སྨན་གྱི་རྩ་བ་ཚུགས་མེད་ཀྱང་བོད་སྨན་པ་ཁ་ཤས་སྨན་བཅོས་བྱ་བར་སྐབས་སྐབས་སུ་ཕེབས་བཞིན་པ་དང་།ལྷོ་ཨ་རི་དང་ཨོ་སུ་ཁྲུ་ལི་ཡ་སོགས་སུ་གསོ་རིག་ཁང་གི་ཡན་ལག་རིམ་གྱིས་འཕེལ་བཞིན་པ་དང་སྒོ་བསྟེན་ཁང་དང་འབྲོག་ཚུལ་གྱི་སྨན་པ་ཁ་ཤས་ཀྱང་ཡོད་པར་ཐོས་སོ།།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།