མི་དང་རང་བྱུང་། ༣
རྩོམ་པ་པོ།  ལོ་མས་བདམས་ཏེ་བསྒྱུར།    སྤེལ་དུས།  2012-10-13 10:38:56    རྡེབ་ཚད།     ཡོང་ཁུངས། ངེད་དྲ་བ།

མི་དང་རང་བྱུང་། ༣

རང་བྱུང་ཁམས་ཀྱི་མདུན་དུ། མེས་པོ་དག་གིས་རང་ཉིད་ནུས་མེད་ཡིན་པ་རྟོགས་ཀྱང་ལྟོ་གོས་ཀྱི་གནད་དོན་སྔར་བཞིན་ཐག་གིས་གཅོད་དགོས་པས། དེ་བསྟུན་གྱིས་གདོད་མའི་ཆོས་ལུགས་ཀྱི་རྣམ་པ་བྱུང་བ་རེད། མེས་པོ་དག་གིས་གདོད་མའི་ཆོ་གའི་བྱ་འགུལ་སྣ་ཚོགས་ཀྱིས་རང་བྱུང་ཁམས་སམ་ཡང་ན་མི་གཞན་དག་རང་ཉིད་ཀྱི་བསམ་བློར་བསྟུན་ཏེ་འགྱུར་བ་བྱུང་བར་ཡིད་རྟོན་བྱེད་ཅིང་། གདོད་མའི་ཆོ་གའི་རིགས་དེ་དག་ནི་རང་བྱུང་སྒྱུར་བཀོད་བྱེད་པའི་ལག་ལེན་དངོས་མ་ཡིན་པར། མེས་པོ་དག་གིས་རང་བྱུང་ལས་འདས་པའི་ནུས་ཤུགས་གང་རུང་ཞིག་ལ་བསྟུན་ཏེ་རང་བྱུང་དབང་དུ་བསྡུ་ཞིང་རང་བྱུང་གིས་རང་ཉིད་ཀྱི་འཚོ་བའི་མཁོ་དགོས་སྐོང་ཆེད་ཡིན། གདོད་མའི་ཆོ་གའི་རིགས་བྱུང་བ་ཡིས་གདོད་མའི་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གདོང་གཏོད་ཀྱི་འགལ་འདུའི་སེམས་ཁམས་མཚོན་ཡོད་དེ། ཁོ་ཅག་གིས་ཕྱོགས་གཅིག་ནས་རང་བྱུང་ལ་དད་པ་བྱེད་ཅིང་། ཕྱོགས་གཞན་ཞིག་ནས་རང་བྱུང་དེ་ཡང་རང་གི་དགོས་མཁོ་ལྟར་བསྒྱུར་འདོད་ལ། ཕྱོགས་གཅིག་ནས་རང་བྱུང་ཁམས་ལ་ལོངས་སྤྱོད་བྱེད་འདོད་ཅིང་། ཕྱོགས་གཞན་ཞིག་ནས་རང་བྱུང་ཁམས་ལ་ཚོད་འཛིན་བྱེད་མི་ནུས་པས། རེ་སྙེག་གིས་ཁེངས་ཡོད་པ་མ་ཟད། རེ་བ་སྟོང་ཟད་དུ་འགྲོ་བའི་སེམས་ཁམས་ཀྱང་འདུག མཱ་ལིན་ནོ་ཧྥུ་སི་ཅི(马林诺夫斯基)ཡིས། སྟེས་དབང་གི་རང་བཞིན་ཡོད་པའི་ས་གནས་གང་དང་། རེ་སྙེག་དང་སྐྲག་སྣང་བར་གྱི་བརྩེ་བའི་ནུས་པ་ཆེར་ལྡན་པའི་ས་གནས་གང་དེར་ང་ཚོས་གདོད་མའི་ཆོ་ག་མཐོང་ནུས་ལ། ལས་དོན་གཏན་ཁེལ་བྱས་ཡོད་ཅིང་དཔྱོད་ཤེས་ཀྱི་ཐབས་དང་ལག་རྩལ་ལྡན་པ་དག་གིས་ཐག་གཅོད་བྱེད་པའི་ས་གནས་དག་ནས་གདོད་མའི་ཆོ་གའི་རིགས་མཐོང་མི་ཐུབ། ཡང་ཉེན་ཁའི་རང་བཞིན་ཆེ་བའི་ས་གནས་དག་ཏུ་ཆོ་ག་དེའི་རིགས་ཡོད་ལ། བདེ་བར་འཇགས་ཤིང་སྔོན་ལྟས་མེད་པའི་གནས་དག་ཏུ་ཆོ་ག་དེ་རིགས་མེད་ཟེར། གདོད་མའི་མི་དག་གིས་རང་བྱུང་ཁམས་འདུལ་མ་ནུས་པ་དང་བསྟུན་ནས་ཆོ་གའི་རིགས་མཁོ་བ་ཡིན།
གདོད་མའི་མིའི་རིགས་ཀྱིས་ཆོ་ག་དེ་གའི་རིགས་ལ་དེ་འདྲའི་དང་དོད་བྱེད་དོན་ནི། ཁོ་ཚོའི་བསམ་བློའི་གཏིང་རིམ་དུ་རང་བྱུང་ལས་འདས་པའི་ནུས་པ་ཞིག་ལ་དད་པ་བྱེད་པས་ཡིན་ཏེ། དངོས་པོ་ཡོད་དོ་ཅོག་ལ་རྣམ་ཤེས་ལྡན་ཞིང་། དངོས་པོ་ཡོད་དོ་ཅོག་གི་ཁྱད་གཤིས་དང་གྲུབ་ཚུལ་ཡོད་ཚད་ནི་དེ་དག་གི་རྣམ་ཤེས་ཀྱིས་ཐག་གཅད་པར་འདོད་པ་ཡིན་ལ། རྣམ་ཤེས་དག་གི་བར་དུ་ཕན་ཚུན་འབྲེལ་བ་ཞིག་ཆགས་ཐུབ་པར་རློམ། མི་རྣམས་ཀྱིས་རང་ཉིད་དང་རང་བྱུང་དངོས་པོ་དག་གི་རྣམ་ཤེས་བར་གྱི་ཕན་ཚུན་གྱི་འབྲེལ་བར་གཞིགས་ཏེ་རང་ཉིད་ཀྱི་དམིགས་ཡུལ་འགྲུབ་ཐུབ་པར་ཡིད་ཆེས། དབྱིན་ཇིའི་མིའི་རིགས་རིག་པ་བ་ཐེ་ལི(泰勒)ལགས་ཀྱིས་གདོད་མའི་མིའི་རིགས་ཀྱི་དད་པར་བྱེད་པའི་མི་ཡི་རྣམ་ཤེས་ལ་འདི་ལྟར་ཞིབ་འབྲི་བྱས་ཡོད་དེ། རྣམ་ཤེས་འདི་ལྟ་བུ་ནི་ཕུང་པོ་ལས་ལོགས་སུ་སྐྱོད་ཐུབ་པ་ཞིག་དང་ཡང་ཆེས་ཉེ་བར་གནས་པ་ཞིག་ཡིན་པ་དང་། གནས་གཅིག་གནས་གནས་གཞན་ཞིག་ཏུ་ཆེས་མགྱོགས་མྱུར་ངང་གནས་སྤོར་བྱེད་ཐུབ་པ་ཞིག་ཡིན། དེ་ནི་མཐོང་རེག་གི་གནས་སུ་མི་འགྱུར་བ་ཡིན་མོད། འོན་ཀྱང་དེ་ལ་དངོས་སྟོབས་ཀྱི་མཐུ་ནུས་ཆེན་པོ་ཞིག་ལྡན་ལ། ལྷག་པར་དུ་དེ་ནི་ཕུང་པོ་དང་འབྲེལ་བ་དང་བྲལ་པ་གང་ཡིན་བྱེད་ཐུབ་པའི་གྲིབ་མ་ཞིག་གི་ངོས་ནས་སད་དུས་དང་རྨི་ལམ་གྱི་ནང་ནས་མངོན་པ་དང་། དེ་ནི་ཕུང་པོ་ཤི་རྗེས་ད་དུང་སྔར་བཞིན་གནས་བསྡད་ཡོད་པ་ཞིག་ཡིན་ལ། མི་གཞན་ནམ་སྲོག་ཆགས་སོགས་དངོས་པོ་གཞན་དག་གི་ནང་དུ་ཞུགས་ནས་དེ་དག་ལ་ཚོད་འཛིན་བྱེད་ཅིང་དེ་དག་གི་ནང་དུ་སྔར་བཞིན་འགུལ་སྐྱོད་བྱེད་ཟེར། འཇར་མན་གྱི་ལི་ཕུ་སི(利普斯)ལགས་ཀྱིས། གདོད་མའི་མི་ཡི་འཇིག་རྟེན་ནི་གདོད་མའི་ཆོ་གའི་འཇིག་རྟེན་ཞིག་ཡིན། ཐོག་མར། གདོད་མའི་མི་དག་གིས་ནུས་ཤུགས་ཤིག་ཡོད་པར་འདོད་ཅིང་། ཁྱད་མཚར་བའི་ནུས་ཤུགས་འདི་ནི་ག་ས་གང་དུ་གནས་པར་འདོད་དེ། རྡོ་བའི་མཁྲེགས་པོ་དང་། ཆུ་ཡི་བརླན་གཤེར་བཞིན་གཏན་ཁེལ་བྱེད་མི་ཐུབ་པར་འདོད་པ་དང་། དེ་ནི་དེང་རབས་དངོས་ལུགས་རིག་པའི་སྟེང་གི་དབྱི་ཐའེ(以太)དང་འདྲ་བར་ཡོངས་ཁྱབ་ཅིག་ཡིན། ནུས་ཤུགས་འདི་ལྟ་བུ་ནི་དེང་རབས་ཀྱི་མི་རྣམས་ལ་མཚོན་ན་རང་བྱུང་ལས་འདས་པ་ཞིག་ཡིན་ཀྱང་། གདོད་མའི་མི་ལ་མཚོན་ན་དེ་ནི་དངོས་ཡོད་ཅིག་དང་རང་བྱུང་ཞིག་ཡིན། གདོད་མའི་མི་ཡི་དམིགས་ཡུལ་ནི་ནུས་ཤུགས་འདི་ལྟ་བུ་ཁས་བླངས་རྗེས་ལས་ཀར་ཞུགས་ཤིང་དེ་འདུལ་སྦྱོང་བྱེད་པ་ཞིག་ཡིན་ཞེས་བཤད་འདུག་སྟེ། ལི་ཕུ་སི་ལགས་ཀྱིས་བཤད་པའི་ནུས་ཤུགས་དེ་ནི་རྣམ་ཤེས་ཡིན་ནོ། །
支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།