མི་དང་རང་བྱུང་། ༡
རྩོམ་པ་པོ།  ལོ་མས་བདམས་ཏེ་བསྒྱུར།    སྤེལ་དུས།  2012-09-30 14:10:14    རྡེབ་ཚད།     ཡོང་ཁུངས། ངེད་དྲ་བ།
 
མི་དང་རང་བྱུང་།
 
མིའི་རིགས་ཡོད་པ་ནས་བཟུང་མི་དང་རང་བྱུང་བར་ལ་འབྲེལ་བ་བྱུང་བར་གྱུར་ཅིང་། རང་བྱུང་ནི་མིའི་རིགས་ཀྱིས་བཀོལ་སྤྱོད་དང་ཤེས་རྟོགས། སྒྱུར་བཀོད་དང་སྲུང་སྐྱོབ་བྱེད་སར་གྱུར། མིའི་རིགས་ནི་རང་བྱུང་ཁམས་ནས་ཐོན་པ་ཡིན་ཞིང་དེ་ལ་རང་བྱུང་གི་ཚེ་སྲོག་ལྡན་པས། རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ཡིན་ཏེ། མིའི་རིགས་ཀྱིས་ངེས་པར་དུ་རང་བྱུང་ལ་བསྟེན་ནས་འཚོ་ཞིང་རྒྱས་དགོས་པས། མིའི་རིགས་ཀྱི་བྱ་འགུལ་ཡོད་ཚད་རང་བྱུང་གི་ཆོས་ཉིད་དང་འགལ་མི་རིགས། ཡིན་ཡང་། མི་ནི་སྤྱིར་བཏང་གི་རང་བྱུང་དངོས་པོ་ཞིག་མ་ཡིན་ཏེ། དེ་ལ་བསམ་བློ་ལྡན། མིའི་རིགས་ཀྱིས་རང་བྱུང་ལ་བསྟུན་ཅིང་བསྟེན་དགོས་པ་དང་། བསྒྱུར་ཅིང་བརྒལ་ཡང་དགོས་པ་ཡིན། རང་བྱུང་ཁམས་ཀྱི་ངོས་ཐད་ནས། མི་ལ་ཚོད་འཛིན་གྱི་རང་བཞིན་མཆིས་ལ། འགུལ་སྐྱོད་ཀྱི་རང་བཞིན་ཡང་ཡོད། དེར་བརྟེན། མི་དང་རང་བྱུང་གཉིས་བར་གྱི་འབྲེལ་བ་ནི་ཤིན་ཏུ་རྙོག་འཛིང་ཅན་ཞིག་ཡིན།
མི་དང་རང་བྱུང་བར་གྱི་འབྲེལ་བ་ནི་འགྱུར་བཞིན་པའི་ལོ་རྒྱུས་ཀྱི་མཚན་ཉིད་ཅིག་ཡིན་ཏེ། མིའི་རིགས་ཀྱིས་རང་བྱུང་ལ་བགྱིས་པའི་བཀོད་པ་མི་འདྲ་བས། མིའི་རིགས་ལ་ཐབས་ལམ་མི་འདྲ་བའི་འཚོ་སྟངས་དག་འཆགས་ཤིང་། འཚོ་ཐབས་མི་འདྲ་བ་དེ་དག་གི་ཁྲོད་དུ། མི་དང་རང་བྱུང་བར་གྱི་འབྲེལ་བ་ཡང་མཚུངས་པ་ཞིག་མ་ཡིན།
 
གཅིག རང་བྱུང་འཚོ་སྡོད་དང་རང་བྱུང་ཁམས།
མིའི་རིགས་ཀྱི་འཚོ་སྡོད་ལ་དངོས་པོའི་འཚོ་སྡོད་དང་བསམ་བློའི་འཚོ་སྡོད་ཅེས་རིགས་གཉིས་འདུ། འདིར་བཤད་པ་གཙོ་བོ་ནི་དངོས་པོའི་ཐད་ཀྱི་འཚོ་སྡོད་ཡིན། དངོས་པོ་ཐད་ཀྱི་འཚོ་སྡོད་མ་ལག་ལ་གཙོ་བོ་དངོས་པོའི་ཐོན་ཁུངས་དང་། དངོས་པོའི་ཁོར་ཡུག དངོས་པོའི་ཐོན་སྐྱེད་ལག་ཆ། དངོས་པོའི་འཚོ་བའི་ཡོ་ཆས། དངོས་པོ་དང་འབྲེལ་བའི་ཤེས་བྱ་དང་ལག་རྩལ། དེ་འབྲེལ་གྱི་མིའི་ནུས་པ་སོགས་རྒྱུ་མང་པོ་ཞིག་འདུས་ཡོད། ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ནང་། འཚོ་སྡོད་རྒྱུ་ཆ་མི་འདྲ་བ་དག་གིས་ཐོན་པའི་ནུས་པ་མི་འདྲ་མོད། ཡིན་ནའང་། དེ་དག་ལས་རྒྱུ་ཆའི་རིགས་གང་རུང་གཅིག་གིས་དུས་ནམ་ཡང་ཆེས་གཙོ་བོའི་གནས་ཤིག་བཟུང་ཡོད་པ་དང་། དེ་ནི་འཚོ་བའི་ཆེས་རྨང་གཞིར་གྱུར་ཡོད་པ་མ་ཟད། དེ་ལ་ཐག་གཅོད་ཀྱི་རང་བཞིན་ལྡན་པས་ན། རྒྱུ་ཆ་འདིའི་རིགས་ཀྱིས་སྐབས་དེ་དུས་ཀྱི་མིའི་རིགས་འཚོ་སྡོད་ཀྱི་ཆེས་གཞི་རྩའི་ཁྱད་ཆོས་གྲུབ་ཡོད། ང་ཚོས་འདི་ལྟའི་འཚོ་སྡོད་ཀྱི་རྒྱུ་ཆར་གཞིགས་ཏེ། དེས་ཐག་གཅོད་བྱས་པའི་འཚོ་བའི་ཐབས་ལམ་ལ་མིང་འདོགས་པས་ན། ད་རག་བར། མིའི་རིགས་ཀྱིས་རང་བྱུང་འཚོ་སྡོད་དང་ལག་རྩལ་འཚོ་སྡོད་ཅེས་འཚོ་སྡོད་ཀྱི་རྣམ་པ་གཉིས་བརྒྱུད་མྱོང་ཞིང་། དེ་བསྟུན་གྱིས་རང་བྱུང་རིང་ལུགས་དང་ལག་རྩལ་རིང་ལུགས་ཞེས་རིག་གནས་རྣམ་པ་མི་འདྲ་བ་གཉིས་གྲུབ་ལ། དེའི་ནང་། མི་དང་རང་བྱུང་བར་གྱི་ཐུན་མིན་གྱི་འབྲེལ་བ་གཉིས་དང་རང་བྱུང་ལྟ་ཚུལ་གཉིས་གྲུབ་ཡོད། དེ་ལྟར་དུ། མིའི་རིགས་ཀྱི་འཚོ་སྡོད་ལ་འགལ་འདུ་ཡང་གཉིས་གྲུབ་ཡོད་དེ། མིའི་རིགས་ཀྱི་དགོས་མཁོའི་ཚད་མེད་རང་བཞིན་དང་རང་བྱུང་ཐོན་ཁུངས་ཀྱི་ཚད་བཀག་རང་བཞིན་དང་གཅིག མི་རིགས་ཀྱི་དགོས་མཁོའི་ཚད་མེད་རང་བཞིན་དང་རང་གི་ནུས་པའི་ཚད་བཀག་རང་བཞིན་དང་གཉིས་ཡིན་པས། འཚོ་བ་རོལ་སྟངས་མི་འདྲ་བ་དེ་དག་ཆོས་ཉིད་དང་མཐུན་མིན་ནི། རོལ་སྟངས་དེས་འགལ་འདུ་འདི་གཉིས་ཐག་གཅོད་བྱས་པ་ཡག་མིན་ལ་རག་ལས་པ་ཞིག་ཡིན།
支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།