༄༅།། བྱིས་པར་སློབ་གསོ་གཏོང་བའི་སྐོར་གྱི་དཔེ་དེབ་གསུམ།
རྩོམ་པ་པོ།      སྤེལ་དུས།  2015-12-08 19:53:13    རྡེབ་ཚད།     ཡོང་ཁུངས། གངས་ལྗོངས་ཉི་གཞོན།

ད་སྐབས་ཁྱིམ་བདག་རྣམས་ལ་ལས་བྲེལ་ཆེ་བས། དཔེ་ཆ་ཀློག་ཁོམ་དེ་འདྲ་མེད། འོན་ཀྱང་། བྱིས་པའི་སློབ་གསོའི་ཐད་ནས། ང་ཚོ་ཁྱིམ་བདག་ཚང་མས་སེམས་ལྷོད་ལ་འབབ་པའི་སྐལ་བ་བག་ཙམ་ལ་ཡང་གཏོང་ཁོམ་མེད་པར་ཧུར་ཐག་འབད་ཐག་བྱེད་ཀྱིན་ཡོད་ཨང་། ཁྱིམ་བདག་རྣམས་ལ་སློབ་གསོ་ཞེས་པ་འདིར་གོ་བ་ཡག་པོ་ཞིག་ཐོཔ་དང་། སློབ་གསོའི་ལོག་ལམ་ཇེ་ཉུང་དུ་གཏང་བར་རམ་འདེགས་བྱ་ཆེད། དེ་རིང་འདིར་ཆེད་དུ་ནང་དོན་ཅུང་གོ་སླ་ཞིང་ཀློག་བདེ་བའི་སློབ་གསོའི་བརྩམས་ཆོས་གྲགས་ཅན་གསུམ་ངོ་སྤྲོད་པར་བྱ། དཔེ་དེབ་འདི་གསུམ་པོ་བཀླག་ཚེ་ཁྱོད་ཀྱི་བྱིས་པར་ཐུན་མོང་མ་ཡིན་པའི་མ་འོངས་པའི་ལམ་བུ་བཏོད་ཐུབ་ཀྱང་སྲིད་ལ། སྤྲོ་སྣང་དང་བདེ་སྐྱིད་ཀྱིས་ཁེངས་པའི་མ་འོངས་པ་ཞིག་དོན་དུ་སྨིན་ཡང་སྲིད།
 དེབ་དང་པོ་དེ་ནི་རོའུ་སོ་ཡི་《ཨེ་མིར》ཞེས་པ་དེ་ཡིན། ཧྥ་རན་སིའི་བློ་འབྱེད་བསམ་བློ་པ་དང་སློབ་གསོ་སྨྲ་བ་རོའུ་སོ་ཡི་《ཨེ་མིར》ཞེས་པ་ནི་གཞུང་ལུགས་ཀྱི་དཔེ་དེབ་ཅིག་ཡིན་ན་ཡང་། ཀློག་མི་བདེ་ཞིང་འཇུག་བདེ་ཞིག་ཡིན། འཇར་མན་གྱི་མཚན་ཉིད་རིག་པ་སྨྲ་བ་ཁིང་ཏིས“རོའུ་སོ་ནི་ཉིའུ་ཏོན་གཞན་པ་ཞིག་ཡིན་ཏེ། ཉིའུ་ཏོན་གྱིས་ཕྱིའི་རང་བྱུང་གི་ཚན་རིག་སྨྲ་ཞིང་། རོའུ་སོ་ཡིས་མིའི་ནང་སེམས་ཀྱི་འཇིག་རྟེན་གྱི་ཚན་རིག་སྨྲ་བ་ཡིན། ཉིའུ་ཏོན་གྱིས་ཕྱིའི་འཇིག་རྟེན་གྱི་གོ་རིམ་དང་ཆོས་ཉིད་སྟོན་པ་དེ་བཞིན་དུ་རོའུ་སོ་ཡིས་མིའི་ནང་སེམས་ཀྱི་དེ་ཉིད་སྟོན་པར་བྱས་ཡོད”ཅེས་བརྗོད་མྱོང་།
 མི་ལ་ཤས་ཀྱིས་པའོ་ལཱ་ཐུ་ཡི་《ཕུགས་བསམ་རྒྱལ་ཁབ》དང་རོའུ་སོ་ཡི་《ཨེ་མིར》གཉིས་ཡོད་ཚེ། སློབ་གསོའི་སྐོར་གྱི་བསྟན་བཅོས་ཚང་མ་མེད་པར་གྱུར་ན་ཡང་། སློབ་གསོ་རིག་པའི་གཞུང་ལུགས་དང་དངོས་ཡོད་གཉིས་ཀར་གནོད་སྐྱོན་ཆེན་པོ་མེད་ལ། ད་ལྟའི་མི་རྣམས་ལ་མཚོན་ན་《ཨེ་མིར》ཞེས་པ་དེབ་གཅིག་ཡོད་ན་ཆོག་ཅེས་བརྗོད་པར་བྱེད། སྐད་ཆ་དེ་ནི་དཔེ་དེབ་དེ་རྒྱ་ཡིག་ཏུ་བསྒྱུར་མཁན་ཕིན་ཀྲིན་མིས་བཤད་པ་རེད། རྒྱུ་མཚན་ནི་དཔེ་དེབ་དེས་སློབ་གསོའི་ངོ་བོ་དང་བྱིས་པར་སློབ་གསོ་ཇི་ལྟར་གཏོང་བའི་ཐད་ནས་ཁྱད་དུ་འཕགས་པའི་བསམ་ཚུལ་བཏོན་ཡོད་ལ། ལྷག་པར་ད་ལྟའི་བྱིས་པའི་སློབ་གསོར་གཙིགས་མཐོང་ཆེན་པོ་བྱེད་ཀྱིན་ཡོད་ན་ཡང་ཐབས་ཟད་ཏུ་གྱུར་པའི་ཕ་མ་རྣམས་ལ་མཚོན་ན། དཔེ་དེབ་འདིས་ཁྱོད་ལ་ཕན་པ་ཆེན་པོ་ཐོབ་སྲིད།
 དཔེ་དེབ་གཉིས་པ་ནི་ཧྥེ་ལོ་མུའུ་ཡི་《བརྩེ་བའི་སྒྱུ་རྩལ》ཞེས་པ་དེ་ཡིན། ཨ་རིའི་མིང་དུ་གྲགས་པའི་སེམས་ཁམས་རིག་པ་སྨྲ་བ་ཧྥེ་ལོ་མུའུ་ཡི་《བརྩེ་བའི་སྒྱུ་རྩལ》ཞེས་པ་མིང་དུ་གྲགས་པའི་བརྩམས་ཆོས་ཤིག་ཡིན་ཏེ། 1956ལོར་པར་དུ་བསྐྲུན་མ་ཐག་ཡིག་རིགས་ཉི་ཤུ་ལྷག་ཏུ་བསྒྱུར་པ་རེད་ལ། ད་ལྟའང་ད་དུང་ཤིན་ཏུ་བྲིན།
 དཔེ་དེབ་འདིས་སེམས་ཁམས་རིག་པའི་མཐོང་སྣེ་ནས་ང་ཚོར་བརྩེ་བ་ནི་ཅི་ཞིག་ཡིན་པ་དང་། ཇི་ལྟར་བརྩེ་དགོས་པ། ཨ་མའི་བྱམས་སྐྱོང་དང་ཨ་ཕའི་བརྩེ་བ། ཀུན་ལ་བྱམས་བརྩེ་སྒོམ་པ་སོགས་ཀྱི་བརྩེ་བ་མང་པོ་ཞིག་གི་ཁྱད་པར་བཤད་ཡོད། ལྷག་པར“ཕ་མ་དང་བྱིས་པའི་བར་གྱི་བརྩེ་བ”ཞེས་པའི་ལེའུ་དེ་ལས་ང་ཚོས་བྱིས་པར་ཇི་ལྟར་བྱམས་སྐྱོང་བྱས་ན་ད་གཟོད་བྱིས་པར་གནོན་ཤུགས་མི་སྟེར་བ་དང་བྱིས་པས་ངོ་རྒོལ་མི་བྱེད་པ། ཡང་ན་བྱམས་བརྩེ་ཅི་འདྲ་ཞིག་ཡིན་ན་ད་གཟོད་བྱིས་པས་ཚོར་ཐུབ་པ་དང་དང་ལེན་བྱེད་ཐུབ་པར་མ་ཟད། བྱིས་པ་ནི་བྱམས་བརྩེའི་དོན་གོ་ཞིང་མི་ལ་བྱམས་བརྩེ་སྒོམ་ཤེས་མཁན་ཞིག་ཏུ་འགྱུར་བའི་གནས་ལུགས་དེ་རྟོགས་སུ་འཇུག་ངེས་ཡིན།དེབ་གསུམ་པ་ནི་ཧེ་ལིའུ་ཁྲིག་ཙིའི་《སྒེའུ་འགྲམ་གྱི་སྲན་རྡོག་ཆུང་ཆུང་།》ཞེས་པ་དེ་ཡིན། འཇར་པན་གྱི་རྩོམ་མཁན་ཧེ་ལིའུ་ཁྲིག་ཙིའི་《སྒེའུ་འགྲམ་གྱི་སྲན་རྡོག་ཆུང་ཆུང་།》ཞེས་པའི་དེབ་འདི་ནི་ལོ་ལྔའི་བྱིས་པ་ནས་ལོ་བརྒྱ་ཡི་རྒན་པའི་བར་གྱི་མི་ཚང་མ་ཀློག་སྤྲོ་བའི་དཔེ་དེབ་ཅིག་ཡིན། 1981ལོར་འཇར་པན་ནས་པར་དུ་བསྐྲུན་རྗེས་ཡིག་རིགས་སོ་གསུམ་ལྷག་ལ་བསྒྱུར་ཅིང་། འཛམ་གླིང་ཧྲིལ་བོ་ནས་ཚ་འུར་དྲག་པོ་བྱུང་། ད་ལྟའི་བར་དུ་དེབ་གྲངས་བྱེ་བ་གཅིག་ལྷག་བཙོངས་ཚར་བས། འཇར་པན་གྱི་ལོ་རྒྱུས་སྟེང་ཆེས་བྲིན་པའི་དཔེ་དེབ་ཏུ་གྱུར། འཇར་པན་དུ་ཆ་སྙོམས་ཀྱིས་ཁྱིམ་ཚང་གསུམ་རེ་ལ་《སྒེའུ་འགྲམ་གྱི་སྲན་རྡོག་ཆུང་ཆུང་།》ཞེས་པའི་དེབ་རེ་ཡོད་པར་བཤད། རྩོམ་པ་པོ་ཧེ་ལིའུ་ཁྲིག་ཙི་ལ་ཨ་རིའི《ཉིའུ་ཡོག་དུས་བབ་ཚགས་པར།》གྱིས་འཇར་པན་གྱི་ཆེས་རླབས་ཆེ་བའི་བུད་མེད་ཀྱི་མཚན་སྙན་བསྩལ།
 དཔེ་དེབ་འདི་ལ་བལྟས་རྗེས། ཚང་མས་བྱིས་པ་ཚང་མ་ལྷ་ཕྲུག་ཡིན་ལ། བྱིས་པས་ནམ་ཡང་ནོར་འཁྲུལ་མི་བཟོ་བ། ནོར་འཁྲུལ་བཟོ་མཁན་ནི་མི་རྒན་པ་དག་ཡིན་ཁོ་ཐག་རེད། བྱིས་པའི་ལྷན་གཤིས་དང་འགལ་བའི་སློབ་གསོ་སྤེལ་བ་ཐག་ཆོད། བྱིས་པའི་སེམས་གཤིས་རྙོག་པར་བཟོ་བའི་ནོར་འཁྲུལ་ཡིན་པ་ཐག་ཆོད་སོགས་ཀྱི་སྡོམ་ཚིག་འགོད་པར་གདོན་མི་ཟ། དཔེ་དེབ་འདིར་ལྷད་ཀྱིས་མ་གོས་པའི་བུ་མོ་ལོ་བདུན་ཅན་ཞིག་གི་སེམས་ཁམས་གཙང་མ་སྤྱད﹙རྩོམ་པ་པོའི་ཆུང་དུས་ཀྱི་མྱོང་བརྒྱུད་དངོས་ཡིན་ལ། ལོ་ཞེ་བརྒྱད་ཀྱི་སྟེང་ནས་ཡི་གེར་ཕབ།﹚ནས་འཇིག་རྟེན་གྱི་མི་རྣམས་ལ་སློབ་སྦྱོང་ལ་མི་དགའ་བའི་བྱིས་པ་དང་ལྷན་སྐྱེས་ནས་རིག་པ་རྟུལ་བའི་བྱིས་པ། སེམས་མི་བཟང་བའི་བྱིས་པ། སྙིང་རྗེ་མི་ཤེས་པའི་བྱིས་པ། དབང་བོ་སྐྱོན་དང་ལྡན་ལ་སེམས་ཁམས་བག་ལ་ཞ་བའི་བྱིས་པ་སོགས་མེད་དེ། གཙོ་བོ་ནི་ཁྱོད་རང་ཞའོ་ལེན་སློབ་གཙོ་ལྟ་བུའི་དགེ་རྒན་ཞིག་དང་འཕྲད་མིན་དང་། བྱིས་པར་རྒྱུས་ལོན་པའི་ཕ་མ་ཞིག་བྱེད་ཐུབ་མིན་ལ་ཐུག་ཡོད་ཚུལ་བརྗོད་ཡོད། དཔེ་ཆ་མང་ཉུང་ལ་ཐུག་མིན། གཙོ་བོ་དེའི་གནད་ཟིན་ཐུབ་མིན་དང་འབྲེལ་བ་དམ་པོ་ཡོད། ཁྱིམ་བདག་མང་པོ་ཞིག་ལ་སློབ་གསོའི་གནད་དོན་གྱི་ཐད་ནས་དཀའ་ཁག་མང་པོ་འབྱུང་བཞིན་པ་འདྲ། དོན་གྱིས་སློབ་གསོའི་བསམ་བློ་ཡང་དག་ཅིག་ཡོད་ན་མི་ཚང་མས་སློབ་གསོའི་བྱེད་ཐབས་ཐུན་མོང་མ་ཡིན་པ་རེ་གསར་གཏོད་བྱེད་ཐུབ་པ་ཡིན། བྱིས་པ་ནི་སྣག་ཚ་འདྲེན་ནུས་པའི་ཤོག་བུ་དཀར་པོ་ཞིག་ཡིན་པས།སྔ་མོ་ནས་ཁོ་ཚོར་བཀྲག་མདངས་མཚར་བའི་ཁ་དོག་བསྒོས་ཤིག་ཅིས་པ་ལྟར། ང་ཚོའི་བྱིས་པ་ཚང་མ་སྤྲོ་སྣང་གིས་ཕྱུག་པའི་ཨེ་མིར་དང་སྙིང་ཉེ་བའི་སྲན་རྡོག་ཆུང་ཆུང་དུ་འགྱུར་བར་སྨོན༎
 

 

                                                                      《མཚོ་སྔོན་བོད་ཡིག་གསར་འགྱུར།》ལས་བཤུས།
 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།