ཀུན་སྤྱོད་དང་མི་གཞི།
རྩོམ་པ་པོ།  ཧོར་རྫས་རྒོད།    སྤེལ་དུས།  2015-02-04 10:22:17    རྡེབ་ཚད།     ཡོང་ཁུངས། དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བ།


                                                     ཀུན་སྤྱོད་དང་མི་གཞི།
                                                                  ཧོར་རྫས་རྒོད།
      དེང་སང་སྤྱི་ཚོགས་འདིའི་ཐོག་ཏུ་རྐུ་མ་དང་ཇག་པ། རྫུན་མ་དང་རུལ་སུངས་གྱི་ཁེངས་འདུག དེའི་རྐྱེན་གྱིས་མི་རྣམས་བདེ་འཇགས་བྲལ་ནས་བདེ་སྐྱིད་ཀྱི་མཚོན་མདངས་ཉམས། ཡིད་ཆེས་བྲལ་ནས་སྡུག་བསྔལ་གྱི་འཚོ་བ་རོལ་དགོས་བྱུང་། མང་ཚོགས་སྲིད་གཞུང་ལ་ཡིད་ཆེས་བྲལ། ལས་བྱེད་འགོ་འཛིན་ལ་ཡིད་ཆེས་བྲལ། སློབ་མ་དགེ་རྒན་ལ་ཡིད་ཆེས་བྲལ། ཁྱོ་ག་ཆུང་མ་ལ་ཡིད་ཆེས་བྲལ་ནས་སྦྱི་ཚོགས་འདི་རྙོག་འཛིན་ཅན་ཞིག་གྱུར་ཡོད། མི་རྣམས་ཀྱིས་ཀུན་སྤྱོད་དང་སློབ་གསོ་མ་མདངས་པས་སེམས་ཁམས་ཀྱི་ཐོག་ནས་སྐྱོན་མང་པོ་ཞིག་འབྱུང་གིན་ཡོད། སྔོན་ཆད་མི་རྣམས་ཀྱིས་སྒོར་མོ་ཡོད་ན་ད་གཟོད་བདེ་སྐྱིད་ངོ་མ་ཡོད་པའི་སྣང་བ་འཆར། དེ་ནས་མི་རྣམས་དཔལ་འབྱོར་ཡར་རྒྱས་སོང་ཡང་སྡུག་བསྔལ་ལས་མ་འདས། ཨ་རུ་བས་བདེ་སྐྱིད་ཀྱི་མཚོན་གྲངས་རྟག་དཔྱད་བྱས་པ་ནང་བཞིན། རྒྱ་ནག་ནས་རྟག་དཔྱད་བྱས། ༡༩༩༤ལོ་ཀྲུང་གོའི་འཛད་སྤྱོད་པའི་བདེ་སྐྱིད་ཀྱི་མཚོན་གྲངས་སྐར་མ་༦༩ཟིན་ཡོད། ༡༩༩༧ལོར་ལོ་བདེ་སྐྱིད་ཀྱི་མཚོན་གྲངས་སྐར་མ་༧༡ཟིན་ཡོད། ༢༠༠༤ལོ་བདེ་སྐྱིད་ཀྱི་མཚོན་གྲངས་སྐར་མ་༦༧ཟིན། དཔལ་འབྱོར་ཡར་རྒྱས་སོང་དང་མཉམ་དུ་མི་རྣམས་རྙོག་འཛིན་ཆེ་བར་སོང་ནས་བདེ་སྐྱིད་ཀྱི་མཚོན་གྲངས་ཉམས་སོང་། དེའི་གྲངས་ཀས་དཔལ་འབྱོར་གྱིས་མི་རྣམས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་མི་ནུས་པར་མཚོན། ད་དུང་ཀྲུང་གོ་ཁོ་ན་ཆ་མཚོན་ནས་བཤད་ན། ཕལ་ཆེར་ལོ་རེའི་ནང་ནས་མི་གྲངས་ཁྲི་༢༨.༧ཙམ་རང་སྲོག་གཅོད་གི་ཡོད། མི་གྲངས་ཁྲི་༢༠༠ཙམ་རང་སྲོག་གཅོད་པའི་དམིགས་ཡུལ་མ་གྲུབ་པ་ལུས། ཡང་དོགས་འཚེར་སེམས་ནད་ནི་འཛམ་གླིང་གི་ཆེས་ཆེ་བའི་སེམས་ནད་ཞིག་ཡིན། དེང་དུས་རྒྱ་ནག་གི་གྲོང་ཁྱེར་ནང་ནས་མི་དར་མ་བདུན་རེའི་ནང་དུ་དོགས་འཚེར་སེམས་ནད་པ་རེ་ཡོད་པར་བཤད། ད་སྔོན་རྒྱ་ནག་ནས་རྒྱ་ཆ་༥ཙམ་ལ་སྨན་བཅོས་བྱུང་། དེ་ལས་ཕལ་ཆེ་བ་ནད་དེ་བཅོས་མ་ཐུབ་པར་ལུས། ནད་འདི་དག་ནི་གཙོ་བོ་མི་དང་མི་བར་བརྩེ་བ་དང་ཡིད་ཆེས་བྲལ་ནས་ཁེར་རྐྱང་གི་སྡུག་བསྔལ་མ་བཟོད་བའི་རྐྱེན་བྱས་ཏེ་ཡོང་བ་ཡིན། ལོ་འདི་དག་གི་རང་ལ་རྒྱ་ནག་གི་ཕྱིའི་དངོས་པོའི་དཔལ་འབྱོར་ཡར་རྒྱས་རམ་དང་རིམ་པ་སོང་། ཡིན་ཡང་ཡིད་སྐྱོ་དགོས་ས་ཞིག་ནི། ཀུན་སྤྱོད་དང་མི་གཞི་ཇེ་ཞེན་ཇེ་སྡུག་དུ་སོང་ནས་མི་རྣམས་བདེ་སྐྱིད་ཀྱི་མཚོན་མདངས་ཇེ་ཉུང་སོང་བ་རེད། བདེ་སྐྱིད་ཀྱི་རྩ་བ་ནི་བྱམས་པ་དང་བརྩེ་བ། ཡིད་ཆེས་དང་ཕན་སེམས་ཡིན།
འཕྲིན་སྦྱོར་དང་ཀུན་སྤྱོད།
      ནུབ་ཕྱོགས་ཚན་རིག་པ་རྣམས་ཀྱིས་སྤྱི་ཚོགས་འདི་བདེ་འཇགས་ཡོང་དགོས་ན། ཁྲིམས་ལུགས། ཀུན་སྤྱོད། འཕྲིན་སྦྱོར། ཆོས་ལུགས། དེའི་དོན་ཚན་བཞི་ལ་དོ་དམ་ལེགས་པོ་ཞིག་བྱེད་ཐུབ་ན། ད་གཟོད་སྦྱི་ཚོགས་ལ་བདེ་འཇགས་ཡོང་ཞེས་བཤད། དེ་ནང་ནས་འཕྲིན་སྦྱོར་དེ་མི་རྣམས་ཀྱི་ཀུན་སྤྱོད་དང་ཐད་ཀར་འབྲེལ་བ་དམ་པོ་ཡོད། དེང་དུས་རྒྱ་ནག་གི་འཕྲིན་སྦྱོར་སོགས་ནས་ཀུན་སྤྱོད་དང་མི་གཞི་ལ་དོ་སྣང་བྱེད་གིན་མེད། འཕྲིན་ལམ་ཁག་ནས་གཏོང་བའི་བརྙན་འཕྲིན་རྣམས་ཀྱི་ནང་དུ་འཇིག་རྟེན་མི་ཆོས་དང་མི་མཐུན་པའི་རིན་ཐང་ལྟ་ཚུལ་དང་ཀུན་སྤྱོད་ལྟ་ཚུལ་མང་པོ་ཞིག་འདུག ཉེ་ལམ་ཅིང་སུས་འཕྲིན་ལམ་ནས་གཏོང་བའི་《འཚོ་བ》ཞེས་པའི་མུ་འབྲེལ་བརྙན་འཕྲིན་དེའི་ནང་། དེང་དུས་གྲོང་ཁྱེར་ནང་ནས་ཁང་བ་ཉོ་བ་དང་ཁང་བ་གཡར་བ་གཙོ་བྱས་ནས་འཁྲིབ་པའི་བརྙན་འཕྲིན་ཞིག་རེད། བརྙན་འཕྲིན་འདིའི་ནང་དུ་ཀུན་སྤྱོད་དང་རིན་ཐང་ལྟ་ཚུལ་སོགས་ནས་མ་འདངས་བ་མང་པོ་འདུག དེ་ནང་དུ་བཟའ་བར་འཚབ་པའི་མི་ཞིག་ཡོད། ཉིད་ཀྱིས་བརྙན་འཕྲིན་དེར་ལྟ་ཚར་རྗེས་དེ་ལ་སྙིང་རྗེ་སྐྱེ་བ་མ་གཏོགས་ཞེ་སྡང་མི་སྐྱེ། ད་དུང་མི་དེ་མཐར་ཕྱི་རྒྱལ་ཕྱིན་ནས་འཇུག་འབྲས་མཛེས་སྡུག་ལྡན་པ་ཞིག་ཡོད་པར་འཁྲབ་འདུག སྤྱིར་གཏང་བཟའ་བར་འཚབ་པ་ནི་མི་ཀུན་སྤྱོད་དང་མི་མཐུན་པ་ཞིག་རེད། ཡིན་ཡང་གཞོན་ནུ་མང་པོས་དེ་ལ་སྐྱོན་དུ་མི་ལྟ་བར་མ་ཟད། ད་དུང་དེ་ལ་དཔེ་ལྟ་གིན་འདུག དེ་འདྲའི་བརྙན་འཕྲིན་གྱིས་མི་རྣམས་ཀྱི་ཀུན་སྤྱོད་དང་རིན་ཐང་ལྟ་ཚུལ་སོགས་ལ་གནོད་པ་ཚབ་ཆེན་བཟོ་གིན་འདུག 《གོ་ཧོ་རྩེ་》ཞེས་པའི་གློག་བརྙན་དེ་༡༩༩༣ལོར་འཁྲབ། ཤང་ཀོང་ནས་ཆེས་སྙན་གྲགས་ཆེ་བའི་ནག་ཚོགས་ཀྱི་གློག་བརྙན་ཞིག་རེད། ནང་གི་བརྗོད་བྱ་གཙོ་བོ་ནི། ནག་ཚོགས་པ་ཤོག་ཁག་མང་པོ་བྱུང་ནས་ཕན་ཚན་འཁྲུག་རྩོད་དང་རྒྱུ་ནོར་རྐུ་འཕྲོག་བྱེད་པའི་བྱ་ངན་སོགས་རེད། ང་རང་ཆུང་དུས་སློབ་གྲྭ་འགྲིམ་སྐབས། ང་ཚོའི་འཛིན་གྲྭའི་ནང་གི་སློབ་མ་མང་པོ་ཞིག་གློག་བརྙན་དེ་ལྟས་རྗེས། དེའི་ནང་གི་བྱ་སྤྱོད་ལ་ཡིད་སྨོན་འཆོར། འཛིན་གྲྭའི་ནང་ནས་ནམ་རྒྱུན་རྒྱག་རྡུང་བྱེད་པའི་སྐད་ཆ་བཤད་རྒྱུ་མ་གཏོགས་རིག་གནས་སྐོར་གྱིས་ཁ་བརྡ་ཚིག་གཅིག་ལབ་རྒྱུ་མེད། དེ་ནས་རིམ་བཞིན་སློབ་འབྲིང་འགྲིམ་སྐབས་སློབ་མ་རྣམས་གློག་བརྙན་དེ་ནང་གི་འཁྲབ་སྟོན་པའི་ཚུགས་ཀ་དང་འགྲོ་བཤད་སོགས་དཔེ་ལྟ། དེ་ནས་མཐོ་འབྲིང་འགྲིམ་སྐབས་གློག་བརྙན་དེ་ནང་འཁྲབ་སྟོན་པའི་བྱ་བ་རྣམས་ལག་ལེན་བསྟེར། དེ་རྐྱེན་གྱིས་ང་ཚོའི་འཛིན་གྲྭའི་སློབ་མ་ཁ་ཤས་བཙོན་ཁང་ནང་དུ་འཛུལ་དགོས་བྱུང་།
      འཕྲིན་ལམ་འགའ་རེ་ནས་ལྷོ་ཁོ་རེ་ཡའི་འཁྲབ་གཞུང་དང་གོ་ཧོ་རྩེའི་འཁྲབ་གཞུང་སོགས་གཏོང་མི་ཆོག་པར་བཟོས། ལྷོ་ཁོ་རེ་ཡའི་བརྩེ་དུང་གི་འཁྲབ་གཞུང་ལྟ་རྒྱུ་མང་དྲགས་སོང་ན། སློབ་མ་རྣམས་སྔ་འཛའ་འཚོལ་ནས་མདུན་ལམ་དང་སློབ་སྦྱོང་ལ་བར་ཆེད་ཆེན་པོ་ཡོད། དེང་དུས་བོད་ཀྱི་སློབ་ཆུང་གི་སློབ་མའི་ནང་དུ་སྔ་འཛའ་ཡོད་པར་ཐོས།
      རྒྱ་ནག་གི་འཕྲིན་ལམ་ཁག་གིས་ལྟ་མི་མང་ཉུང་ལ་འགྲན་རྩོད་བྱས་པ་མ་གཏོགས་མིའི་ཀུན་སྤྱོད་དང་མི་ཚེའི་རིན་ཐང་ལྟ་བ་སོགས་སློབ་གསོ་གཏོང་རྒྱུ་བསམ་བློ་ཙམ་འཁོར་གིན་མེད། འཕྲིན་ལམ་དེ་ལྟ་མི་ག་ཚད་མང་ན་དེའི་འཕྲིན་ལམ་དེ་སྐར་མ་མཐོ། སྐར་མ་ག་ཚད་མཐོ་ན་དེའི་འཕྲིན་ལམ་ནང་གི་བརྡ་ཁྱབ་དེ་ཙམ་རྒྱ་ཆེ། དེའི་བརྡ་ཁྱབ་དེ་ག་ཚད་ཁྱབ་བརྡར་སོང་ན་འཕྲིན་ལམ་དེ་ལ་དེ་ཙམ་ཡོང་བབས་ཡོད། ཁོ་ཚོས་ཡོང་བབས་ཁོ་ན་ལ་བསམ་བློ་འཁོར་བ་མ་གཏོགས། མི་རྣམས་ཀྱི་བསམ་བློ་སློབ་གསོ་ཡར་རྒྱས་གཏོང་བ་དང་ཀུན་སྤྱོད་སོགས་ལ་དོ་སྣང་བྱེད་མ་མྱོང་། དེང་སེང་འཕྲིན་ལམ་ཁག་ནས་《བརྩེ་དུང་རྒྱུན་འབྲེལ》ཞེས་པའི་དངོས་འགྲོས་གློག་བརྙན་ཞིག་སྟོན་གིན་འདུག དེ་སྟོན་དགོས་པའི་རྒྱུ་མཚན་གཙོ་བོ་ཡང་ལྟ་མི་མང་ཉུང་གི་སྐར་མ་ལ་འབྲེལ་བ་དམ་པོ་ཡོད། གློག་བརྙན་དེས་མི་རྣམས་ཀྱི་ཆེས་རླབས་ཆེ་བའི་བརྩེ་དུང་ལ་དགག་པ་རྒྱབ་ཡོད། བརྩེ་དུང་ཞེས་པ་ནི་མཐོང་མ་ཐག་ནས་དགའ་བའི་རྣམ་ཞིག་རྩ་བ་ནས་མིན། བརྩེ་དུང་ཞེས་པ་དུས་ཚོད་ངེས་ཅན་ཞིག་དགོས། ཁོ་ཚོས་སྐར་ཁ་ཤས་ཀྱི་ནང་དུ་ཕན་ཚུན་བར་ལ་ཆ་རྒྱུས་ཅི་ཡང་མེད་པའི་སྒོ་ནས་མི་ཚེ་གཅིག་མཉམ་དུ་འགྲོ་རྒྱུ་ངན་ཐག་བཅོད་གིན་འདུག དེ་ནི་དངོས་གནས་དགོད་བྲོ་བ་ཞིག་རེད། བརྙན་འཕྲིན་དེས་རྒྱ་ནག་གི་གྲོང་ཁྱེར་སོགས་ལ་དངོས་ཡོད་ཀྱིས་བརྩེ་དུང་མེད་པར་མཚོན་གིན་འདུག ཁོ་ཚོས་བརྩེ་དུང་ནི་རོལ་རྩེད་ནས་ཅི་ཡང་མེད། བརྙན་འཕྲིན་དེའི་གཙོ་འཁྲིད་པ་དང་མགོ་འཛིན་པ་རྣམས་ཀྱིས་ངོ་སྟོད་ལ་དགའ་བའི་མི་དེ་དག་གི་འཚོ་བ་དང་གཉེར་སྒྲིག་སོགས་ལ་བསམ་བློ་ཙམ་གཏོང་གི་མེད། ཁོ་ཚོས་རང་ཉིད་ཀྱི་བརྩེ་དུང་རོལ་རྩེད་ཞིག་གི་ཚབ་ལ་བཞག་སྟེ་ཚོང་རྫས་བྱེད་པ་འཚོར་གིན་མེད།
      ལོ་རབས་བརྒྱད་ཅི་པའི་འཇུག་ནས་སློབ་མ་རྣམས་རིག་གནས་མ་སྦྱང་པའི་རིམ་འདས་མང་པོ་ཞིག་བྱུང་། ཁོ་ཚོས་རིག་གནས་སློབ་པའི་དུས་ཚོད་མང་པོ་ཞིག་དྲྭ་ཐོག་དང་ལྷོ་ཁོ་རེ་ཡའི་འཁྲབ་གཞུང་སོགས་ལ་ལྟས་ནས། དེའི་ནང་གི་དགའ་རོགས་སྒྲིག་པ་དང་རྐུ་འཕྲོག་བཅོམ་གསུམ་གྱི་བྱ་བ་དག་ལ་སློབ་གིན་ཡོད། གློག་བརྙན་དེ་དག་གི་རྐྱེན་གྱིས་ད་དུང་སློབ་མ་རྣམས་རང་བཞིན་གྱི་ཁ་བདེ་མོ་ཞིག་ཆགས་ནས་ཕ་མ་རྣམས་ཀྱི་ཁ་ཡ་ཡོང་གིན་མེད། ཕ་མ་རྣམས་ཀྱི་སློབ་སྦྱོང་ལ་བརྩོན་དགོས་རབ་སོགས་ཀྱི་སློབ་གསོ་འདྲ་གཏོང་ན། ཁོ་ཚོའི་སེམས་ལ་སྐྱོ་སྣང་གི་ཁེངས་ནས“ཁྱིམ་བྲལ་ཕྱི་བསྐྱོད”བྱེད་གིན་ཡོད། ཁྱིམ་བྲལ་ཕྱི་བསྐྱོད་ནི་ཁོ་ཚོས་གཟི་བརྗིད་ཞིག་དང་སྙིང་སྟོབས་ཞིག་ཡིན་པར་རློམ་བཞིན་ཡོད། ཁྱིམ་ལ་མ་བརྟེན་པའི་འཚོ་བ་ནི་སྐྱིད་པོ་ཞིག་དང་ལས་སླ་མོ་ཞིག་ཡིན་སྣང་འཆར་གིན་ཡོད། ཡང་འདིས་ཐད་ནས་ཕ་མ་རྣམས་ཀྱིས་གཟབ་དགོས་པ་ཞིག་ཡོད་པ་ནི། བྱིས་པ་ཚོའི་རང་དབང་ལ་བཀག་འགོག་ཐལ་དྲགས་སོང་ན། སྐྱོ་སྣང་རིང་ལུགས་པ་ཞིག་དུ་གྱུར་ཉེན་ཆེ།
      ང་ཚོས་རྒྱང་འཛིན་ལག་ཏུ་བཟུང་ནས་འཕྲིན་ལམ་ཁག་ལ་གཟིགས་སྐབས། འཕྲིན་ལས་གཅིག་གིས་ནང་ནས་ཀུན་སྤྱོད་སློབ་གསོ་ཡང་དག་སྤྲད་གི་ཡོད་པ་མཐོང་མ་ཐུབ། དེ་ལས་ལྡོག་ཏེ་རྐུ་བྱེད་ལུགས། རྒྱག་རེས་བྱེད་ལུགས། མི་བར་ལ་འཁྲིལ་གཡུག་པའི་ལས། མདོར་ན། མིའི་ཀུན་སྤྱོད་དང་མི་མཐུན་པ་མང་པོ་ཞིག་སྟོན་གིན་འདུག དེ་རྐྱེན་གྱིས་སྤྱི་ཚོགས་འདིས་ནང་དུ་ལྐོག་ཟ་རུལ་སུངས་དང་ཕ་མ་བསོད་པ། མཐའ་ན་ཟ་མ་ཞིག་ཟས་དགོས་ན་བདེ་འཇགས་མེད་པའི་ཚད་ལ་སླེབས་ཡོད། དེང་དུས་ང་ཚོས་མཐོང་ལམ་མངོན་བཞིན་པའི་གསར་ཤོག་དང་བརྙན་འཕྲིན་གྱི་ལས་འགན་ནི་དངོས་ཡོད་གནས་ཚུལ་སྤེལ་རྒྱུ་དེ་མ་ཡིན་པར། རྫུན་བཟོ་བྱེད་པའི་རུལ་སུངས་པའི་ལས་ཀ་ཤ་སྟག་ཡོན། འདི་ནི་འགྲོ་བ་མི་རྣམས་ཡིད་ཕམ་དགོས་པའི་གནས་ཚུལ་ཞིག་དུ་སྣང་།
      འཕྲིན་སྦྱོར་གྱིས་མི་རྣམས་ཀྱི་བསམ་བློ། ཀུན་སྤྱོད། འཚོ་བ་གང་སྤྱི་ཐད་ནས་ཤུགས་རྐྱེན་གང་མང་ཐེབ་གི་ཡོད། སྔོན་ཆད་འཕྲིན་སྦྱོར་ལ་དབྱེ་ན། གློག་འཕྲིན། བརྙན་འཕྲིན། དུས་དེབ། ཚགས་པར་བཅས་ཡོད། དེང་དུས་གསར་དུ་ཁ་པར་དང་དྲྭ་བ་དར་ཡོད། འདི་ཐམས་ཅད་འཕྲིན་སྦྱོར་རེད། སྔོན་ཆེད་མཁས་པ་ཞིག་གིས་འཇིག་རྟེན་འདི་མེད་པར་བཟོས་བྱེད་གཉིས་ཡོད། གཅིག་རྒྱལ་གཙོ་དང་གཅིག་འཕྲིན་སྦྱོར། ཡིན་ཞེས་བཤད་མྱོང་། དེང་དུས་རྒྱལ་ཁབ་སོ་སོས་རྡུལ་འཕྲིན་མཚོན་ན་མང་པོ་བཟོ་གིན་ཡོད། རྒྱལ་གཙོའི་ནི་རྡུལ་འཕྲིན་མཚོན་ཆ་དེ་དག་གི་རྒྱང་འཛིན་ཡིན། འཕྲིན་སྦྱོར་གྱི་མི་རྣམས་ཀྱི་བསམ་བློ་དང་ཀུན་སྤྱོད་སོགས་ཡོད་ཚད་ནས་མེད་པར་བྱེད་སྲིད། མིའི་བསམ་བློ་དང་ཀུན་སྤྱོད་སོགས་མེད་པར་གྱུར་ན་འཇིག་རྟེན་འདི་ན་མཛེས་སྡུག་ཞིག་གང་ལ་ཡོད། འཕྲིན་སྦྱོར་གྱིས་ཤུགས་རྐྱེན་ཐེབས་ནི་མི་རེ་གཉིས་ཙམ་མ་ཡིན་པར་སྤྱི་ཚོགས་ཡོང་ལ་ཤུགས་རྐྱེན་ཐེབས་གིན་ཡོད། འཕྲིན་སྦྱོར་གྱིས་སྤྱི་ཚོགས་ཀྱི་བདེ་འཇགས་དང་ཞི་བདེ་ལ་འགན་འཁུར་དགོས། ཀློག་པ་པོ་མང་ཉུང་དང་ལྟ་བ་པོ་མང་ཉུང་གི་རྒྱུ་མཚན་ཙམ་བྱས་ན་གར་ལ་འགྲིག རིག་གནས་གོ་ལྡོག་དུ་སོང་ན་འཕྲིན་སྦྱོར་གོ་ལྡོག་དུ་འགྲོ། འཕྲིན་སྦྱོར་གོ་ལྡོག་དུ་སོང་ན་ཀུན་སྤྱོད་གོ་ལྡོག་དུ་འགྲོ། དེའི་རྒྱུ་མཚན་གྱི་འཕྲིན་སྦྱོར་ལ་འགན་འཁྲི་ལྗི་མོ་ཞིག་ཡོད། རང་སྣང་གང་ཤར་གྱི་འཕྲིན་སྦྱོར་བྱེད་ན་གང་ལ་འགྲིག འཕྲིན་སྦྱོར་ཞིག་ཡིན་ན། དགེ་གསོ་སྡིག་སྦྱང་བྱེད་དགོས་མ་གཏོགས་དེ་ལས་ལྡོག་ཏེ་དགེ་སྦྱང་སྡིག་གསོ་བྱེད་ན་གང་ལ་འགྲིག འཕྲིན་སྦྱོར་ཞིག་ཡིན་ན། དངོས་ཡོད་དང་བྱམས་བརྩེ། ཡ་རབ་སོགས་གསོ་སྐྱོང་བྱེད་རྒྱུ་གར་ཆེ།
རྒན་རིམ་པའི་འཚོ་བ།
      ཉེ་ཆར་རྒྱ་ནག་གི་ཁེ་ལས་པ་ཞིག་གིས་མ་རྩ་གཏོང་ནས་ཚོགས་པ་རྩ་འཛུགས་བྱེད་སྟེ་རྒྱ་ནག་གི་རྒན་རིམ་པའི་འཚོ་བ་ལ་རྟགས་དཔྱད་བྱེད། ཚོགས་པ་དེར་ཕལ་ཆེར་ཞིང་ཆེན་ཉེ་ཤུ་ཡས་མས་ཞིག་ལ་སོང་། ཆེད་དུ་ཞིང་པའི་ཁྱིམ་ཚང་ཁྲི་གཅིག་ཙམ་རྟགས་དཔྱད་བྱེད། མཐར་རྟགས་དཔྱད་བྱེད་པའི་འབྲས་བུ་ཡིད་ཕམ་བློ་ཆད་ལས་གང་ཡང་མི་འདུག སྤྱིར་ཀྲུང་གོ་ནི་རྒན་རིམ་སྤྱི་ཚོགས་ནང་དུ་སྔ་མོ་ནས་ཕྱིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒན་རིམ་སྤྱི་ཚོགས་ཡིན་མིན་གྱི་འཆར་གཞི་ནི། སྤྱི་ཚོགས་དེའི་ལོ་དྲུག་བཅུ་ལས་བརྒལ་བའི་རྒན་པ་རྒྱ་ཆ་༡༠ལས་ཟིན་ན་དེའི་སྤྱི་ཚོགས་དེ་རྒན་རིམ་སྤྱི་ཚོགས་ཞེས་འབོད་དགོས། རྒྱ་ནག་ནས་ལོ་དྲུག་བཅུ་བརྒལ་བའི་རྒན་པ་རྒྱ་ཆ་༡༤ཟིན་ཡོད། དེང་དུས་རྒྱ་ནག་ལ་སྡོམ་རྩིས་བྱས་ན་རྒན་པ་དུང་ཕྱིར་༢.༡ལས་ཟིན་ཡོད། དེ་ནང་ནས་ལོ་དྲུག་བཅུ་ལས་བརྒལ་བའི་རྒན་པ་༡༠༤༠༡ཙམ་རྟགས་དཔྱད་བྱེད། ཉིན་གཅིག་ལ་ཟ་མ་ཐེངས་གསུམ་ཟ་རྒྱུ་མི་རྙེད་པའི་རྒན་པ་རྒྱ་ཆ ༥ ཟིན། ལོ་གསར་གྱི་འཚོ་བ་དང་དུས་རྒྱུན་གྱི་འཚོ་བ་ལ་ཆད་མེད་པའི་རྒན་པ་རྒྱ་ཆ ༡༦ ཟིན། ལོ་གཅིག་ནང་ནས་གོས་གསར་གྱོན་རྒྱུ་མི་རྙེད་པའི་རྒན་པ་རྒྱ་ཆ ༩༣ ཟིན། ཚེ་གཅིག་ལ་གོས་གསར་གྱོན་རྒྱུ་མི་རྙེད་པའི་རྒན་པ་རྒྱ་ཆ ༦༩ ཟིན། ནད་ཆུང་སྨན་ཟ་རྒྱུ་མི་རྙེད་པའི་རྒན་པ་རྒྱ་ཆ་༦༧ཟིན། ནད་ཆེན་སྨན་ཁང་ནང་དུ་སྡོད་བཅོས་བྱེད་བྱེད་མི་རྙེད་པའི་རྒན་པ་རྒྱ་ཆ༨༠ཟིན། དེ་ནས་ཕ་མ་ལ་བརྩི་བཀུལ་ཡོད་མེད་གྱིས་ཆ་ནས་བཤད་ན། རང་གི་ཕ་མ་ངོ་མི་ཤེས་པར་སྤྱིར་གཏང་ལམ་བར་གྱི་མགྲོན་ཞིག་དང་འཕྲད་པ་ནང་བཞིན་གྱི་རྒན་པ་རྒྱ་ཆ་༣༠ཟིན། དེ་ནི་རྒྱ་ནག་གི་ཞིང་པ་ནས་རྟགས་དཔྱད་པའི་འབྲས་བའི་རེད། ད་དུང་དེ་ལས་ཡིད་ཕམ་དགོས་ས་ནི་གྲོང་ཁྱེར་གྱི་རྒན་པ་རྣམས་རེད། གྲོང་ཁྱེར་གྱི་མཐའ་ཁ་ལ་ཡིད་ལ་མི་ཡོང་བའི་ཁང་རྙིང་མང་པོ་མཐོང་རྒྱུ་ཡོད། ཁང་པ་དེ་དག་ནི་རྒན་པ་རྣམས་འཚོ་བ་རོལ་ས་ཡིན། བུ་རྒྱུད་རྣམས་གཉེར་སྒྲིག་བྱས་ནས་ཁང་བ་གསར་བའི་ནང་དུ་བསྡད། རྒྱ་ནག་གི་གྲོང་ཁྱེར་ནང་ནས་ཕ་མ་བུ་རྒྱུད་མཉམ་དུ་བསྡད་པ་ཤིན་ཏུ་དཀོན། རྒྱ་ནག་གི་བུ་རྒྱུད་རབ་ཞིག་ཡིན་ན། བཟའ་ཉི་མའམ་ངར་གསོ་སྐབས་ཕ་མ་ལྟ་རུ་ཡོང་གིན་ཡོད། འབྲིང་ཞིག་ཡིན་ན། ཟླ་བ་རེ་གཉིས་ནང་ནས་ཕ་མ་ལྟ་ཡོང་གིན་ཡོད་། མཐའ་མ་ཞིག་ཡིན་ན། ལོ་གཅིག་གཉིས་ནང་ནས་ཕ་མ་ལྟ་ཡོང་གི་ཡོད། འགའ་རེས་ཕ་མ་ཤི་ནས་ཟླ་བ་གཅིག་གཉིས་ཙམ་སོང་ན་ད་དུང་གོ་གིན་མེད། བུ་རྒྱུད་གཉིས་གསུམ་ཡོད་པའི་ཕ་མ་ཞིག་ཡིན་ན། བུ་རྒྱུད་རྣམས་ཀྱིས་ངས་ཕ་མ་གཉིས་ལོའམ་ཟླ་བ་དེ་དེ་གསོ་ཡོང་། དེ་ནས་ཁྱོད་ཀྱིས་གསོ་དགོས་རབ་ཀྱི་གན་རྒྱ་འཇོག་གི་ཡོད། དེས་བར་ནས་འགའ་རེས་གསོ་མ་ནུས་པར་བསད་པའི་གཏམ་བརྒྱུད་མང་པོ་བཤད་རྒྱུ་ཡོད། བུ་རྒྱུད་གཉིས་ཡོད་པའི་ཕ་མ་ཞིག་ཡིན་ན། བུ་གཅིག་གིས་ཕ་ཁྲིད་ན། བུ་གཅིག་གིས་མ་ཁྲིད། བུ་རྒྱུད་དེའི་ཕ་མ་གཉིས་གསོན་པོའི་ཚེ་ནས་གསོན་བྲལ་བྱེད་དགོས་བྱུང་བའི་སྡུག་བསྔལ་སུས་རྟོགས། དེང་དུས་རྒྱ་ནག་ནས་ཕ་མ་གསོ་བ་དེ་འགན་འཁྲིའམ་ཁྲིམས་ཞིག་རྩི་བ་མ་གཏོགས། ཕ་མའི་བརྩེ་དུང་ལ་འདངས་རྒྱག་མི་མེད། ཁོ་ཚོས་བུ་རྒྱུད་བཟང་ངན་གྱི་ཚད་ནི། བུ་རྒྱུད་དེས་ཕ་མ་ལ་ལྟ་སྲུང་གི་འགན་འཁྲི་ཡོད་མེད་ལྟ་བ་མ་གཏོགས། བུ་དེས་ཕ་མ་ལ་བརྩེ་དུང་ཡོད་མེད་བཤད་གིན་མེད། རྒྱ་ནག་གི་གྲོང་ཁྱེར་ནང་ལོག་ནས་བྱུང་བའི་གནས་ཚུལ་ཞིག་སྟེ། གནས་ཚུལ་འདི་བཤད་སྐབས་གཞོན་ནུ་རྣམས་ཧ་ལས་རྒྱུ་མེད་ན་ཐང་། ད་དུང་ཁོ་ཚོས་རྒྱུན་ལྡན་གྱི་གནས་ཚུལ་ཞིག་དུ་འཛིན་སྲིད། ཡིན་ཡང་གནས་ཚུལ་དེ་ང་ཚོའི་ཕ་མ་རྣམས་ལ་འབྲེལ་བ་དམ་པོ་ཡོད། དེའི་རྒྱུ་མཚན་གྱིས་གནས་ཚུལ་འདི་བཤད་དགོས་བྱུང་། ལོ་གསར་གྱི་ཉིན་ཞིག ཁ་པ་ཞིག་གིས་ནང་ནས་དུ་བ་མང་པོ་ཡོང་བར་ཁྱིམ་ཚེས་རྣམས་ཀྱིས་མཐོང་། ཁྱིམ་ཚེས་རྣམས་ཀྱིས་དེ་མ་ཐག་སྒོ་རྡུང་ཡང་ཁང་སྒོ་ཕྱེ་མི་མ་བྱུང་། དེ་ནས་༡༡༠ལ་ཁ་པར་གཏོང་། ཉེན་རྟོག་པ་རྣམས་ཀྱིས་ཀྱང་སྒོ་རྡུང་ཡང་ཕྱེ་མཁན་མ་བྱུང་། མཐའ་སྒོ་གཏོར་ནས་ནང་དུ་འཛུལ་སྐབས་རྒན་པོ་ཞིག་གིས་ཤོག་བུ་མེ་ལ་སྲེག་བཞིན་བསྡད་འདུག ཉེན་རྟོག་པས་རྒན་པོས་མེ་ལ་སྲེག་བཞིན་པའི་ཤོག་བུ་ལག་དུ་བླངས་ནས་ལྟས་སྐབས། ཤོག་བུ་དེ་ནི་སྒོ་མོ་མ་བླངས་བའི་དངུལ་འཛིན་ཡིག་ལྷེ་རེད་འདུག ཉེན་རྟོག་པ་ཧང་སངས་ནས་གནས་ཚུལ་ཞིབ་མོ་དྲིས། རྒན་པོ་དེའི་ཆུང་མ་སྔོ་མོ་ནས་ཚེ་ལས་འདས། ཁོ་ལ་ད་བར་བུ་གཅིག་ལས་གང་ཡང་མེད། བུ་དེ་ཧྲིན་ཀྲིན་ལ་ལས་ཀ་སོང་ནས་ལོ་ལྔ་རིང་ཕའི་བྲལ་དུ་མ་སོང་། དེང་སང་གྲོང་ཁྱེར་གྱི་ན་གཞོན་ཕོ་མོ་ཚོས་ཕ་མ་ལ་ཞུབས་ཞུ་སྒྲུབ་པའི་དབང་དུ་གཏོང་ན། དེའི་བུ་དེ་མི་གཞི་མཐའ་མ་ཞིག་མིན། ཟླ་བ་རེའི་ནང་ནས་ཕ་ལ་སྒོར་༥༠༠རེ་སྐུར་གིན་ཡོད། ཡིན་ཡང་ཕ་རྒན་དེ་ངལ་གསོ་རྒན་པོ་ཞིག་ཡིན་པས། སྒོར་མོ་ཐབས་ཆག་གིན་མེད། ཁོ་ལ་དགོས་ངོ་མ་ནི་བུ་དེས་ཁོ་ལ་བཅེང་བའི་བརྩེ་བ་དེ་ཡིན་ལ། བུ་དེས་ཁོ་ལ་ལྟ་བསྐོར་ཞིག་བྱེད་ཡོང་ན་སྙམ་པའི་སེམས་མདངས་དྲགས་པོ་དེ་ཡིན། རྒན་པོས་སྒོར་མོ་འདི་དག་དངུལ་ཁང་ནང་དུ་བཞག་སྟེ་རྗེས་སུ་བུ་གཉེན་སྒྲིག་བྱེད་སྐབས་ད་གཟོད་སྒོར་མོ་འདི་དག་སྟོན་རྒྱུ་ཡིན་སེམས། ཡིན་ཡང་རྒན་པོས་ལོ་གཅིག ལོ་གཉིས། ལོ་གསུམ། མཐར་ལོ་ལྔ་ཙམ་རེ་སྒུག་བྱེད་པའི་འབྲས་བུ་ལ་རེ་ཐག་ཆེད་ནས་དངུལ་འཛིན་ཡིག་ལྷེ་དེ་དག་མེ་སྲེག་དགོས་བྱུང་། རྒན་པོས་དངུལ་འཛིན་ཡིག་ལྷེ་མེ་ལ་སྲེག་པ་དེས། སྒོར་མོས་བརྩེ་དུང་གི་ཚབ་བྱེད་མི་ཐུབ་ལ། ཡོད་ཚད་སྒོར་མོས་དེ་བས་ཐག་མི་ཆོད་པར་མཚོན་གིན་ཡོད། དེ་དུང་གཞོན་ནུ་ཕོ་མོ་ཚོས་ཡོད་ཚད་སྒོར་མོས་ཐག་ཆོག་སྣང་འཆར་ནས་ཁོ་ཚོས་ཕ་མ་ལ་སྒོར་མོ་གཏོག་ཙམ་སྤྲད་རྒྱུ་བྱུང་ན་དེས་དྲིན་ལན་འཇལ་ཐུབ་ཡོད་སེམས། དེང་དུས་རྒྱ་ནག་ལས་དེ་ནི་བུ་བཟང་ཞིག་མི་རྩི་དཀའ་མེད་དུ་གྱུར་ཡོད།
      འགའ་རེས་ཕ་མ་བསད་ནས་དེའི་རྒྱུ་ནོར་རྣམས་ཁྱེར་ནས་བུད་སོང་བ་ཡང་ཡོད། ཉེ་ལམ་གསར་འགྱུར་ཞིག་གི་ནང་དུ། ལོ་ཉེ་ཤུ་རྩ་ལྔར་སླེབས་པའི་བུ་ཞིག་གིས་ཁོའི་ཕ་མ་གཉིས་ཀར་བསད་ནས་དུར་ཁུང་ཞིག་གི་ནས་དུ་སྦས། ཟླ་གསུམ་འགོར་རྗེས་ད་གཟོད་ས་གནས་ཉེན་རྟོག་པས་གོ་ནས་འཛིན་བཟུང་བྱས་འདུག ཁོས་“ངའི་ཆུང་མ་དང་ཕ་མའི་བར་ནམ་རྒྱུན་བཤད་རྒྱུ་མང་པོ་བྱུང་གིན་འདུག ང་རང་སེམས་སྐྱིད་པོ་ཡེ་ནས་མི་འདུག ངའི་ཕ་མ་གཉིས་ལོ་མཐོ་པོར་སླེབས་འདུག ཁོ་གཉིས་གང་ལྟར་ངས་མ་བསད་ཀྱང་ཡུན་མི་རིང་བར་འཇིག་རྟེན་འདི་ནས་འགྲོ་རྒྱུ་རེད ”ཞེས་བཤད། སྐད་ཆ་དེ་གོ་མ་ཐག་ངའི་སེམས་འཇིགས་སྣང་གི་ཁེངས་སོང་། ཁོས་རང་གི་ཕ་མ་བསད་པ་ལ་འགྱོད་བཤགས་མེད་པ་མ་བྱེད་ད་དུང་དཔའ་གཏམ་བཤད་བཞིག་འདུག སྤྱིར་གཏང་རྒྱ་ནག་ལ་ཕ་མ་བསད་པའི་ལོ་རྒྱུས་མང་པོ་ཞིག་བཤད་རྒྱུ་འདུག ཡིན་ཡང་ཕ་མ་བསད་ཚར་རྗེས་དཔའ་གཏམ་བཤད་པ་མཐོང་བ་ཐེངས་དང་པོ་ཡིན། ཡང་བུ་རྒྱུན་འགས་ཕ་མ་དང་མཉམ་དུ་གསང་ལམ་ནས་རྒྱུ་སྐབས་རླངས་འཁོར་བློ་བར་དུ་རྒྱུགས་པའི་གོ་སྐབས་དེ་ལ་གཏད་སྟེ་ཕ་མ་དེའི་རླངས་འཁོར་གྱི་འགྲམ་དུ་བསྙིལ་བ་རེད། དེ་ནས་ཕ་མ་ཤི་ཚར་རྗེས་མི་སྟོང་གི་སྒོར་མོ་དེ་བུ་རྒྱུན་དེ་ཟ་གིན་ཡོད། ང་ཚོའི་མི་རིགས་འདི་ནམ་རྒྱུན་དད་པས་སྟོང་བའི་མི་རིགས་ཞིག་དང་མཉམ་འགྲོ་མཉམ་འདུག་བྱེད་གིན་ཡོད་པས། ནད་ཡམས་འདི་ང་ཚོ་ལ་མི་འགོས་པའི་ངེས་པ་མེད། འདི་ནས་ཡར་རྩིས་པའི་བགྲང་བྱ་གཉིས་སྔོན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུང་གི་མགོ་བའི་བུ་བུ་མོ་གཉིས་རྒྱ་ནག་དམའ་འབྲིང་སློབ་གྲྭ་ཞིག་གི་ནང་དུ་སྐྱེལ། ཁྱིམ་དགོང་སྐབས་བུ་བུ་མོ་གཉིས་ཁྱིམ་ལ་ལོག ཕ་མ་དང་སྤོ་བོ་རྨོ་རྣམས་བུ་བུ་མོ་ཁྱིམ་ལ་ལོག་པས་དགའ་བ་དཔག་མེད་བྱུང་། ཉིན་ཞིག་བུ་དེས་མ་བསམ་ས་ནས་ཕ་རྒན་ལ“སྤོ་བོ་དང་རྨོ་གཉིས་ཀྱིས་ང་ཚོ་ལ་འཚོ་བའི་གྲོན་དངུལ་སྤྲད་མི་དགོས་ཨེ་རེད། འདི་གཉིས་རང་གར་འདི་འདྲ་ཞིག་བསྡད་ན་ཆོག་གམ ”ཞེས་བཤད། ཕ་རྒན་གྱིས་བུའི་འཇིགས་སུ་རུང་བའི་སྐད་ཆ་དེ་གོ་མ་ཐག་ཧང་སངས། སྤྱིར་གཏང་བུ་དེའི་ཕ་རྒན་གོ་མྱོང་ཐོས་མྱོང་ཅན་ཞིག་ཡིན་རུང་། བོད་པ་ཞིག་གིས་ཁ་ནས་དེ་འདྲའི་སྐད་ཆ་བཤད་པ་ཐེངས་དང་པོ་ཡིན་རྒྱུ་རེད། ད་དུང་ཆེས་སྐྲག་དགོས་ས་ཞིག་ནི་འཇིགས་རུང་གྱི་སྐད་ཆ་དེ་ཁོའི་བུས་བཤད་པ་དེ་རེད། ཁོས་བསམ་དོན། བུ་བུ་མོ་གཉིས་སློབ་སྦྱོང་ཡག་པོ་བྱུང་རུང་འདི་འདྲའི་འཇིགས་རུང་གི་བསམ་བློ་སྐྱེ་སོང་ན། དེ་བས་སློབ་སྦྱོང་མེད་ན་བཟང་སྙོམ། དེ་རྗེས་རྒྱ་ནག་གི་སློབ་གྲྭ་ནས་ཕྱིར་འཐུན་བྱས་ཏེ་ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོ་ལ་ཡོད་པར་ཐོས།
     བོད་ཀྱི་ཕ་མ་རྣམས་ཀྱིས་བུ་རྒྱུད་རྣམས་རྒྱ་ནག་གི་སློབ་གྲྭ་ལ་སྐྱེལ་ཤེས་པ་ཙམ་གྱིས་མི་ཆོག ངེས་པར་དུ་མི་གཞི་དང་ཀུན་སྤྱོད་སོགས་ལ་དོ་སྣང་བྱེད་འོས། འཇིག་རྟེན་འདིའི་ཐོག་ནས་བྱ་བ་གང་ཞིག་སྒྲུབ་དགོས་ན་ངེས་པར་དུ་མི་གཞི་བཟང་རྒྱུ་གལ་ཆེ། མི་གཞི་བཟང་ན་ད་གཟོད་སྤྱི་ཚོགས་ལ་བདེ་འཇགས་བསྐྲུན་ཐུབ་ལ་ཁྱིམ་ཚང་ལ་བདེ་སྐྱིད་ཡོད་སྲིད།
 འཇིགས་རུང་གི་བྱ་སྤྱོད།
      དེང་སང་གྲོང་ཁྱེར་ནང་དུ་ཁང་བརྩེགས་ཀྱི་འོག་དང་ཉལ་ཁང་། མི་དམངས་འདུ་ར་ཀྱི་གྱང་ངོས་དང་ཀ་བའི་གདོང་ལ་བཟི་སྨན་དང་མེ་མདའ་སོགས་གཙོང་རྒྱུ་ཡོད་ཞེས་ཁ་པར་ཨང་གྲངས་བྲིས་འདུག བཟི་སྨན་གཙོང་བའི་མི་རྣམས་ཀྱིས་ཉལ་ཐ་དང་མི་གསོ་བྱེད་ཀྱི་དུག་སོགས་ཚོང་རྒྱག་གི་ཡོད། ང་ཚོས་རྩིག་ངོས་ཀྱི་ཡིག་འབྲི་དེ་དག་མཐོང་སྐབས་སེམས་ལ་རང་བཞིན་གྱི་མི་བདེ་བ་སླེབས་སྲིད།
རྒྱ་ནག་གི་གྲོང་ཁྱེར་སོགས་ནས། དཔལ་འབྱོར་སྐྱོབ་གསོའི་བསྒྲིག་འཛུག་ཞེས་པའི་ལས་ཁུངས་མང་པོ་ཞིག་ཡོད། ཁོ་ཚོས་རྒྱུན་དུ་མི་ཚོང་རྒྱག་བཞིན་ཡོད། དབང་བོ་སྐྱོན་ཅན་རྣམས་བྲན་གཡོག་ཏུ་བཙོང་ནས་བཟོ་གྲྭ་དང་གཏེར་ཁུང་དུ་ཉིན་མཚན་ཆོད་དཀའ་བའི་འཚོ་བ་སྐྱེལ་བཞིན་ཡོད།། ད་དུང་ས་ཆ་འགའ་རེད་སྨན་ཁང་ནས། བུད་མེད་སྦྲུམ་མ་རྣམས་བཙན་ཤུགས་ཀྱིས་མངལ་ཤོར་དུ་འཇུག་པ་དང། བྱིས་པ་དམར་འབྱར་ཁ་ཤས་བཙན་དབང་གིས་དྭ་ཕྲུག་ཁང་དུ་སྐྱེལ་བ་དང༌། ཕྲུག་གུ་དེ་དག་གི་ཕ་མ་ཚོས་དུས་ཚོད་ལྟར་སྒོར་མོ་བྱིན་ནས་བྱིས་པ་ཉོ་མ་ཐུབ་ཚེ། ཕྲུ་གུ་འདི་དག་ཕལ་ཆེར་ས་གནས་གཞན་དང་ཐ་ན་ཕྱི་རྒྱལ་དུ་བཙོང་ངེས་པ་རེད། སྤྱིར་སྨན་ཁང་ནི་མི་རྣམས་ཀྱི་ནད་མེད་པར་བྱེད་པའི་ས་ཆ་ཞིག་རེད། དེ་ལ་བདེ་འཇགས་དང་ཞི་བདེ་ཡོད་འོས། སྨན་པ་ནི་ནད་དེ་མེད་པར་བྱེད་པའི་མི་ཞིག་རེད། དེ་ལ་བྱམས་པ་དང་བརྩེ་བ་དགོས། ཡིན་ཡང་དེ་རིང་དེ་ལས་ལྡོག་སྟེ། སྨན་ཁང་ནི་ནག་ཚོགས་པའི་ཚོང་ར་ཞིག་དུ་གྱུར་ནས་ས་དེ་ལ་འཇིགས་སྣང་དང་ལྐོག་ཟ་རུལ་སུངས་ཀྱི་ཁེངས། སྨན་པ་རྣམས་འཇིགས་སྐུལ་བ་དང་ནག་ཚོགས་པར་གྱུར། ཁོ་ཚོ་ལ་སྙིང་རྗེ་དང་བྱམས་པ་གང་ལ་ཡོད། ཉེ་ལམ་གསར་ཤོག་གི་ནང་དུ། ལོ་ཉེ་ཤུ་ལ་ཐོན་པའི་བུ་མོ་སྦྲུམ་མ་ཞིག་བུ་སྐྱེ་མ་ཐུབ་ནས་ཤི་འདུག་ཞེས་ཁོད། བུ་མོ་དེ་སེམས་ཆུང་མ་བྱེས་པས་མངལ་ཆགས། དེ་ནས་བུ་སྐྱེས་པའི་ཉིན་ལ་སླེབས་སྐབས་སྨན་ཁང་དུ་སོང་། སྨན་ཁང་ནང་ནས་ནད་པ་མང་བའི་རྐྱེན་གྱིས་ནད་ཁྲི་མ་རྙེད། བུ་མོ་དེ་འུ་ཐུག་ཐབས་བྱེད་ནས་སྨན་པའི་གཞུང་ལས་ཁང་དུ་སོང་ནས་ངུ་བཞིན་བསྡད། སྨན་པ་ཐུགས་ཁྲོ་ནས་བུ་མོ་དེ་བུ་སྐྱེས་ཁང་དུ་སྐྱེལ། དེ་ནས་ཡུན་རིང་མ་སོང་བར་ལས་འགྲོལ་གྱི་དུས་ལ་སླེབས། སྨན་པ་ཁྱིམ་ལ་ལོག་རྩིས་བྱས་སྐབས་བུ་མོ་དེས་སྨན་པའི་ལག་ནས་བཟུང་སྟེ། ཁྱེད་ཕེབས་མི་ཉིན། ང་སྲོག་སྐྱོབ་རོགས་ཞེས་འབོད་སྐུལ་བྱེད། སྨན་པས་ཁྱོད་ཤི་སོང་ན་སྡུག་གྱོང་རེད། ང་ཁོམ་པ་མེད། འགྲོ་རྒྱུ་ཡིན་ཟེར་ནས་བུད་སོང་། དེ་ཡིན་ཕྱི་ཉིན་ཁང་པ་ཁྲག་གི་ཁེངས་ནས་བུ་མོ་དེའི་ཁོག་ལ་ཡོད་པའི་བུའི་མགོ་ཕྱི་ལ་ཐོན་ནས་ལུས་ཁོག་ཏུ་ལོས་ནས་མ་བུ་གཉིས་ཆར་འཇིན་རྟེན་འདི་ནས་བྲལ་སོང་། ད་དུང་དེ་དང་དེ་འདྲ་བའི་གཏམ་རྒྱུད་མང་པོ་ཞིག་ཡོད། ནད་པ་འགའ་རེ་སྨན་ཁང་དུ་སླེབས་ནས་སྨན་སྟོན་བྱེད་མ་རྙེད་པར་ཤི་བ་ནི་གྲངས་ཀྱི་མི་ལེངས། ཡང་སྨན་ཁང་འགས་ནད་པ་ལ་ཚ་བ་ཞིག་ལས་རྒྱབ་མེད་ན། ནད་དེ་ལྗི་རབ་སོགས་མང་པོ་ཞིག་བཤད་ནས། སྨན་ལོག་སྤྲད་ནས་ནད་ལྗི་མོ་ཞིག་དུ་སྒྱུར། དེ་ནས་རིམ་བཞིན་སྨན་སྤྲད་ནས་ཁོ་ཚོའི་སྨན་ཁང་དུ་སྡོད་བཅོས་བྱེད་དུ་བཅུག དེ་ཡང་ཁོ་ཚོས་སྒོར་མོ་བསྡུས་པའི་ཐབས་ཞིག་རེད། སྨན་པ་འགའ་རེས་ནད་དེ་གསར་བོ་ཞིག་མི་ཤེས། ཕལ་ཆེར་ནད་ཚབ་ཆེན་ཞིག་ཡིན་ས་རེད་ཞེས་བཤད་ནས། ལུས་པོ་ཡོངས་ན་རྟགས་དཔྱད་བྱེད་དུ་བཅུག དེ་དང་དེ་འདྲ་བའི་ཐབས་སྣ་ཚོགས་ལ་བརྟེན་ནས་ནད་པའི་ལག་ནས་སྒོར་མོ་བླངས་གིན་ཡོད།
      སྤྱི་ཚོགས་འདིའི་ནང་དུ་ཡ་མཚན་གྱི་ལམ་ལུགས་ཤིག་ཡོད་པ་ནི། རྫུན་བཤད་མཁན་ལ་རྟག་ཏུ་རྒྱལ་ཁ་ཐོབ་ངེས་པ་དེ་རེད། ཁོ་ཚོས་རྫུན་གཏམ་རེ་རའི་རྒྱབ་སྐྱོར་རྫུན་གཏམ་རྒྱབ་རེད་སྒྲིག་རྒྱུ་ཡོད། དེ་ལྟར་རྒྱུན་རིང་སོང་ཙང༌། མི་རྣམས་གྱིས་རྫུན་སྨྲ་བ་ནི་རྒྱུན་ལྡན་ཞིག་དུ་བརྩི་བཞིན་ཡོད། མི་རེ་རེ་བཞིན་རང་འགུལ་གྱིས་སྐྱག་རྫུན་བཤད། ཐ་ན་སྐྱག་རྫུན་བཤད་པ་ནི་སྤྱོད་བཟང་དུ་བརྩི་་བའི་དུས་ལ་སླེབས་ཡོད།
      དེང་དུས་མི་རྣམས་རྒྱན་འཛིན་ཉོ་བ་ལ་ཤིན་ཏུ་དགའ། ཁོ་ཚོས་ད་སྔོན་རྒྱན་འཛིན་ཉོ་བ་ནི། ཚད་ཡོད་གཞུང་དྲང་གིས་སྒོ་ནས་རྒྱན་དངུལ་ཐོབ་པར་སེམས། དེའི་རྒྱུ་མཚན་གྱིས་རེ་བ་ཡོད་ཚད་ “མཚོན་ལྡན་གྲུ་གུ་གཉིས་”དེ་ལ་བཅོལ། ཡིན་ཡང་རྒྱན་འཛིན་ལྟེ་གནས་ཀྱིས་མང་ཚོགས་རྣམས་ལ་མགོ་སྐོར་ཚད་མེད་གཏོང་། ད་དུང་མང་པོ་ཞིག་གིས་མགོ་སྐོར་དེ་ཚོར་གིན་མེད། མཚོན་ལྡན་གྲུ་གུ་གཉིས་ཡུལ་དངོས་ཐད་གཏོང་རྒྱུད་ནས་བྱེད་སྒོའི་སྐབས་མགོ་མེད་འཇུག་མེད་ཞིག་དུ་གྱུར་ཡོད། དོན་དངོས། ཁོ་ཚོས་རྒྱན་འབྱེད་དེ་སྔོ་མོ་ནས་བརྙན་འབེབས་ཟིན་པ་ཞིག་རེད་མ་གཏོགས་ཐད་གཏོང་མ་རེད། མི་རྣམས་རྒྱན་འབྱེད་དེ་ཐད་གཏོང་ཡིན་པས་སྙོམ་ནས་རེ་བ་ཡོད་ཚད་དེ་ལ་བཅོལ་བཞིན་སྡད་ཡོད། ཡིན་ཡང་ཡིད་ཆད་དགོས་ས་ཞིག་ནི་རྒྱན་འབྱེད་དེ་རྒྱན་འཛིན་ལྟེ་གནས་ཀྱིས་ཚོད་འཛིན་བྱེད་ཡོད་པ་དེ་རེད། ཡང་སྐབས་འགའ་མི་རྣམས་རྒྱན་འཛིན་ཉོ་བའི་ཆེད་དུ་བྱ་དགའ་ཐུབ་པ་ཡང་ཡོད། བྱ་དགའ་དེ་ནི་གཡོ་སྒྱུ་ཞིག་དང་སླུ་བྲིད་ཡིན་པ་ཤེས་འོས།
      ལོ་ཁ་ཤས་ཀྱི་སྔོན་རྒྱ་ནག་གི་གྲོང་ཁྱེར་སོགས་ནས་བརྒྱུད་འཚོང་གི་བྱ་སྤྱོད་གང་མང་ཞིག་བྱུང་། བརྒྱུད་འཚོང་གི་ཚོགས་པའི་དམིགས་ཡུལ་གཙོ་བོ་གྲངས་ཉུང་མི་རིགས་མགོ་སྐོར་གཏོང་རྒྱུ་དེ་ཡིན། ང་ཚོ་བོད་ནས་མི་གྲངས་ཁྲི་མང་པོ་བརྒྱུད་འཚོང་ཚོགས་པའི་མགོ་སྐོར་འོག་དུ་ཚད་མྱོང་། སྤྱིར་སྔོན་ཆད་རྒྱ་ནག་ནས་བརྒྱུད་འཚོང་གི་གནད་དོན་རིམ་དང་རིམ་བྱུང་མྱོང་། དེའི་རྒྱུ་མཚན་གྱིས་རྒྱ་ནག་བ་རྣམས་ཀྱིས་མགོ་སྐོར་དེ་ཤེས་གིན་ཡོད། དེང་དུས་རྒྱ་ནག་ནས་འདི་དང་འདི་འདྲ་བའི་བྱ་ངན་གང་མང་ཞིག་བྱུང་གིན་ཡོད། བྱ་ངན་དེ་དག་གི་ཁྲོད་ལ་གཡོ་སྒྱུ་དང་སླུ་བྲིད་ཡོད། གཡོ་སྒྱུ་དང་སླུ་བྲིད་ཡོད་ཀྱི་སྤྱི་ཚོགས་ནས་མི་རྣམས་ལ་བདེ་སྐྱིད་ཅིག་གང་ལ་ཡོད། དེང་དུས་སྤྱི་ཚོགས་འདི་སྲིད་གཞུང་གིས་མང་ཚོགས་མགོ་བསྐོར་གཏོང་། འགོ་འཛིན་པས་ལས་བྱེད་མགོ་སྐོར་གཏོང་། དགེ་རྒན་གྱིས་སློབ་མ་མགོ་སྐོར་གཏོང་། ཁྱོ་གས་ཆུང་མ་མགོ་སྐོར་གཏོང་། གྲོང་བས་འབྲོག་པ་མགོ་སྐོར་གཏོང་། མདོར་ན་གཅིག་གི་གཅིག་ལ་མགོ་སྐོར་དང་གཡོ་སྒྱུ་ཁོ་ན་ལ་བརྩོན་ནས་བསྡད་ཡོད། འདི་འདྲའི་སྤྱི་ཚོགས་ལ་བདེ་འཇགས་དང་བདེ་སྐྱིད་ཞིག་གང་ལ་ཡོད།
      བཟའ་བཅའི་ནང་ནས་མགྱོགས་ཐུག་ཁོ་ན་ལ་ཆ་མཚོན་ནས་བཤད་ན། མགྱོགས་ཐུག་ནི་སྣུམ་ཚ་བའི་ནང་བསྲེགས་པའི་གྲོ་རྗེན་ཞིག་རེད། སྤྱིར་སྣུམ་བསྲེགས་བྱས་པའི་གྲོ་རྗེན་སོགས་ཟ་རྒྱུ་མང་དྲགས་ན། ངན་འབྲས་ཀྱི་ནད་སྐྱེས་པ་ལ་ཐེ་ཚོམ་མེད། དེ་རྒྱུ་མཚན་གྱི་མགྱོགས་ཐུག་ཟ་བ་མང་སོང་ན་ངན་འབྲས་ཀྱི་ནད་སྐྱེ་སྲིད། ཡང་མགྱོགས་ཐུག་ཕོར་བ་གང་གི་ནང་དུ་རུལ་འགོས་རྫས་དང་སྙོམ་སྨན། དབྱང་འགྱུར་འགོག་རྫས། དབྱིངས་ཞུགས་དུག་སོགས་རྫས་འགྱུར་མང་པོ་ཞིག་བསྲེས་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི་མི་རྣམས་ཟ་བའི་ཚེ་རོ་ཞིམ་པ་དང་བཟའ་བཅའ་དེ་ཚེ་རིང་བའི་ཕྱིར་ཡིན། རྫས་འགྱུར་དེ་དག་མིའི་ལུས་པོར་ཕོག་ན་ཚེ་ཐུང་བ་དང་ནད་མང་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད། དོན་དངོས་མགྱོགས་ཐུག་བཟོ་བའི་མི་རྣམས་ཀྱིས་མགྱོགས་ཐུག་ཟ་ཕོད་གིན་མེད། རྒྱུ་མཚན་ཁོ་ཚོས་མགྱོགས་ཐུག་ནང་དུ་དུག་རིགས་ག་ཚོད་ཡོད་པར་ཤེས། དུག་ཡིན་པ་ཤེས་བཞིན་དུ་དུག་ཟོས་བ་དེ་ནི་སྨྱོ་པ་ཡིན་ངེས། མདོར་ན་ཐུམ་སྒྲིམ་བྱེད་པའི་བཟའ་བཅའ་རྣམས་གོང་གི་མགྱོགས་ཐུག་དང་འདྲ་བར་རྫས་འགྱུར་མང་པོ་ཞིག་བསྲེས་ཡོད། ཤེས་ཡོན་ཅན་གྱི་མི་རྣམས་ཀྱིས་ཐུམ་སྒྲིམ་བྱེད་པའི་བཟའ་བཅའ་དག་ལ་གད་སྙིགས་བཟའ་བཅའ་ཞེས་འབོད་གིན་ཡོད། བཟའ་བཅའ་དེ་དག་ཟ་རྒྱུ་མང་དྲགས་སོང་ན་ལུས་ལ་ནད་མང་བ་དང་ཚེ་ཐུང་བ་སྨོས་ཅི། མཐའ་ན་ཤི་བའི་ཚེ་རོ་བྱ་དང་འབུ་ཡིས་མི་ཟ་བ་ཞིག་དུ་གྱུར་འགྲོ བཟའ་བཅའ་བཟོ་བའི་བཟོ་གྲྭ་རྣམས་ཀྱིས་མི་རྣམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་སོགས་ལ་མདངས་རྩ་བ་ནས་རྒྱག་གིན་མེད། ཁོས་ཚོས་ལས་འབྲས་དང་དྲང་བདེན་ལ་རྡོག་རྫིག་བྱས་ནས་སྒོར་མོ་ཡོང་ཐབས་ཁོ་ན་འབད། དེ་རྒྱུ་མཚན་གྱིས་ང་ཚོའི་འཁོར་ཡུག་དང་སྤྱི་ཚོགས་ལ་བདེ་འཇགས་མེད་པ་ཞིག་དུ་གྱུར་སོང་།
      ཡང་ཞིང་པ་རྣམས་ཀྱིས་ཀྱང་ཤིང་འབྲས་དང་སྔོ་ཚོད་ལ་དུག་རྫས་འདྲེན་ཤེས་པར་གྱུར་ཡོད། ཤིང་འབྲས་དང་སྔོ་ཚོད་གྲངས་ཇེ་མང་དང་ཇེ་ཆེ་འགྲོ་བའི་ཕྱིར་རྫས་འགྱུར་གྱི་དུག་ཁབ་རྒྱག་གིན་ཡོད། དུག་ཁབ་གཙོ་བ་དེ་ནི་སྐྱེ་འཕེལ་གྱི་རྫས་དང་འབུ་འགོག་གི་རྫས་སོགས་ཡིན། ཤིང་འབྲས་དེ་དག་ཟ་བའི་བྱིས་པ་རྣམས་ན་ཚོད་རྫོགས་སླ། དེ་དང་ཆབ་གཅིག་ཏུ་ཚེ་ཐུང་དུ་འགྲོ་བ་དང་ནད་མང་དུ་གྱུར། རྒྱ་ནག་གི་ཞིག་པ་རྣམས་ཀྱིས་རང་གི་ཁྱིམ་ཚང་གི་བཟའ་བའི་སྔོ་ཚོད་དང་ཕྱི་ཕྱོགས་ལ་སྐྱེལ་འདྲེན་བྱེད་པའི་སྔོ་ཚོད་གཉིས་ས་ཆ་ཁ་ཁར་བཏབས་ཡོད། རྒྱུ་མཚན་ཁོ་ཚོས་ནང་མི་ཡིས་དུག་མི་ཟ་ལ་ཕྱི་མི་དུག་དྲངས་གིན་ཡོད།
དེང་དུས་ང་ཚོ་བོད་ལ་ཡང་དེའི་ནད་ཡམས་ཕོག་ནས་ཞོ་དང་མར་སོགས་ཀྱི་མང་དུ་ལྷད་བསྲེ་གིན་ཡོད་པར་ཐོས། ཡིན་ཡང་རྒྱ་ནག་ལྟ་བུ་ཚབ་ཆེན་རང་བཞིན་གྱི་དུག་རྫས་བསྲེ་ཤེས་གིན་མེད། ང་ཚོའི་སློབ་གསོའི་ཀུན་སྤྱོད་ཡར་རྒྱས་མ་སོང་ན། མ་འོངས་པ་ང་ཚོ་བོད་དེང་དུས་ཀྱི་རྒྱ་ནག་ལྟ་བུ་མི་འགྱུར་བའི་ངེས་པ་མེད།
རྒྱ་ནག་གི་སློབ་གསོ།
      སྔོན་ཆད་རྒྱ་ནག་ལོ་རྒྱུས་ཐོག་ཏུ་རྒན་པ་ལ་བཀུལ་སྟུ་དང་ཉམ་ཆུང་ལ་སྙིང་རྗེ་སོགས་ཡ་རབ་ཀུན་སྤྱོད་ཀྱི་རིག་གནས་མང་པོ་ཞིག་ཡོད། དེ་རྗེས་དུས་རབས་བཅུ་དགུ་འཇུག ཉེ་ཤུ་མགོ་ནས་བཙན་རྒྱལ་རིང་ལུགས་པ་རྣམས་ཀྱིས་རྒྱ་ནག་བཙན་འཛུལ་བྱེད་ནས་མཉའ་གནོད་དང་བཤུ་གཞོག་སོགས་ཀྱིས་བྱ་བ་མང་པོར་བྱས། དེ་ནས་རྒྱ་ནག་པ་རྣམས་ཀྱིས་ཀྲུང་གོ་འདི་འདྲའི་ཉམས་ཆུང་ནུས་མེད། རྗེས་ལུགས་ཡིན་པའི་རྒྱུ་རྐྱེན་གང་ལ་ཐུག་འདུག་དཔྱད་པ་གང་མང་བྱས། མཐར་ཡོད་ཚད་ཀྱི་རྒྱུ་རྐྱེན་ནི་སྲོལ་རྒྱུན་རིག་གནས་འདི་ལ་ཐུག་འདུག་ཞེས་བཤད། དེ་ནས་བཟུང་ད་ལྟའི་བར་སྲོལ་རྒྱུན་རིག་གནས་ལ་དགག་པ་རྒྱབ། ལྷག་པར་དུ་རིག་གནས་གསར་བརྗེའི་སྐབས་སྲོལ་རྒྱུན་རིག་གནས་ལ་གཏོར་བརླག་ཚབ་ཆེན་བཟོས། ད་རིང་ཁ་སང་རྒྱ་ནག་པ་རྣམས་“རིག་གནས་གསར་བརྗེ”ཞེས་པའི་ཡིག་འབྲི་བཞི་པོ་ཐོས་མ་ཐག་རྡུང་སྲེག་འཕྲོག་བཅོམ་ཡིད་ལ་འཆར་ནས་མཐའ་གཅིག་དུ་བྱ་ངན་ཞིག་ཏུ་རྩི་བཞིན་འདུག སྲོལ་རྒྱུན་རིག་གནས་གང་འདྲ་མཐའ་སྡུག་ཞིག་ཡིན་ན་དེའི་ནང་ལ་སྙིང་རྡུལ་བཅུད་ལེན་བྱེད་རྒྱུ་ཡོད། ཁོ་ཚོས་སྙིང་རྡུལ་བཅུད་ལེན་གྱི་གནས་ལུགས་མ་རྟོགས་ནས་དེ་རིང་གི་ཡིད་སྐྱོ་བའི་གནས་ཚུལ་འདི་འདྲའི་ཞིག་དུ་གྱུར་སོང་བ་རེད། སྤྱིར་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ནང་དུ་ཡ་རབས་ཀུན་སྤྱོད་ཀྱི་སླབ་བྱ་མང་པོ་ཡོད། ད་དུང་ཡོད་ཚད་ནུབ་ཕྱོགས་ཀྱི་རྗེས་སུ་འབྲང་ནས་ཁོ་པ་ཚོའི་རིག་གནས་འདི་ཡིན་ཟེར་བ་ཞིག་འཇོག་རྒྱུ་མེད།
     དེང་སང་རྒྱ་ནག་ནང་ལོག་ནས་ཀུན་སྤྱོད་སློབ་གསོ་ཞེན་པའི་ཐད་ལ་བཤད་ཚུལ་འདྲ་མིན་འདུག ཡིན་ཡང་སྤྱིའི་ཆ་ནས་རྒྱ་ནག་མཁས་པ་ཚོས་བཤད་པ་ཡིན་ན། གཅིག སྲོལ་རྒྱུན་རིག་གནས་མཐོང་ཆུང་བྱེད་པ། གཉིས། སློབ་གསོའི་གོ་རིམ་འཆུག་པ།
     དེང་དུས་མང་པོ་ཞིག་གི་ཀུན་སྤྱོད་ལ་གནད་དོན་ཆེན་པོ་འདུག་པ་འདི་ནི། སློབ་གསོའི་ཡང་སྙིང་འཆུག་སོང་པ་རེད། སློབ་གསོའི་ཡང་སྙིང་ནི་མི་དང་མིའི་བར་བྱམས་པ་དང་བརྩེ་བ། མཐུན་སྒྲིལ་དང་བརྩི་བཀུར་བྱེད་རྒྱུ་དེ་རེད། མདོར་ན་མི་བཟང་པོ་ཞིག་བྱེད་ཤེས་རྒྱུ་དེ་རེད། མི་བཟང་པོ་ཞིག་བྱེད་མ་ཤེས་ན། བྱ་བ་བཟང་པོ་ཞིག་གང་ནས་འགྲུབ། བྱིས་སློབ་ཁང་ནས་སློབ་ཆུང་། སློབ་ཆུང་ནས་སློབ་འབྲིང་། སློབ་འབྲིང་ནས་སློབ་ཆེན་བར་ལ་མི་བཟང་པོ་ཞིག་བྱེད་ལུགས་དགེ་རྒན་གང་གིས་སློབ་སྟོན་བྱེད་མ་མྱོང་། ཡོད་ཚད་ཀྱིས་སྐར་གྲངས་ནས་སྐར་གྲངས་ཟེར་བ་མ་གཏོགས་གང་ཡང་མེད། དགེ་རྒན་གྱིས་སློབ་མ་དེ་སྐར་གྲངས་མཐོ་པོ་ལོན་ཡོད་ན་བཟང་བསྟོད་དང་ཕ་མས་བུ་རྒྱུད་དེ་སྐར་གྲངས་མཐོ་པ་ལོན་ཡོད་ན་དཔའ་དར་སོགས་ཡོད། ཕ་མ་དང་དགེ་རྒན་སུ་ཞིག་གིས་རང་གི་བུ་རྒྱུད་དམ་སློབ་མ་ལ་ཀུན་སྤྱོད་བཟང་པོ་ཡོད་མེད་རྟགས་མྱོང་། སློབ་གྲྭས་ཀྱང་དགེ་རྒན་གང་གི་སློབ་མ་སྐར་གྲངས་མང་ན་དེ་ལ་དཔའ་པར་སྤྲད་རྒྱུ་མ་གཏོགས། དགེ་རྒན་གང་གི་སློབ་མ་མི་གཞི་བཟང་ན་དཔའ་དར་སྤྲད་རྒྱུ་ཞིག་གང་ལ་ཡོད། ད་དུང་དགེ་རྒན་རྣམས་ཀྱིས་སློབ་མ་རྣམས་ལ་རྒྱུགས་སྤྲད་སྐབས་རྐུ་ལྟ་བྱེད་དགོས། མ་བྱས་ན་བླུན་རྟག་རེད་ཞེས་སློབ་གསོ་གཏོང་གི་འདུག དགེ་རྒན་དེས་ཁོའི་ཟླ་ཕོག་ལ་བསམ་བློ་གཏོང་བ་མ་གཏོགས། སློབ་མའི་མདུན་ལམ་ལ་གནོད་ཚེ་ག་འདྲ་ཡོད་མེད་ལྟ་གིན་མེད། དེང་དུས་ང་ཚོས་སློབ་གསོའི་ཡང་སྙིང་གཞི་ནས་འཆུག་སོང་བ་རེད།
      དེང་དུས་རྒྱ་ནག་ནས་ཁྱིམ་ཚང་གི་སློབ་གསོ། སློབ་གྲྭའི་སློབ་གསོ། སྤྱི་ཚོགས་ཀྱི་སློབ་གསོའི་དམིགས་འདུན་ཡོད་ཚད་འཆུག་ཡོད་པ་རེད། ཁོ་ཚོས་ནམ་ཡིན་ཡང་སྒོ་མོའི་ཆེད་དུ་འགྲོ་བ་མ་གཏོགས་གང་ཡང་མེད། སྒོར་མོ་ཡོད་ན་ད་གཟོད་ཡོད་ཚད་ཡོད་སྙམ་གིན་འདུག སློབ་གྲྭ ཁྱིམ་ཚང་། སྤྱི་ཚོགས་གང་གི་སློབ་གསོའི་དམིགས་ཡུལ་གཙོ་བོ་སྒོར་མོ་རེད། ཏུན་ཤོ་ཕན་གྱིས་ཞི་མི་ནག་པོ་ཡིན་ན་རུང་། དཀར་པོ་ཡིན་ན་ཆོག། གང་ལྟར་བྱི་བ་ཟིན་ན་འགྲིག་ཡོད་ཞེས་བཤད་མྱོང་། སྐད་ཆ་དེ་ལོག་འབྲེལ་བྱེད་ནས་ཁོ་ཚོས་རྐུ་བྱས་ནས་སྒོར་མོ་ཐོབ་ན་འདྲ། ཚོང་རྒྱབ་ནས་སྒོར་མོ་འབྱོར་ན་འདྲ། གང་ལྟར་སྒོར་ན་འབྱོར་སོང་ན་མི་ཚེའི་དམིགས་ཡུལ་འགྲུབ་སོང་བ་རེད་ཞེས་སློབ་གསོ་གཏོང་གིན་འདུག སློབ་གསོ་དེ་རྐྱེན་གྱི་དེ་རང་གི་སྤྱི་ཚོགས་འཇིགས་སུ་རུང་བ་ཞིག་ཏུ་གྱུར་སོང་།
     དེང་དུས་རྒྱ་ནག་གི་གྲོང་ཁྱེར་སོགས་ནས། མི་ལ་རོགས་སྐྱོར་བྱེད་མི་ཕོད་པའི་གནས་ཚུལ་ཡོད། ཉེ་ལམ་གསར་འགྱུར་ཞིག་གི་ནང་དུ། རྒན་མོ་ཞིག་ཟས་ཁང་ནང་དུ་བློ་བར་དུ་ཁྲག་མགོ་མཐོ་ནས་དྲན་མེད་དུ་བརྒྱལ། སྐབས་དེར་ཟས་ཁང་བདག་པོས་སྨན་ཁང་ནང་དུ་བསྐྱལ། རྒན་མོའི་བུ་རྒྱུད་ཀྱིས་ཟས་ཁང་བདག་པོ་ལ་བཀའ་དྲིན་མི་ཞི་བར་མ་བྱེད། ཟས་ཁང་ནང་ནས་རྒན་མོ་ལ་དུག་དྲངས་སོང་བ་རེད་ཞེས་གྱོད་རྒྱབ། དེ་ནས་རྒན་མོ་དྲན་པ་ལས་སོས། རྒན་མོ་ཀྱང་ཟས་ཁང་ནང་ནས་ཟས་ཞིག་ཟོས་རྗེས་དྲན་མེད་དུ་བརྒྱལ་སོང་ཞེས་བཤད། དོན་ངོ་མ་རྒན་མོ་ཟས་ཁང་ནས་ཟ་མ་མ་ཟོས་གོང་དུ་དྲིན་མེད་དུ་བརྒྱལ་སོང་བ་རེད། མི་བཟང་དེ་ལ་བཟང་ལེན་མེད་པ་མ་བྱེད། རྒན་མོའི་སྨན་རིན་སྤྲད་དགོས་བྱུང་། དེ་དང་དེ་འདྲ་བའི་གནས་ཚུལ་མང་པོ་ཞིག་བཤད་རྒྱུ་ཡོད། མདོར་ན། གསང་ལམ་ནས་རྒན་ཁོག་ཞིག་ལེངས་མ་ཐུབ་པས་བསྡད་ཡོད་ན། དེ་ལ་རོགས་བྱས་འདོད་ཡོད་རུང་བྱེད་ཕོད་གིན་མེད། གལ་སྲིད་རོགས་བྱས་ན་གོང་གི་གནས་ཚུལ་དེ་མི་འབྱུང་བའི་ངེས་པ་མེད། གནས་ཚུལ་དེ་རྒྱ་ནག་ནས་རྒྱུན་ཤེས་ཞིག་དུ་སྣང་།
      ཡང་ཕ་མ་རྣམས་ཀྱིས་རང་གི་བུ་རྒྱུད་ས་གྲགས་གནམ་གྲགས་ཅན་གྱི་མཁས་པ་ཞིག་དུ་སྐྱེས་སྲིང་བྱེད་འདོད་ཡོད། བུ་དེ་འགྲོ་ཤེས་པ་ནས་བཟུང་སྟེ་ཐབས་ཤེས་གང་དྲག་གིས་སྒོ་ནས་སློབ་སྦྱོང་ལ་ཧུར་བརྩོན་བྱེད་དུ་བཅུག ཡིན་ཡང་བློ་ཕམ་པ་ཞིག་ལ་སློབ་གསོའི་ཡང་སྙིང་མཆུག་ནས་བུ་རྒྱུད་དེ་མྱི་མྱི་ལམ་ནས་མི་འགྲོ་བར་ཁྱི་ལམ་འགྲོ་གིན་འདུག རྒྱ་ནག་གི་སློབ་མ་ཞིག་ལོ་བཅུ་གསུམ་ཐོག་ནས་ཧུའུ་ནམ་སློབ་ཆེན་རྒྱུགས་འཕྲོད། ལོ་བཅུ་བདུན་ཐོག་ཀྲུང་གོའི་ཚན་རིག་རབ་འབྱམས་པའི་སྡེ་ཁག་ལ་རྒྱུགས་འཕྲོད། ཡིན་ཡང་རབ་འབྱམས་པ་སྟོན་ནས་ལོ་གཉིས་སོང་སྐབས། ཡོད་ཚད་ཕྱིར་ཐེད་བྱས་སོང་། འདི་ནས་མི་རྣམས་ཡ་མཚན་རྒྱུ་རེད་། རྒྱུགས་ནམ་སྤྲད་ན་དང་པོ་མིན་ན་གཉིས་པ་ཡིན་པའི་སློབ་མ་དེ་གང་འདྲ་ཞིག་གིས་ཕྱིར་ཐེད་བྱས་ཡོད། རྒྱུ་མཚན་ནི་ལས་སླ་མོ་ཞིག་རེད། ཁོ་སློབ་སྦྱོང་བཟང་རུང་། སྤྱི་ཚོགས་ཐོག་མི་དང་མི་བར་འབྲེལ་བ་མི་ཤེས་ལ། འཚོ་བའི་ནུས་ཤུགས་ཧ་ཅང་ཞེན། དེས་རྐྱེན་གྱིས་ཡིག་ཚད་གཏོང་ས་རྙེད་གིན་མེད། དེ་རྗེས་གསར་འགོད་པས་སློབ་མ་དེའི་ཨ་མ་ལ་བུ་འདི་འདྲ་ཞིག་བྱུང་དགོས་པའི་རྒྱུ་རྐྱེན་དྲིས། ཨ་མས་བཤད་དོན། “ ངས་ཁོ་ཆུང་དུས་ལས་ཀ་ཡེ་ནས་ལས་བཅུག་གི་མེད། ཉིན་ཞིག་ཁོས་ཕྱགས་མ་བཟུང་ནས་རྡུལ་ཕྱགས་བྱེད་གིན་འདུག ངས་དེ་མ་ཐག་ཁོའི་ལག་ནས་ཕྱགས་མ་བླངས་ཏེ། ལག་པ་འདི་མ་འོངས་པ་ཁྱོད་ཀྱིས་སྨྱུ་གུ་འཛིན་བྱེད་དང་རྩིས་ཆས་བཟུང་བྱེད་རེད་མ་གཏོགས་ཕྱགས་མ་བཟུང་བྱེད་མ་རེད་ཞེས་ཁ་རྡུང་དྲགས་པོ་བྱས། དེ་ནས་བཟུང་སྟེ་བུས་ལས་ཀ་ཡེ་ནས་ལས་མ་མྱོང་། ” མ་རྒན་འདིས་དཀའ་ལས་གང་མང་རྒྱབ་ནས་བུ་སེང་གེ་འདྲ་བ་ཞིག་གསོ་སྐྱོང་བྱེད་པར་འདོད། ཡིན་ཡང་གནས་ཚུལ་ཆུང་ཆུང་ཞིག་གིས་བུའི་མི་ཚེའི་དོན་སྙིང་ཡོད་ཚད་རླགས་སོང། མཐར་ཅི་ཡང་མེད་པའི་ཁྱི་འཁྱམས་འདྲ་བ་ཞིག་གྱུར། སྤྱིར་ཚན་རིག་པ་ཡིན་ན་འདྲ། ཕལ་ཆེར་གྱི་མི་ཞིག་ཡིན་ཆོག གང་ལྟར་མི་ཞིག་ཡིན་པའི་ཆ་ནས་མ་མཐའ་ཡང་མི་དང་མིའི་བར་ལ་འབྲེལ་བ་བྱེད་ཤེས་དགོས། མི་དང་མིའི་བར་ལ་འབྲེལ་བྱེད་མི་ཤེས་པའི་མི་དེས་ལས་ཀ་གང་འདྲ་ཞིག་འགྲུབ་རྒྱུ་རེད། དེའི་རྒྱུ་མཚན་གྱིས་བོད་ཀྱི་ཕ་མ་ཚོས་བུ་རྒྱུད་ཀྱི་སློབ་གསོའི་ཡང་སྙིང་འཆུག་མི་རུང།
 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།