སློབ་ཆུང་སློབ་མར་མཁོ་བའི་རྩོམ་ཡིག་དུས་དེབ་དང་ཚགས་པར་སོགས་འདོན་སྤེལ་དགོས་པའི་ཕན་འབྲས་སྐོར་ཕྲན་ཙམ་གླེང
རྩོམ་པ་པོ།  ལྷག་པ།    སྤེལ་དུས།  2014-08-03 20:15:39    རྡེབ་ཚད།     ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཤེས་རིག་གི་དྲ་བ་འཛམ་གླིང་ཡུལ་གྲུ་ཁྱོན་དུ་སྣོལ་བའི་རྗོགས་ལྡན་གྱི་སྐལ་བཟང་འདིར་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་གཞོན་སྐྱེས་ཤེས་ཡོན་ཅན་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་གསར་དུ་བྱུང་དང་འབྱུང་བཞིན་པ་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད། དེས་ན་ང་ཚོའི་འཁྲིས་སུ་ཡོད་པའི་མ་འོངས་པའི་མེས་རྒྱལ་གྱི་རྒྱུད་འཛིན་པ་དང་མི་རིགས་ཀྱི་རེ་བ་ཡིན་པའི་སློབ་བུ་དག་གིས་ཅི་ཞིག་ཤེས་འདོད་ཀྱི་མིག་ཟུང་ཅེར་འདུག་པ་མཐོང་དུས། ང་ཚོ་སློབ་གསོའི་ཐབས་ལ་འབུངས་པའི་དགེ་རྒན་ཚོའི་ཕྲག་སྟེང་དུ་བབས་པའི་འགན་འཁྲི་ནི་དེ་བས་ཀྱང་ལྕི་བ་ངང་གིས་ཤེས་བྱུང་། དེས་ན་ང་ཚོས་ཁོ་ཚོའི་མདུན་ལམ་ཐད་བསམ་གཞིག་མང་པོ་བྱ་དགོས་ལ་ཐབས་བརྒྱ་ཇུས་སྟོང་གིས་ཁོ་ཚོ་ལེགས་ལམ་དུ་འཁྲིད་གང་ཐུབ་བྱ་དགོས། དེང་གི་ཆར་སློབ་གྲྭའི་ཤེས་རིག་ལྡུམ་ར་ཆེན་མོ་འདིར་སྔར་མེད་ཀྱི་སློབ་མའི་དུས་དེབ་དང་ཚགས་པར་སོགས་དབྱར་ར་བའི་མེ་ཏོག་ཞལ་ཕྱེ་བ་ལྟར་འཕེལ་རྒྱས་ཕྱིན་ཡོད། གཤམ་དུ་ཉིད་ཀྱིས་རང་སློབ་གྲྭའི་དབུ་ཁྲིད་དང་ལས་རོགས་ཚོའི་རྒྱབ་སྐྱོར་དང་རོགས་རམ་འོག་བགྲང་བྱ་དྲུག་ཙམ་གྱི་རིང་ལ་སློབ་གྲྭའི་ནང་ཁུལ་གྱི་དུས་དེབ་ཅིག་གི་སྒྲུབ་འགན་ཁུར་པ་བརྒྱུད་སློབ་མར་ཕན་འབྲས་ཆེན་པོ་ཡོད་པའི་སྐོར་ནས་རང་གི་མྱོང་བ་ཕྲན་ཙམ་གླེང་རྒྱུ་ཡིན།un4རྨ་ཡུལ་ཁྲི་ཀའི་ཤེས་རིག་གླིང་།

དང་པོ། སློབ་མའི་རྩོམ་ཡིག་བཀོད་པའི་དུས་དེབ་དང་ཚགས་པར་འདོན་སྤེལ་བྱས་ན་ཕན་པ་ཆེན་པོ་ཡོད།
(1)སློབ་མའི་ལྟ་ཀློག་གི་ལམ་སྣེ་འདྲེན་ཐུབ།
ང་ཚོས་དགེ་རྒན་རང་ཉིད་ཀྱི་ཤེས་བྱ་ཁ་སྐོང་བྱ་རྒྱུ་མ་ཟད་དེ་བས་གལ་ཆེ་བ་ནི་གཤམ་འོག་ཏུ་ཡོད་པའི་བློ་གསར་གྱི་བྱིས་པ་དག་རེད།ང་ཚོས་སྣོད་སྟུན་གྱི་རིག་སྟོབས་དང་ལོ་ཚད་མཐུན་པ། ཤེས་བདེ་ལ་ལྟ་ཀློག་བྱེད་སྤྲོ་བའི་སློབ་མ་སོ་སོས་བྲིས་པའི་རྩོམ་ཡིག་ལེགས་སྒྲིག་བྱེད་ཅིང་རྩོམ་ཡིག་དེབ་ཆུང་བཟོས་ནས་ནང་ཁུལ་དུ་བཀྲམ་ན་ན་མཉམ་བྱིས་པ་ཚོས་དེར་དོ་སྣང་ཆེན་པོ་བྱེད་པར་མ་ཟད་གཞན་གྱིས་བྲིས་པའི་རྩོམ་ཡིག་ལྟ་ཀློག་བྱ་རྒྱུར་བློ་སྒོ་འབྱེད་ཐུབ་ཅིང་།ཁོ་ཚོའི་དཔེ་དེབ་མང་པོར་ལྟ་བའི་མོས་པ་ཤུགས་ཆེ་རུ་ཕྱིན་ནས་རང་རྒྱུད་ལ་ཤེས་བྱ་མང་པོ་འཕེལ་ཐུབ་ལ་སློབ་མའི་གཞན་སྐུལ་དེ་རང་འགུལ་ཅན་དུ་འགྱུར་ཐུབ།
(2)རང་འགུལ་གྱིས་ནུས་པ་གསོ་སྐྱོང་བྱེད་ཐུབ་པ།
ཨེ་དབྱིན་སི་ཐན་གྱིས་དགའ་ཞེན་ནི་ཆེས་བཟང་བའི་དགེ་རྒན་ཡིན་ཞེས་གསུངས་པ་ལྟར་སློབ་མའི་རང་འགུལ་ནི་དགའ་ཞེན་ལས་བྱུང་བ་ཡིན་ཞིང་རང་འགུལ་མེད་ན་བརྩོན་སེམས་ཡོད་མི་སྲིད། སློབ་མའི་རང་འགུལ་གྱིས་ནུས་པ་གསོ་སྐྱོང་བྱ་རྒྱུ་ནི་ཆེས་གལ་འགངས་ཆེ་བ་ཞིག་རེད། དེ་ལྟར་རང་ཉིད་ཀྱིས་རང་སློབ་གྲྭའི་ནང་ཁུལ་གྱི་དུས་དེབ་སྟེང་རྩོམ་བསྡུ་བའི་བྱེད་སྒོ་ཞིག་སྤེལ་བ་དང་བརྟག་དཔྱད་བྱེད་པར་གཞིགས་ན།ལོ་རིམ་དྲུག་པའི་སློབ་མ33ནང་ནས་སློབ་མ25ཡིས་གཏན་འབེབས་དུས་ཚོད་ལས་སྔ་ནུར་གྱིས་ལེགས་སྒྲུབ་ཟིན་འདུག དེས་ན་སློབ་མ་ཚོས་དུས་དེབ་ཐོག་རང་ཉིད་ཀྱི་རྩོམ་ཡིག་མཐོང་ཐུབ་ན་ཅི་མ་རུང་སྙམ་པའི་བློ་སྐྱེས་ནས་སློབ་མ་སོ་སོས་རྩོམ་ཡིག་མང་དག་གཅིག་བྲིས་ནས་རྒན་ལགས་ལ་འབུལ་བ་དང་དེ་མིན་རང་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་ལ་དོ་སྣང་མང་པོ་བྱེད་ཀྱིན་འདུག་ལ།བརྟག་དཔྱད་དེར་གཞིགས་ན་སློབ་མའི་རྩོམ་ཡིག་བཀོད་པའི་དུས་དེབ་དང་ཚགས་པར་གྱིས་སློབ་མའི་རྩོམ་ཡིག་འབྲི་བའི་དགའ་མོས་སྐྱེད་སྲིང་བྱེད་ཐུབ་ལ་རྩོམ་ཡིག་འབྲི་རྒྱུའི་གཞན་སྐུལ་དེ་རང་འགུལ་ཅན་དུ་བསྒྱུར་ནས་རྩོམ་འབྲིའི་སྤྲོ་སྣང་གསོ་སྐྱོང་བྱེད་ཐུབ།
(3)ཤེས་བྱ་སྣ་མང་ཁོང་དུ་ཆུད་རྒྱུར་ཕན་པ་ཆེ་བ།
ང་ཚོས་ལས་དྲ་གཞན་གང་མགོ་བརྩམས་ཀྱང་ཐོག་མར་དེར་མཁོ་བའི་རྒྱུ་ཆ་གསོག་འཇོགས་བྱ་དགོས།དེ་ན་རྩོམ་ཡིག་འབྲི་བར་རྩོམ་ཡིག་གི་རྒྱུ་ཆ་མང་དག་བསོག་འཇོག་བྱ་དགོས།ང་ཚོས་སློབ་མ་སོ་སོས་བྲིས་པའི་རྩོམ་ཡིག་ཡིན་ཡང་ཁོ་ཚོས་དེར་དཀའ་བ་མང་པོ་སྤྱད་ཡོད་པ་སྟེ་གཅིག་ནས་བཟོ་བཅོས་ཐེངས་མང་བྱ་དགོས་པ་དང་གཉིས་ནས་དེར་མཁོ་བའི་དཔེ་དེབ་མང་པོར་བལྟས་ནས་ཤེས་བྱའི་རྒྱུ་ཆ་མང་པོ་ཞིག་གསོག་འཇོག་བྱེད་པའི་ཞོར་དུ་ཤེས་བྱ་མང་པོ་ཞིག་ལ་རྒྱུས་མངའ་ཡོང་བས།ཤེས་བྱ་སྣ་མང་ཁོང་དུ་ཆུད་རྒྱུར་ཕན་པ་ལྷག་པར་ལྡན་པས་སློབ་མའི་རྩོམ་ཡིག་འབྲི་ཞོར་དུ་ཤེས་བྱའི་ལམ་སྣེ་འདྲེན་ཐུབ།དེས་མི་ཚད་ད་དུང་སྒྲུང་དང་གཏམ་དཔེ། དེ་བཞིན་རི་མོ། བདེ་འཇགས་ཤེས་བྱ།སྒྲིག་སྲོལ་སྒྲིག་ལམ།གཙང་སྦྲ་འཕྲོད་བསྟེན་སོགས་ཀྱི་ཤེས་བྱ་ཞོར་དུ་མཁོ་སྤྲོད་བྱས་ནས་སློབ་མ་ཚོས་ལྟ་ཀློག་བྱས་ནས་ཤེས་བྱ་མང་པོ་ཞིག་ལ་དགའ་མོས་སྐྱེད་སྲིང་བྱས་ནས་སོ་སོར་དགའ་བའི་ཤེས་བྱ་སྣེ་མང་ཤེས་པར་ཕན་པ་ཆེན་པོ་ཡོད།
(4)གོང་འོག་ཚང་མས་རྒྱབ་སྐྱོར་བྱ་དགོས།
ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་ནི་དགེ་རྒན་དང་སློབ་གྲྭ ཁྱིམ་ཚང་། སྤྱི་ཚོགས་བཅས་ཕྱོགས་ཡོངས་ཀྱི་འགན་འཁྲི་ཡིན། དེས་ན་གྲོང་གསེབ་ཀྱི་སློབ་མའི་དཔེ་དེབ་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་ནི་སྤྱི་ཚོགས་ཧྲིལ་པོའི་འགན་འཁྲི་ཡིན་པ་ལས་དགེ་རྒན་རེ་གཉིས་དང་སློབ་ཕྲུག་རེ་གཉིས་ཀྱི་ཆེད་དུ་མིན་པས་སློབ་གྲྭའི་སློབ་མའི་དུས་དེབ་པར་སྐྲུན་བྱེད་པར་གོང་རིམ་གྱི་བསམ་པའི་མཛུབ་སྟོན་དང་། དགེ་བའི་བཤེས་གཉེན་རྣམས་པའི་དགོངས་ཆར་དང་རོགས་རམ་བཅས་ཕྱོགས་ཡོངས་ཀྱིས་ཕར་བ་གྲུ་འདེགས་བྱས་ནས་བྱུང་བ་ཞིག་ཡིན།
རྩོམ་ཡིག་འབྲི་རྒྱུ་ནི་སློབ་ཆུང་སློབ་མའི་ངོས་ནས་བརྗོད་ན་ཧ་ཅང་ཡིད་ཐང་ཆད་པའི་བྱ་བ་ཞིག་ལ་བརྩི་བཞིན་ཡོད་པས། གནད་དོན་དེའི་རིགས་ཐག་གཅོད་བྱེད་ཕྱིར་རང་ཉིད་ཀྱིས་སློབ་ཆུང་སློབ་མའི་རྩོམ་ཡིག་གི་ནང་ཁུལ་དུས་དེབ་ཆུང་ཆུང་ཞིག་བཟོས་པ་ཡིན་པས། ད་ཕན་སློབ་མར་ཕན་འབྲས་ཆེན་པོ་བྱུང་སོང་བས་དེ་ལྟ་བུའི་རྩོམ་དེབ་དང་ཚགས་པར་སོགས་མང་ཙམ་འདོན་སྤེལ་བྱས་ན་ཕན་པ་ཆེན་པོ་འདུག་སྙམ་པས། དེའི་ཐད་མཁྱེན་ལྡན་རྣམས་ཀྱིས་དཔྱད་པ་ཐོབ་པའི་རེ་བ་ཡོད།
གཉིས་པ། རོང་འབྲོག་ཁུལ་གྱི་སློབ་གྲྭར་དུས་དེབ་དང་ཚགས་པར་སོགས་ལྟ་ཀློག་དཔེ་དེབ་ཉུང་དྲགས་པ།
དེང་གི་ཆར་མ་གཞིར་དུས་དེབ་དང་ཚགས་པར་སོགས་ཧ་ཅང་མང་པོ་ཡོད་རུང་གྲོང་གསེབ་ཏུ་སློབ་མའི་ན་ཚོད་དང་མཚམས་ལ་ལྟ་བདེ་ལ་ཉན་སྤྲོ་བའི་སློབ་མའི་དཔེ་དེབ་ཧ་ཅང་ཉུང་བས།ཁོ་ཚོར་འཚམས་པའི་དཔེ་དེབ་མཁོ་སྤྲོད་བྱ་རྒྱུ་ནི་གལ་ཆེར་རློམ། རོང་འབྲོག་ཁུལ་གྱི་སློབ་གྲྭ་མི་ཉུང་བ་ཞིག་ལ་སྦྱང་བྱའི་སློབ་དེབ་ཕུད། ངལ་གསོའི་དུས་ཚིགས་སུ་ལྟ་འདོད་པའི་དཔེ་དེབ་སྟེ།དཔེར་ན་སྒྲུང་དེབ་དང་དེ་མིན་སློབ་མའི་ཚགས་པར་སོགས་མེད་རྐྱེན་སློབ་མས་སློབ་དེབ་ཁོ་ནར་བརྟེན་ནས་ཤེས་བྱ་ལེན་པའི་ཐབས་ཇུས་མཁྲེགས་པོ་དེས་ཟུར་དུ་ཁོ་ཚོར་སློབ་སྦྱོང་བྱེད་པའི་མོས་པ་ཞན་དུ་སོང་ནས་སློབ་སྦྱོང་བྱ་རྒྱུ་ནི་ཧ་ཅང་དཀའ་ཚེགས་ཆེ་བའི་གནད་དོན་ཞིག་ཏུ་བརྩི་བཞིན་ཡོད།
      རོང་འབྲོག་ཁུལ་གྱི་སློབ་གྲྭ་ཁག་ཏུ་མ་གཞིར་དཔེ་ལྟ་ཁང་ཆུང་ཆུང་རེ་ཡོད་ཀྱང་དེ་ཚོའི་ནང་ཡོད་པ་ནི་ན་ཚོད་དང་མི་འཚམ་ལ་ནང་དོན་ཐད་ཀྱང་ཧ་ཅང་གོ་དཀའ་བའི་དཔེ་དེབ་ཤ་སྟག་ཡིན་པས་སློབ་མའི་ལྟ་འདོད་ཀྱི་སེམས་རིམ་བཞིན་ཡལ་ནས་དཔེ་དེབ་གཞན་བལྟ་རྒྱུར་ཡང་འགོག་རྐྱེན་བཟོ་བཞིན་ཡོད། སློབ་མའི་ན་ཚོད་དང་འཚམ་པའི་དཔེ་དེབ་འདོན་སྤེལ་བྱས་ན་ཕན་པ་ཆེན་པོ་ཡོད་དེ། ལྷག་པར་རི་མོ་དང་འབྲེལ་བའི་དཔེ་དེབ་ལ་དེ་བས་དགའ་བོ་བྱེད་ཀྱིན་ཡོད། རྒྱུ་མཚན་ནི་སློབ་མས་རི་མོ་ལྟ་ཞོར་དུ་ཤེས་བྱ་མང་པོ་ཞིག་ཤེས་འགྲོ་བས་དཔེ་དེབ་དེ་རིགས་ལ་སློབ་མས་ཧ་ཅང་དགའ་བོ་བྱེད་ཀྱིན་ཡོད། དེ་བས་སློབ་མ་རང་ཉིད་ཀྱིས་བལྟས་ནས་སྦྱངས་པའི་ཤེས་བྱ་རྣམས་བརྗེད་དཀའ་བ་སོགས་ཀྱི་ཕན་པ་ཡོད། སློབ་མས་གཙོ་བོ་རི་མོའི་ཐོག་བཞག་པ་དང་ཞོར་དུ་དེ་མིན་གྱི་ཤེས་བྱ་ཤེས་རྒྱུར་ནུས་པ་ལྷག་པར་ལྡན།
སློབ་མས་རྒྱན་ཚིག་དང་གོ་དཀའ་བ་མ་ཡིན་པའི་དཔེ་དེབ་ཧ་ཅང་ཀློག་བདེ་ལ་ནང་དོན་གོ་བདེ་བ་སོགས་སྟབས་བདེ་བའི་དཔེ་དེབ་དག་གིས་སློབ་མའི་བློ་འགུགས་པའི་ནུས་པ་ཤིན་ཏུ་ཆེ། རང་ཉིད་ཀྱི་མཐོང་ཆོས་ལྟར་ན་ཉེ་དུས་གྲོང་གསེབ་ཁུལ་དུ་སློབ་མའི་ན་ཚོད་དང་འཚམ་པའི་དཔེ་དེབ་ཉུང་དྲགས་པས།སློབ་མས་སྣ་མང་ཤེས་བྱ་ཤེས་རྒྱུར་ལམ་སྣེ་འདྲེན་མི་ཐུབ་པས། དེ་ལྟ་བུའི་གནད་དོན་དག་གྲོང་གསེབ་ཀྱི་སློབ་གྲྭ་ཁག་ཏུ་ཐོན་དང་ཐོན་བཞིན་ཡོད་པས། དེའི་ཐད་བསམ་གཞིག་མང་ཙམ་གནང་རྒྱུའི་རེ་བ་ཆེན་པོ་ཡོད།
       མདོར་ན་རོང་འབྲོག་ཁུལ་གྱི་སློབ་མའི་དུས་དེབ་དང་ཚགས་པར་སོགས་མང་ཙམ་འདོན་སྤེལ་བྱས་ན་ཕན་འབྲས་ཆེ་བ་སྟེ། གཅིག་ནས་ལྟ་རྒྱ་ཐོས་རྒྱ་ཞན་པའི་བྱིས་པ་མང་དག་ཅིག་གྲོང་གསེབ་ཏུ་ཡོད་པ་དང་། གཉིས་ནས་གྲོང་གསེབ་དེ་ལྟ་བུའི་ཤེས་བྱ་ལེན་པའི་ཁོར་ཡུག་མེད་རྐྱེན་ང་ཚོས་ཁོ་ཚོའི་ལོ་ཚད་དང་འཚམ་པའི་དཔེ་དེབ་མང་པོ་ཞིག་མཁོ་འདོན་བྱས་ན་ཕན་པ་ཆེན་པོ་ཡོད་པར་སྙམ། དེ་ལྟར་བྱུང་ན་མ་འོངས་པའི་ང་ཚོའི་མེས་རྒྱལ་གྱི་རྒྱུན་འཛིན་ཤེས་ལྡན་པའི་མི་སྣ་བཟང་པོ་དག་ཏུ་ཡོང་རྒྱུར་ཐེ་ཚོམ་མེད་ལ། ང་ཚོའི་སློབ་བུ་དག་གིས་སློབ་སྦྱོང་བྱ་རྒྱུའི་དགའ་མོས་སྐྱེད་སྲིང་བྱེད་ཐུབ་ངེས་ཡིན་པས།ང་ཚོས་ཁོ་ཚོའི་སློབ་སྦྱོང་གི་ཐབས་ཤེས་དང་སློབ་སྦྱོང་གི་ཆ་རྐྱེན་ཐད་ཀྱི་གནད་དོན་དག་ལ་བསམ་གཞིག་མང་ཙམ་གནང་དགོས། །
རྩོམ་པ་པོ་ནི་བོད་ལྗོངས་རྣམ་གླིང་རྗོང་སོག་ཆེན་ཤང་སློབ་ཆུང་གི་དགེ་རྒན་ཡིན།
མཚོ་སྔོན་བོད་ཡིག་གསར་འགྱུར།2014·06·20།པར་ངོས17པ།
支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།