འཛིན་བདག་འོས་མཚམས་ཤིག་ཇི་ལྟར་བྱེད་པའི་སྐོར་
རྩོམ་པ་པོ།  སྙིང་མོ་བྱམས།    སྤེལ་དུས།  2012-09-20 17:42:45    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

                                                                                  གླེང་གཞི།
        འཛིན་བདག་གིས་བསླབ་ཚན་ཁྲིད་དཔྱོད་དང་། ཡིག་རྒྱུགས་ཚོད་བགམ་སོགས་དགེ་རྒན་གྱི་རྒྱུན་ལས་དེ་དག་བསྒྲུབ་དགོས་པ་མ་ཟད། འཛིན་གྲྭ་གང་ཞིག་གི་བདག་པོར་གྱུར་རྗེས་སློབ་མའི་དུས་རྒྱུན་གྱི་འཚོ་བ་དང་། སློབ་སྦྱོང་གི་གྲུབ་འབྲས། བསམ་བློ་ཀུན་སྤྱོད་ཀྱི་གནས་སྟངས། སློབ་མའི་གཤིས་རྒྱུད་ཀྱི་གྲུབ་ཚུལ་བཅས་ལའང་ཤེས་རྟོགས་ཟབ་མོ་བྱེད་དགོས་ཤིང་། རིམ་བཞིན་སློབ་མ་རྣམས་དང་འདྲིས་ཏེ་གྲོགས་པོའི་འབྲེལ་རྒྱུན་བསྐྱངས་ནས་སློབ་མའི་ཕྱོགས་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་དམིགས་དགོས། ལྷག་དོན་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ནི་ན་ཚོད་ཕྲ་ཞིང་། བསམ་སྤྱོད་ཀྱང་བྱིས་དུས་ཀྱི་མཚར་སྣང་དང་སྐྲག་སྣང་གཉིས་འདྲེས་ཀྱི་དུས་སུ་འཁེལ་ཡོད་ཕྱིར། ཐབས་ལམ་ལེགས་པོ་ཞིག་གི་སྒོ་ནས་དེ་དག་དྲང་ལམ་དུ་འཁྲིད་དགོས་པ་ཡིན་ཏེ། ཏག་ཏག་འགན་འཁྲི་དེའི་རིགས་ནི་འཛིན་བདག་གི་ཕྲག་སྟེང་དུ་བབས་ཡོད་ལ། འཛིན་བདག་ལེགས་པོ་ཞིག་བྱེད་པ་དང་རིམ་བཞིན་འཆག་པར་བྱ་རྒྱུ་དེ་སློབ་མའི་གསོ་སྐྱོང་ཐད་དོ་གལ་ཆེན་པོ་གནང་དགོས་པའི་དོན་བྱ་ཞིག་ཡིན།

གཅིག སློབ་མ་དང་འཛིན་གྲྭར་ངོས་འཛིན་ཡང་དག་བྱེད་པ།
        དགེ་རྒན་གང་རུང་ཞིག་འཛིན་བདག་ཏུ་གྱུར་རྗེས། རང་ཉིད་ཀྱི་སློབ་མ་རྣམས་ལ་རྒྱུས་ལོན་ཡང་དག་ བྱེད་ཐུབ་ཅིང་། སློབ་མ་རྣམས་འཛིན་གྲྭ་ཞེས་པའི་ཐུན་མོང་གི་ཚོགས་པ་ཞིག་ཏུ་འདུ་བའི་བརྒྱུད་རིམ་ལ་ངོས་འཛིན་ཡང་དག་བྱེད་ཐུབ་པ་བྱུང་ན། རྗེས་སུ་འཛིན་བདག་གི་ལས་ཀ་གང་སྒྲུབ་ཀྱང་དགེ་ཕན་ཆེན་པོ་ཡོད།

1. སློབ་མར་རྒྱུས་ལོན་ཟབ་མོ་བྱེད་དགོས།
        དགེ་རྒན་སུ་ཞིག་འཛིན་གྲྭ་གང་དེའི་བདག་པོར་གྱུར་པ་ན། ཐོག་མར་རང་འཛིན་གྲྭའི་ཚོགས་མི་སྟེ་སློབ་མ་རྣམས་ལ་རེ་རེ་བཞིན་རྒྱུས་ལོན་ཡང་དག་བྱེད་དགོས། དེ་ནི་སློབ་མའི་ཕྱོགས་ཡོངས་ཀྱི་ཆུ་ཚད་མཐོ་འདེགས་སུ་གཏོང་བའི་རྨང་གཞི་ཡིན། དེ་ལ། སློབ་མར་རྒྱུས་ལོན་བྱེད་པར་ཐབས་ལམ་སྣ་མང་བརྒྱུད་ཅིང་སློབ་མའི་ཕྱོགས་སྣེ་མང་པོར་རྒྱུས་ལོན་བྱེད་ཐུབ་པ་བྱ་དགོས་ཏེ། དཔེར་ན། འཛིན་བདག་གིས་སློབ་མའི་འབྲེལ་ཡོད་ཀྱི་རྒྱུ་ཆའམ་སློབ་མའི་ཡིག་ཚགས་ཀློག་པ་བརྒྱུད། སློབ་མའི་བསམ་བློ་ཀུན་སྤྱོད་དང་། ལུས་ཕུང་བདེ་ཐང་། སེམས་ཁམས་ཀྱི་ཁྱད་ཆོས། ཤེས་བྱའི་ཚུ་ཚད། ཁྱིམ་གྱི་གནས་ཚུལ། འཚོ་བའི་ཁོར་ཡུག་སོགས་ལ་རྒྱུས་ལོན་བྱེད་དགོས་པ་དང་། གལ་ཏེ་དམིགས་བསལ་ཅན་གྱི་སློབ་མ་ཡོད་ཚེ་ད་དུང་གཏིང་ཟབ་ཅིང་ཞིབ་ཕྲ་དང་ལྡན་པའི་སྒོ་ནས་གནས་ཚུལ་རྒྱུས་ལོན་བྱེད་དགོས། དེ་ལྟར་བྱས་ཚེ་དགེ་རྒན་གྱིས་དུས་རྒྱུན་འཛིན་གྲྭའི་ལས་ཀ་སྒྲུབ་དུས་དམིགས་ཡུལ་ཡོད་ཅིང་ཞིབ་ཚགས་དང་ལྡན་པའི་སྒོ་ནས་སློབ་མར་རོགས་རམ་བགྱི་ཐུབ།
    ཡང་དགེ་རྒན་ལ་མཚོན་ན་སློབ་མའི་ནང་སེམས་ཀྱི་འཇིག་རྟེན་ནི་ཐད་ཀར་མིག་གིས་མཐོང་ཐུབ་པ་ཞིག་མ་ཡིན་པར་དེ་ནི་བརྟག་བྱར་གྱུར་པ་ཞིག་ཡིན་འདུག་པས། སློབ་མས་དུས་རྒྱུན་སློབ་སྦྱོང་ལ་བཟུང་བའི་རྣམ་འགྱུར་དང་། ངལ་རྩོལ། ལུས་རྩལ། རིག་རྩལ་སོགས་བྱ་འགུལ་སྣ་ཚོགས་ལ་ཞུགས་འདོད་ཀྱི་སྤྲོ་སྣང་དང་དེའི་ཐད་ཀྱི་འཇོན་ཐང་བཅས་ལ་བརྟགས་ཤིང་དཔྱད་པ་ཡིན་ན། འཛིན་བདག་གིས་ཁོ་ཚོའི་ནང་སེམས་ཀྱི་འཁྱེར་སོ་དང་། ཐུན་མིན་གྱི་གཤིས་ཀ སློབ་མ་ཕན་ཚུན་གྱི་ཁྱད་པར་བཅས་ལ་རྒྱུས་ལོན་བྱེད་ཐུབ་པ་དང་། སློབ་མ་རེ་རེའི་ཁྱད་ཆོས་རྟོགས་པ་དང་ལྷན་དུ་སློབ་མ་དག་གི་ཐུན་མོང་གི་ཆ་དེའང་རྟོགས་ངེས་ལ། དེས་འཛིན་གྲྭའི་གནས་བབ་དང་བསྟུན་ཏེ་སློབ་མ་སོ་སོའི་ཁྱད་ཆོས་བསྔོག་པར་དགེ་མཚན་ཆེན་པོ་ཐོན་ཐུབ། དེ་མིན་འཛིན་བདག་གིས་སློབ་མ་རྣམས་དང་ཁ་བརྡ་གླེང་མོལ་བྱེད་པ། ལས་ཀ་བཀོད་སྒྲིག་བྱེད་པ་སོགས་བརྒྱུད་ནའང་སློབ་མའི་ནུས་པར་རྒྱུས་ལོན་བྱེད་ནུས། ལྷག་ཏུ་སློབ་གྲྭ་ཆུང་འབྲིང་གི་སྐབས་སུ། འཛིན་བདག་དགེ་རྒན་གྱིས་ཆེ་ཚུགས་དང་འགྱིང་ཉམས་མེད་པར་སློབ་མ་རྣམས་དང་འབྲེལ་ཏེ་འདྲིས་ཤིང་རིམ་བཞིན་སློབ་མ་རྣམས་དགེ་རྒན་ལ་གོམས་པ་བྱུང་ན། རྗེས་སུ་སློབ་མས་རང་འགུལ་གྱིས་དགེ་རྒན་ལ་འབྲེལ་བ་བྱེད་སྲིད་པས། འཛིན་བདག་གིས་སློབ་མ་རེ་རེ་དང་འབྲེལ་རྒྱུན་ཟབ་མོ་བཙུགས་ཏེ་སློབ་མར་ངོས་འཛིན་ཡང་དག་པ་ཞིག་འབྱུང་དགོས་པ་ནི་འཛིན་གྲྭ་སྤྱིའི་དོན་བྱ་བསྒྲུབ་པར་རྨང་འདིང་བ་ལྟར་གྱི་དགོས་མཁོ་ཞིག་ཡིན།

2. འཛིན་གྲྭར་ངོས་འཛིན་ཡང་དག་ཡོད་དགོས།
      སློབ་མ་རེ་རེ་བཞིན་རྒྱུས་ལོན་ཡང་དག་བྱས་རྗེས། འཛིན་གྲྭ་ཞེས་སློབ་མ་མང་པོས་གྲུབ་པའི་ཐུན་མོང་གི་ཚོགས་པ་དེ་ལའང་ངོས་འཛིན་ཡང་དག་ཅིག་ཡོད་དགོས་པ་ནི། འཛིན་བདག་གིས་སློབ་མ་རྣམས་ལ་ཁྱད་མ་གཏད་པར་སྤྱི་ལ་དོ་ཁུར་བྱེད་པའི་རྟགས་མཚན་ཞིག་ཏུ་ངེས། ཡང་འཛིན་གྲྭ་ཞེས་པའི་ཐུན་མོང་གི་ཚོགས་པ་དེ་བརྒྱུད་རིམ་ངེས་ཅན་ཞིག་བརྒྱུད་ནས་གྲུབ་པ་ལས་གདོད་མ་ཉིད་ནས་རང་བཞིན་གྱིས་འཆགས་ཡོད་པ་ཞིག་མ་ཡིན་སྟབས། སློབ་མ་རེ་རེ་འདུས་ཏེ་གྲུབ་པའི་འཛིན་གྲྭ་དེར་སློབ་མ་སྤྱི་ལ་དབང་བའི་ཐུན་མོང་གི་ལྟ་སྟངས་ཤིག ཐུན་མོང་གི་འབྲེལ་རྒྱུན་ཞིག ཐུན་མོང་གི་སྒྲིག་འཛུགས་ཤིག་ཡོད་དགོས་ཤིང་། ཐུན་མོང་ལ་དབང་དུ་རུང་བ་དག་ཀྱང་རྟག་པ་མ་ཡིན་པར་རིམ་བཞིན་འགྱུར་ཅིང་འཕེལ་བ་ཞིག་ཡིན་པས། འཆགས་པ་ནས་འཕེལ་པའི་བར་གྱི་དུས་ཚོད་ངེས་ཅན་ཞིག་ཏུ་འཛིན་བདག་གིས་བཟང་པོའི་སྣེ་ཁྲིད། ངན་པར་ལམ་སྟོན། གྱོད་ཀྱི་བར་འདུམ་བཅས་བྱས་ཏེ། ཁོ་ཚོར་ཐུན་མོང་གི་ཁོར་ཡུག་ཅིག་སྤྲད་མཐར་ཀུན་གྱིས་ཡིད་རྟོན་བྱེད་པ། གྲོགས་ཕན་ཚུན་བརྩེ་བས་འཁྱུད་པ། མཐུན་སྒྲིལ་སྒོས་ཐུན་མོང་གི་ཁེ་ཕན་ཆེད་ཧུར་གྱིས་བརྩོན་པ། ཐུན་མོང་གི་དམིགས་ཡུལ་འགྲུབ་སླད་རང་ནུས་གང་ཡོད་འབུལ་བ་སོགས་ཁོ་ཚོར་ཐུན་མོང་གི་ལྟ་སྟངས་ཤིག་འཆག་པར་འབད་དགོས།
     སྤྱིར་འཛིན་གྲྭ་དེ་མིང་དོན་གཉིས་མཚུངས་ཀྱི་འཛིན་གྲྭ་ཞིག་གྲུབ་པར་བརྒྱུད་རིམ་འགའ་བརྒྱུད་དགོས་པས། དེའི་སྐབས་སུ་འཛིན་བདག་དགེ་རྒན་གྱིས་རང་ཉིད་ལ་འོས་འགན་གང་ཡོད་གསལ་པོར་རྟོགས་དགོས། དཔེར་ན། འཛིན་གྲྭ་གང་ཞིག་གྲུབ་པའི་ཐོག་མའི་དུས་སུ་སློབ་མ་རྣམས་ནི་ཕན་ཚུན་ལ་ཆ་རྒྱུས་མེད་པ་དང་། འཛིན་གྲྭ་ཐུན་མོང་གི་བྱ་འགུལ་དང་དོན་བྱ་སོགས་ཅི་ཡོད་རྣམས་སློབ་གྲྭས་བཀོད་སྒྲིག་བྱས་པའི་ལས་ཀ་རྫོགས་པར་བགྱི་བ་ཙམ་ལས་སློབ་མ་རང་ཉིད་ཀྱི་རེ་འདོད་མིན་ལ། འཛིན་གྲྭ་ཐུན་མོང་གིས་ཁ་གཏོད་དགོས་པའི་གནད་དོན་དག་ལ་སློབ་མ་རང་ཉིད་ལ་ཞུགས་རྒྱུའི་འདུན་པ་ཆེ་མེད་ཅིང་རང་འགུལ་གྱིས་ལྟ་ཚུལ་ཡང་འཆད་མི་སྲིད། དེར་མ་ཟད། འཛིན་བདག་གིས་བཀོད་སྒྲིག་བྱས་པའི་གྲྭ་དཔོན་དང་འཛིན་གྲྭའི་ཚོགས་མི་དག་གི་བར་ལའང་འབྲེལ་བ་ཟབ་མོ་ཞིག་གནས་མེད་ཕྱིར། དུས་དེར་འཛིན་བདག་གིས་རང་འགུལ་གྱིས་སློབ་མ་དང་འབྲེལ་བ་བཙུགས་ཤིང་། ཐུགས་ཁུར་དང་རོགས་རམ་བྱེད་ཐུབ་པ་བྱུང་ཚེ། སློབ་མར་བག་ཆགས་ཡག་པོ་འཇོག་ནུས་པས་མི་ཚད་ཕྱིས་སུ་འབྲེལ་བ་བཟང་པོ་ཞིག་འཆག་རྒྱུའི་རེ་བའི་ས་བོན་ཀྱང་བཏབ་པ་ཡིན་ནོ། །
     ཡང་འཛིན་གྲྭ་ཚུགས་ནས་རེ་ཞིག་འགོར་ཏེ་འཛིན་གྲྭའི་ནང་གི་སློབ་མའི་གོ་ས་དང་ནུས་པ་དག་སོ་སོར་དགར་ནུས་པ་བྱུང་དུས། བྱ་འགུལ་རེ་རེའི་ཐད་ཀྱི་སྔོན་ཐོན་ཅན་དང་འཇོན་ཐང་ཅན་གྱི་སློབ་མའང་རིམ་བཞིན་འཐོན་སྲིད་པ་དང་། སློབ་མའི་ནང་ཁུལ་དུ་དགའ་ཕྱོགས་གཅིག་མཐུན་དང་མལ་ཁང་གཅིག་མཚུངས་སོགས་ཀྱི་རྐྱེན་གྱིས་ཚོགས་པ་ཆུང་ངུ་རེའང་འཆགས་ངེས་ཡིན། སྐབས་དེར་ད་དུང་འཛིན་གྲྭ་ཐུན་མོང་གི་གནད་དོན་ཁག་ཅིག་ལ་སློབ་མ་དག་གིས་ཀྱང་རང་རང་གི་ལྟ་ཚུལ་འདོན་པ་དང་། ལྟ་ཚུལ་མི་མཐུན་པའི་དབང་གིས་ཁ་རྩོད་ཀྱང་འཆོར་ངེས་པས། སྐབས་དེ་དུས་འཛིན་བདག་གིས་འཛིན་གྲྭའི་ཁ་ཕྱོགས་སྒྱུར་བཀོད་ཀྱི་ཐད་ལ་ནུས་པ་གདོན་དགོས་ཤིང་། སློབ་གྲོགས་ཕན་ཚུན་བར་གྱི་འབྲེལ་བར་ཐག་གཅོད་ཡང་དག་ཅིག་བྱེད་དགོས། ཡང་དེ་དུས་འཛིན་གྲྭའི་ནང་གི་སློབ་མ་མང་ཆེ་ཤོས་ཤིག་གི་རེ་འདུན་ལྟར་འཛིན་གྲྭར་ཐུན་མོང་གི་ལྟ་ཚུལ་ཞིག་གྲུབ་ཏེ་སློབ་མ་སྣེ་ཁྲིད་ཅན་རེ་འབྱུང་ངེས་ཡིན་ཀྱང་། སློབ་མ་རེ་འགའི་དབར་གྱི་འགལ་བ་དང་ནོར་འཆུག་རེ་གཉིས་ཀྱིས་འཛིན་གྲྭ་ཡོངས་ཀྱི་ཁ་དབུགས་སྦགས་ཉེན་ཡོད་པས། འཛིན་བདག་གིས་རང་ཉིད་ཀྱི་དོ་དམ་དང་བཀོད་སྒྲིག་གི་ནུས་པ་གཙོར་བཏོན་ནས་སློབ་མར་བཟང་ངན་དང་དགེ་སྡུག་གི་ལྟ་སྟངས་ཡག་པོ་ཞིག་འཇོག་དགོས།

གཉིས། འཛིན་གྲྭར་དོ་དམ་ལེགས་པོ་བྱེད་པ།
        འཛིན་གྲྭའི་དོ་དམ་ནི་འཛིན་བདག་གི་བྱ་བ་གཙོ་བོ་དེ་ཡིན་ལ། འཛིན་གྲྭར་དོ་དམ་གང་ལེགས་བྱས་པ་ཡིས་སློབ་མའི་སྦྱང་འབྲས་མ་ཟད། བསམ་བློ་དང་། གཤིས་རྒྱུད། སེམས་ཁམས་སོགས་དང་ཡང་ཐད་ཀར་འབྲེལ་ཡོད་ཕྱིར། དོ་དམ་འོས་ཤིང་འཚམས་པ་ཞིག་བྱེད་དགོས་པ་སྨོས་མེད་ཡིན།

1. འཛིན་གྲྭར་དོ་དམ་བྱེད་པར་སློབ་མའི་ནུས་པ་གལ་ཆེ།
   འཛིན་གྲྭར་དོ་དམ་བྱེད་པར་སློབ་མའི་ནུས་པ་གལ་ཆེ་ཞེས་པ་ནི་འདིར་དགེ་སློབ་མཉམ་འབྲེལ་གྱིས་འཛིན་གྲྭར་དོ་དམ་བྱེད་དགོས་པ་དང་སློབ་མར་རང་གི་ནུས་པ་གདོན་དུ་འཇུག་དགོས་ཟེར་བ་ལ་གོ་སྟེ། འཛིན་གྲྭའི་ནང་དུ་གྲྭ་དཔོན་འདེམ་པ་དང་། སློབ་ཚན་རེ་རེའི་འཐུས་ཚབ་འདེམ་པ། སློབ་སྦྱོང་དང་། ལུས་རྩལ། རིག་རྩལ། ངལ་རྩོལ་ལ་སོགས་པའི་ཐད་ཀྱི་ལས་བྱེད་སློབ་མ་འདེམ་པ་བཅས་འཛིན་བདག་ལེགས་པོ་ཞིག་འཆག་པར་དགེ་རྒན་གཙོ་བྱས་ཏེ་འཛིན་གྲྭར་ཕུལ་དུ་བྱུང་ཞིང་མཉམ་འབྲེལ་ཡོད་པའི་རྩ་འཛུགས་ཤིག་ཡོད་དགོས། དེ་ལྟར་ན། གཅིག་ནས་འཛིན་གྲྭའི་དོ་དམ་ལ་ནུས་པ་ཆེན་པོ་སྤེལ་ཐུབ་པ་དང་། གཉིས་ནས་སློབ་མ་རང་ལའང་འགན་འཁྲི་དང་དུ་ལེན་པའི་འདུ་ཤེས་བསྐྱེད་ཐུབ་པ་དང་ཆབས་ཅིག ལག་ལེན་གྱི་ནུས་པའང་སྦྱོང་བརྡར་བྱེད་ཐུབ་པས་ཡིན།
     འཛིན་བདག་གི་རོགས་འདེགས་པ་གཙོ་བོ་ནི་འཛིན་གྲྭའི་ལས་བྱེད་སློབ་མ་དག་ཡིན་ཞིང་། དེ་དག་ནི་འཛིན་གྲྭ་ཡོངས་ཀྱི་མ་དཔེ་བལྟ་སའང་ཡིན། དེར་བརྟེན་ལས་བྱེད་སློབ་མ་རྣམས་ཀྱི་དོ་དམ་ལ་དོ་སྣང་འགངས་ཆེན་བྱེད་དགོས་པ་ནི་འཛིན་གྲྭའི་དོ་དམ་ཐད་ཀྱི་གྲུབ་ཆའི་གཙོ་གནད་ཅིག་ཏུ་འཆགས་ཡོད་གཤིས། རང་འཛིན་གྲྭར་ལས་བྱེད་སློབ་མ་ཅི་འདྲ་ཞིག་མཁོ་བ་དང་། ལས་བྱེད་འདེམ་ཐོན་གྱི་ཚད་གཞི་དེ་ག་འདྲ་ཞིག་ཡིན་པ་བཅས་ལ་འཛིན་བདག་གི་སེམས་སུ་ངེས་པར་དུ་འཆར་གཞི་གསལ་པོ་ཞིག་ཡོད་དགོས། ངེད་ཅག་གི་འཛིན་བདག་རེ་འགས་ལས་བྱེད་སློབ་མ་དག་ནི་འཛིན་གྲྭའི་དུས་རྒྱུན་གྱི་དོན་དག་ཕྲན་ཚེགས་སྒྲུབ་མཁན་ལྟ་བུར་ངོས་འཛིན་ཅིང་། སློབ་མའི་ཁྲོད་ནས“ཁ་ལེན་ཚིག་བརྩི”ཁོ་ན་བྱེད་པ་དང“ལགས་སོ”རྐྱང་རྐྱང་ཟེར་མཁན་དག་ལས་བྱེད་སློབ་མར་འདེམ། ཡང་འཛིན་བདག་རེ་འགས་ལས་བྱེད་སློབ་མ་ནི་དགེ་རྒན་དང་སྒྲིག་ལམ་གྱི་རྣམ་པའི་ཚབ་བྱེད་ཙམ་གྱི་ལྟ་ཚུལ་འཆང་བས། སྒྲིག་ལམ་ཁོ་ན་སྲུང་བའི་སློབ་མ་དག་ལས་བྱེད་སློབ་མ་རུ་འདེམ་རྐྱང་བྱེད་པ་ལས་སློབ་མ་གང་དེའི་ཕྱོགས་གཞན་གྱི་ནུས་པར་དོ་སྣང་ཆེར་མི་བྱེད། དོན་དངོས་སུ་ལྟ་ཚུལ་དེ་འདྲ་ལ་ཕྱོགས་ལྷུང་རང་བཞིན་ངེས་ཅན་ཡོད་དེ། ལས་བྱེད་དེ་འདྲའི་ནུས་པ་ནི་དྲིལ་བསྒྲགས་དང་རྣམ་པ་ཙམ་གྱིས་འཐུས་པར་བྱས་ཆོག་པས། དོན་དམ་གྱི་བྱེད་ནུས་འཐོན་ཐུབ་ཀྱིན་མི་འདུག
    གོང་གི་རྒྱུ་མཚན་དེའི་རྐྱེན་གྱིས་ལས་བྱེད་སློབ་མ་འདེམ་པར་འཛིན་གྲྭའི་མཁོ་བབ་དང་བསྟུན་པ་གལ་ཆེ་སྟེ། སློབ་མའི་ནུས་པའི་ཐད་ལ་ཕྱོགས་ཡོང་ནས་བལྟ་དགོས་པ་ཡིན། དཔེར་ན། འཛིན་གྲྭའི་ནང་དུ་གཤིས་ཀར་སྤྲོ་སྣང་ལྡན་ཞིང་བསམ་ཕོད་ཅིང་སྒྲུབ་ཕོད་པ་མ་ཟད། རང་ཉིད་ཀྱི“ཁྱད་ཆོས”ཏེ་སྒྲིག་ལམ་དང་བཀའ་བཀོད་ཀྱི་བཙན་སྐུལ་སོགས་ལ་མི་གོམས་པར་སྐབས་འགར་འཛིན་བདག་དང་དགེ་རྒན་གྱི་ཁ་གཏད་དུ་ལངས་སྲིད་པའི་སློབ་མ་ཡོད་དེ། གལ་ཏེ་སྒྲིག་ལམ་བརྩི་སྲུང་གི་ངོས་ནས་བཤད་ན་དེ་དག་ལ་སྐྱོན་ཆ་ཅུང་ཟད་རེ་ཡོད་མོད། ཡིན་ནའང་སློབ་མ་དེ་ལྟ་བུར་དུས་རྒྱུན་བཀོད་སྒྲིག་གི་ནུས་པ་ཆེ་ཙམ་ལྡན་པ་དང་། སློབ་མ་ནང་ཁུལ་དུ་འབྲེལ་བ་བཟང་པོ་ཡོད་པས་སློབ་མ་ཀུན་གྱིས་ཀྱང་དེ་ལ་བརྩི་མཐོང་བྱེད། སློབ་མ་དེ་འདྲ་ཡོད་ཚེ་འཛིན་བདག་གིས་ཐབས་ཤེས་ཡོད་པའི་སྒོ་ནས་དེ་དག་ལས་བྱེད་སློབ་མ་ཁྲོད་དུ་བསྡུ་ལེན་བྱས་ཚེ་བཟང་སྟེ། གཅིག་ན་ཁོ་ཅག་གི་ནུས་པ་སྤེལ་ཐུབ་ཅིང་། གཉིས་ན་ཁོ་ཚོ་ལེགས་ལམ་དུ་འཁྲིད་ཐུབ་པས་སོ། །དེ་ལྟར་དུ། ལས་བྱེད་སློབ་མ་འདེམ་སྐབས་དགེ་རྒན་གྱིས་རང་ཉིད་ཀྱི་རོགས་འདེགས་ལ་ཕན་པར་དམིགས་ཤིང་། འཛིན་གྲྭའི་བྱ་བར་དགོས་མཁོ་ཆེ་ཞིང་སློབ་མའི་ནུས་པ་སྐྱེད་སྲིང་བྱེད་ཐུབ་པ་བཅས་ལ་དམིགས་དགོས་པ་གལ་ཆེ།

2. ཤ་ཚ་བའི་གཏམ་དེ་སྙན་མོས་བརྗོད་ཀྱང་ཆོག
    བོད་ཀྱི་ཁ་དཔེར། ཤ་ཚ་བའི་གཏམ་ལ་སྙན་མོ་མེད་ཅེས་པའི་བཤད་སྲོལ་ཡོད། དེས་ང་ཚོར་དོན་གང་ལ་འཕྲད་ཀྱང་གཞན་ངོ་མི་སྲུང་ཞིང་འཁྱོག་བརྗོད་མི་བྱེད་པར་དྲང་བདེན་གྱི་སྐད་ཆ་ཞིག་བརྗོད་དགོས་པ་བསྟན་འདུག་པས། དགེ་རྒན་གྱིས་ཀྱང་སློབ་མ་ལ་ཤ་ཚ་བའི་སྒོ་ནས་དྲང་དོན་སྒྲུབ་ཅིང་དྲང་གཏམ་སྨྲ་དགོས་པ་བཤད་ཅི་དགོས། ཡིན་ནའང་ང་ཚོ་གཏམ་དེ་ཤ་ཚ་བའི་ཆེད་དུ་མི་སྙན་པའི་ཐལ་མཐར་ལྟུང་མི་རུང་ཞིང་། དེ་ལས་སྐབས་འགར་ཤ་ཚ་བའི་གཏམ་ནི་སྙན་ཞིང་འཇེབས་པའི་སྒོ་ནས་བཤད་ཀྱང་ཆོག་སྟེ། ཡིད་ལ་གནོད་པའི་གཏམ་ཉུང་དུ་སྨྲ་བ་དང་། སློབ་མའི་སྐྱོན་འཚང་འབྲུ་བའི་གཏམ་ནི་དེ་བས་ཀྱང་མི་སྨྲ་བར་སྐྱོན་བརྗོད་བྱེད་སྐབས་ཀྱང་ཐབས་ཤེས་ཟུང་དུ་འབྲེལ་དགོས། 
    སྐྱོན་བརྗོད་ཀྱི་དགེ་མཚན་ནི་སྐྱོན་ཆ་ངོས་ཟིན་པ་བརྒྱུད་བཟང་ཆ་རྟོགས་སུ་འཇུག་པ་དེ་ཡིན་པས། སྐབས་འགར་འཛིན་བདག་དགེ་རྒན་གྱིས་སློབ་མ་གང་དེར་བཟང་ཆ་ཅི་ཡོད་རྣམས་བཤད་དེ་སྐྱོན་སྤང་དགོས་པའི་སློབ་གསོ་བཏང་ཚེ། སློབ་མར་ཡིད་ཆེས་ཀྱི་སེམས་ཤུགས་བསྩོལ་ནུས། སྤྱིར་བཏང་བཤད་ན། སློབ་མའི་སྐྱོན་ཏེ་རིགས་གཉིས་སུ་དགར་ཆོག་པར་འདོད། རིགས་དང་པོ་ནི་ཤེས་མེད་ངང་སྒྲུབ་པ་ཞིག་དང་། རིགས་གཉིས་པ་ནི་ཤེས་བཞིན་དུ་སྒྲུབ་པ་ཞིག་ཡིན། དེ་ལས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་མང་པོར་མཚོན་ན་ཤེས་མེད་ངང་བསྒྲུབས་པའི་རིགས་ཀྱི་སྐྱོན་མང་སྟེ། ཤེས་མེད་ཚོར་མེད་ངང་གཞུང་གི་ཅ་ལག་བཅག་པ་དང་། ཤེས་མེད་ཚོར་མེད་ངང་སློབ་གྲྭའི་སྒྲིག་ལམ་དང་འགལ་བ་ལྟ་བུ། དེ་བས། སྐྱོན་དེ་དག་ཤེས་མེད་ངང་བསྒྲུབས་ཚར་དུས་སློབ་མ་རང་ཉིད་ལ་མཚོན་ནའང་ཕངས་སེམས་དང་འགྱོད་བཤགས་ཀྱི་ཤེས་པ་སྐྱེས་ཡོད་པས། གོ་སྐབས་དེ་དང་བསྟུན་ནས་འཛིན་བདག་གིས་སྐྱོན་ཆད་ལ་སློབ་གྲྭའམ་འཛིན་གྲྭའི་ཁོར་ཡུག་གད་བདར་བྱེད་པ་སོགས་དོན་བཟང་བསྒྲུབ་པར་བསྐུལ་མ་བྱས་ཚེ་བཟང་བ་ལས། མཐའ་གཅིག་ཏུ་སྐྱོན་ཁོ་ན་བགྲངས་ཏེ་སྡིགས་དམོད་རྐྱང་རྐྱང་གཏོང་མི་རུང་ལ། སློབ་མའི་ཡིད་ཆེས་ཀྱི་སེམས་པ་བཅོམ་ཞིང་དགེ་སློབ་དགྲ་རུ་འཛིན་པའི་ལྟ་བ་ནི་དེ་བས་ཀྱང་བསྐྱེད་མི་རིགས།

3. དགེ་རྒན་གྱིས་རང་གི་དབང་ཆ་བེད་སྤྱོད་ལེགས་པོ་བྱེད་དགོས།
      འཛིན་བདག་ཅིག་ལ་མཚོན་ན་སློབ་མའི་བྱ་སྤྱོད་བཀོད་འདོམས་དང་བདག་དམ་བྱེད་པར་དབང་ཆ་ངེས་ཅན་ཞིག་མེད་ཚེ། འཛིན་གྲྭའི་བྱ་འགུལ་དང་དོ་དམ་གྱི་བྱ་བ་དེ་འགྲུབ་ཐབས་མེད་ཅིང་། འཛིན་གྲྭ་སྤྱིའི་དམིགས་ཡུལ་དེའང་མངོན་འགྱུར་བྱ་ཐབས་མེད། ཡིན་ནའང་། དབང་ཆ་ལེགས་པོ་སྤྱད་མ་ཤེས་པར་རང་གིས་གང་འདོད་དེ་བཞིན་དུ་བསྒྲུབས་པ་ནི་སློབ་གསོའི་གོལ་ལམ་ཞིག་ཡིན། དེར་བརྟེན་འཛིན་གྲྭར་དོ་དམ་བྱེད་དུས། སློབ་མའི་ཁྱད་ཆོས་མི་འདྲ་བར་ཐབས་ལམ་མི་འདྲ་བའི་སྒོ་ནས་འཛིན་བདག་གིས་རང་ཉིད་ཀྱི་དབང་ཆ་བེད་སྤྱོད་ལེགས་པོ་བྱེད་དགོས། དཔེར་ན། སློབ་སྦྱོང་ལ་བཟང་ཤོས་ཀྱི་སློབ་མ་ལ་དགེ་རྒན་རྣམས་ཤིན་ཏུ་དགའ་བས། སློབ་མ་དེ་དག་གི་སྐྱོན་ཆའམ་མི་འདང་བའི་ཆ་དེ་དགེ་རྒན་གྱི་ཞེན་ཕྱོགས་ལ་རྐྱེན་བྱས་ཏེ་ཤེས་རྟོགས་གསལ་པོ་བྱེད་མི་ཐུབ་ཅིང་། སྐབས་འགར་དགེ་རྒན་གྱིས་ཀྱང་སྣང་མེད་དུ་འཇོག་སྲིད་པ་དང་། ཡང་མཚམས་རེར་དགེ་རྒན་རང་ཉིད་ཀྱི་དབང་ཤུགས་ལ་བརྟེན་ནས་འགེབས་སྲུང་སོགས་ཀྱང་བྱེད་སྲིད། ཡིན་ཡང་སྐྱོན་ཆ་དེ་དག་གིས་རྗེས་སུ་སློབ་མ་གང་དེ་ལང་ཤོར་དུ་གཏོང་ཉེན་ཆེ་ཞིང་། སློབ་མར་རང་ཉིད་ནི་སྐྱོན་ཀུན་ཟད་ཡིན་པ་ལྟ་བུའི་བག་ཆགས་ཤིག་ཀྱང་འཇོག་ངེས་ལ། དགེ་རྒན་གྱིས་སློབ་མ་དེ་ཚོར་འགེབས་སྲུང་བྱེད་པ་དེས་སློབ་སྦྱོང་ལ་ཞན་པའི་སློབ་མ་དག་གི་སེམས་སུའང་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ཏེ། སློབ་གྲོགས་བར་གྱི་མཐུན་སྒྲིལ་ལ་གནོད་འགྲོ་བས། འཛིན་བདག་དགེ་རྒན་གྱིས་སློབ་སྦྱོང་ལ་བཟང་བའི་སློབ་མ་དག་ལ་དུས་རྒྱུན་སློབ་སྦྱོང་གི་ཆེས་རྨང་གཞིའི་ཆ་རྐྱེན་དང་རེ་བ་ནི། མི་བཟང་པོ་ཞིག་བྱེད་དགོས་པ་ཡིན་ཞེས་སློབ་གསོ་གཏོང་དགོས་པ་ལས། རང་ཉིད་ཀྱི་དབང་ཤུགས་ལ་བརྟེན་ནས་འགེབས་སྲུང་བྱེད་མི་རུང་།
      ཡང་སློབ་སྦྱོང་ལ་བཟང་བའི་སློབ་མ་དེ་དག་ལས་རེ་འགར་ཡིད་ཕམ་བྱེད་སླ་བ་དང་། བཟང་བསྟོད་ལས་སྐྱོན་བརྗོད་ལ་མི་ཉན་པ། རང་དོན་འབའ་ཞིག་ལས་ཐུན་མོང་བསམ་མི་ཐུབ་པ། སློབ་སྦྱོང་ལ་ཞན་པའི་སློབ་མར་མཐོང་ཆུང་བྱེད་པ་སོགས་ཀྱི་སྐྱོན་ཡང་ཡོད་པས། དགེ་རྒན་གྱིས་སློབ་གསོ་བཏང་སྟེ་དེ་དག་བཅོས་སྒྱུར་བྱེད་དགོས། དེ་བཞིན་དུ་སློབ་སྦྱོང་ལ་ཞན་པའི་སློབ་མ་དག་ལ་ནི། དགེ་རྒན་རང་ཉིད་ཀྱི་དུངས་ཞེན་ཁོ་ནའི་དབང་དུ་མི་འགྲོ་བར་རོགས་རམ་བྱས་ཏེ་ལེགས་ལམ་དུ་འཁྲིད་དགོས་ཤིང་། རྒྱུན་དུ་ཉམས་འཇོག་བྱེད་དུས་ཉུང་བའི་བཟང་པོ་མིང་ཅན་གྱི་གྲས་སུ་མ་ཚུད་ཅིང་། ངན་པ་རྟགས་ཅན་གྱི་གྲས་སུའང་མི་གཏོགས་པའི་སློབ་མ་འབྲིང་གྲས་དག་ལ་འཛིན་བདག་གིས་དུས་རྒྱུན་ཁོ་ཚོ་རང་ཉིད་ལ་ཡོད་པའི་ཁྱད་ཆོས་དེ་སྔོག་ཅིང་སྤེལ་པར་རོགས་བྱེད་དགོས་པ་དང་། ལས་དོན་སྒྲུབ་དུས་སློབ་གྲོགས་གཞན་དག་དང་མཉམ་འབྲེལ་བྱེད་པའི་ནུས་པ་གསོ་སྐྱོང་བྱེད་པ་བཅས་བྱ་དགོས།

མཇུག་སྡོམ།
        འཛིན་བདག་ནི་སློབ་མའི་སེམས་ཁོང་གི་བརྗིད་ཉམས་ལྡན་པའི་གུང་བཀུར་བྱེད་ས་དེ་ཡིན་གཤིས། ཚད་ངེས་ཅན་ཞིག་ནས་བཤད་ན། འཛིན་བདག་དགེ་རྒན་ནི་སློབ་མ་མང་པོ་ཞིག་གི་མིག་དཔེ་བལྟ་ས་དང་ལད་ཟློས་བྱེད་སར་གྱུར་ཡོད། དེར་བརྟེན་དགེ་རྒན་གྱིས་དུས་རྒྱུན་རང་ཉིད་ཀྱི་ལས་ཀ་དང་ཀུན་སྤྱོད་སོགས་ལ་དང་དོད་ལེགས་པོ་བྱས་ཏེ་སློབ་མར་མིག་དཔེ་བཟང་པོ་སྟོན་དགོས་ལ། དགེ་རྒན་རང་སྟེང་གི་སློབ་གསོའི་ཐབས་ལམ་དང་སློབ་གསོའི་བྱང་ཚད་ཀྱང་མཐོ་ནས་མཐོ་རུ་གཏོང་དགོས་ཏེ། མདོར་ན་འཛིན་བདག་ལེགས་པོ་ཞིག་བྱེད་པ་ནི་འཛིན་གྲྭའི་ཕྱི་དངོས་ཀྱི་དོན་དག་ཙག་ཙིག་སྒྲུབ་པ་ཙམ་མ་ཡིན་པར་སློབ་མའི་ནང་སེམས་སུ་འཇུག་ཐུབ་པ་ཞིག་དགོས་ལ། སློབ་མ་སོ་སོའི་ཁྱད་ཆོས་དང་དགའ་ཕྱོགས་ལ་དམིགས་ཏེ་འཇོན་ཐང་གང་ཡོད་སྔོག་འདོན་བྱེད་པ་དང་། སློབ་མར་གོམས་གཤིས་ལེགས་པོ་ཞིག་འཆག་ཏུ་འཇུག་དགོས་པ་སོགས་ལ་སེམས་ཤུགས་དང་ལུས་ཤུགས་འབུལ་དགོས་པ་མ་ཟད། མཐའ་མར་སློབ་མའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཏུ་འགྱུར་ཐུབ་པ་བྱུང་ཚེ་དེ་ནི་འཛིན་བདག་དོན་ལ་གནས་པ་ཞིག་ཡིན་ཞེས་བརྗོད་ཆོག

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།