སློབ་གསོ་སློབ་ཁྲིད་ཀྱི་སྣང་ཚུལ་ཁ་ཤས་ལ་དཔྱད་པ།
རྩོམ་པ་པོ།   དབུ་རུ་དོན་འདུར།     སྤེལ་དུས།  2012-09-19 23:03:45    རྡེབ་ཚད།     ཡོང་ཁུངས། ཆོས་གྲོགས་དྲ་བ།

      བོད་ཀྱི་སློབ་གསོ་དེ་ཏང་གི་ཡང་དག་པའི་མཛད་ཕྱོགས་སྲིད་ཇུས་དང་། འགོ་ཁྲིད་རིམ་པ་མང་པོའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་དུས་རབས་གསར་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས་དར་རྒྱས་གོང་འཕེལ་ཤུགས་ཆེན་སོང་ཡོད་པ་ནི་ཡིག་འབྲུ་ཁ་ཤས་ཀྱི་གསལ་བཤད་བྱས་ནས་མཚོན་ཐབས་ག་ལ་ཡོད། འོན་ཀྱང་ལེགས་པའི་ཆ་ལ་བསྟོད་ར་ལས། ནོར་འཁྲུལ་རིགས་ལ་ཡོ་བསྲང་བྱས་ན་དགའ་བསམ་ནས་རང་གི་ལོ་མང་སློབ་ཁྲིད་ལ་ཞུགས་པའི་ཉམས་མྱོང་དང་། གོང་རིམ་ནས་སློབ་གསོ་སློབ་ཁྲིད་ཀྱི་ལས་ཀའི་བཀོད་སྒྲིག དགེ་རྒན་ལས་རོགས་དང་ཕན་ཚུན་གྲོས་མོལ་བྱས་པའི་ལྟ་ཚུལ། སློབ་མའི་སེམས་ཁམས་དང་སློབ་ཁྲིད་ཀྱི་མཐུན་སྦྱོར་སོགས་ཕྱོགས་མང་པོར་རང་གི་བསམ་གཞིགས་བྱས་པའི་གནད་དོན་དག་ལྷག་བསམ་བཟང་པོས་གསལ་བཤད་བྱས་ནས་མ་འོངས་པའི་བོད་ཀྱི་སློབ་གསོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཅུང་ཟད་ཡོང་རེ་བྱེད་བཞིན་ཡོད།

དང་པོ། དུས་ཚོད་ཀྱི་བཀོད་སྒྲིག
  ཚན་པའམ་ཚོགས་པ་དང་ལས་ཁུངས་སམ་ཁེ་ལས་གང་ཞིག་ཡིན་ཡང་ལས་ཀའི་དུས་ཚོད་དང་ངལ་གསོའི་དུས་ཚོད་འོས་ཤིང་འཚམས་པ་ཞིག་བཀོད་སྒྲིག་བྱ་རྒྱུ་ནི་ལས་དོན་ལེགས་གྲུབ་ཐུབ་མིན་གྱི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པ་ལྟར། སློབ་གསོ་སློབ་ཁྲིད་ཀྱི་ལས་ཀའི་དུས་ཚོད་དང་ངལ་གསོའི་དུས་ཚོད་ཚད་ལྡན་ཞིག་ཡོང་བ་བྱ་རྒྱུ་དེ་ཡང་། སློབ་ཁྲིད་ལས་ཀའི་སྤུས་ཚད་ཡག་པོ་ཡོང་རྒྱུའི་སྔོན་འགྲོ་རེད། ཉེ་བའི་ལོ་ཤས་ནང་ས་ཆ་ཁ་ཤས་ལ་གྲོང་ཚོ་ཁ་ཐོར་དུ་གནས་ཡོད་པ་དང་འགྲིམ་འགྲུལ་སྟབས་བདེ་མེད་པས་ཞག་སྡོད་སློབ་མའི་བདེ་འཇགས་ཀྱི་དོན་དུ་གཟའ་འཁོར་སྡེབ་ནས་( གཟའ་འཁོར་ཆེ་བ་)ཉིན་བཅུ་གཅིག་རིང་ངལ་གསོའི་བར་གསེང་མེད་པར་སློབ་ཚན་ཚོགས་པའི་ཐབས་ཤེས་གསར་པ་ཞིག་དར་ཡོད་པ་རེད། བྱ་ཐབས་དེ་འོས་ཤིང་འཚམས་པ་ཞིག་མིན་པས་གཤམ་གསལ་སྐྱོན་ཁ་ཤས་ཀྱི་ཐོག་ནས་སློབ་ཁྲིད་སྤུས་ཚད་ལ་ཤུགས་རྐྱེན་ངན་པ་བཟོ་བ་སྟེ།

གཅིག ཉིན་བཅུ་གཅིག་ངལ་གསོ་མེད་པར་བྲེལ་བྲེལ་འཚུབ་འཚུབ་ཀྱིས་སློབ་ཁྲིད་བྱས་སྟབས་སློབ་མ་དང་དགེ་རྒན་གཉིས་ཀར་དཀའ་ངལ་ཤིན་ཏུ་ཆེ་བས་སློབ་མས་སློབ་སྦྱོང་བྱེད་པའི་སེམས་ཤུགས་དང་སྤྲོ་སྣང་བརླག་འགྲོ་བ། དགེ་རྒན་གྱི་སློབ་ཁྲིད་བྱེད་པའི་ཧུར་སེམས་ཆག་འགྲོ་གི་ཡོད།
གཉིས། ཉིན་བཅུ་གཅིག་ཁྱིམ་ལ་ཐེངས་གཅིག་ཀྱང་ལོག་རྒྱུ་མ་བྱུང་བ་དང་དགེ་རྒན་གྱིས་ཡིག་རྒྱུགས་ཁོ་ནའི་དོན་དུ་ཚ་དེད་བཏང་བས་སློབ་གྲྭར་བཅའ་སྡོད་བྱེད་མི་འདོད་པར་བྲོས་བྱོལ་སོགས་ཀྱི་འུ་ཐུག་པའི་གནས་ཚུལ་ཐོན་ཏེ་དགེ་རྒན་གྱིས་བཙོན་པ་ལྟར་སྲུངས་དགོས་པས། དེས་སློབ་མ་དང་དགེ་རྒན་གཉིས་དབར་སེམས་ཐག་ཇི་རིང་ནས་ཇི་རིང་དུ་བཀྱེད་དེ་ཕན་ཚུན་འགལ་ཟླའི་རྣམ་པ་ཐོན་གྱི་ཡོད།
གསུམ། ཞག་སྡོད་སློབ་མ་རྣམས་ལོ་ན་ཆུང་བས་གོས་འཁྲུ་མི་ཤེས་པ་དང་དགེ་རྒན་གྱིས་ཀྱང་སློབ་མའི་ཁ་གྲངས་མང་བའི་དབང་གིས་བཀྲུ་མི་ཐུབ་པས་ཉིན་བཅུ་གཅིག་རིང་གཙང་སྦྲ་བྱེད་རྒྱུར་དཀའ་ངལ་ཆེ། གང་ལྟར་སློབ་ཚན་ཉིན་བཅུ་གཅིག་རིང་བསྟུད་མར་ཚོགས་པས་སློབ་ཁྲིད་བྱ་བའི་སྤུས་ཚད་ལ་ཐད་ཀའི་གྱོང་གུན་བཟོ་བ་ནི་ཉིན་གཅིག་གཉིས་ཀྱི་ནོར་འཁྲུལ་ཙམ་མིན་པར་སློབ་ཆུང་རིང་གི་གྲུབ་འབྲས་ལ་ཤུགས་རྐྱེན་ངན་པ་ཐེབས་པ་དང་། ཐ་ན་སློབ་འབྲིང་ལོ་གསུམ་བརྩིས་འོས་འགན་སློབ་གསོའི་ལོ་དགུ་ལ་ནོར་འཁྲུལ་ཤོར་གྱི་རེད། དགེ་རྒན་དང་སློབ་མའི་ལས་ཀ་ནི་སློབ་གྲྭར་འབྱོར་བའི་ཉིན་ནས་བཟུང་དལ་ལྷོད་ཀྱི་ཁོམ་པ་མེད་པའི་ལས་ཀ་ཞིག་ཡིན། དེར་བརྟེན། རྒྱལ་ཁབ་ནས་ཉིན་བདུན་རེའི་ནང་ངལ་གསོ་ཉིན་གཉིས་ཡོད་པ་དེར་ཐུང་དུ་གཏོང་ཐབས་མེད་ན་རིང་དུ་རྩ་བ་ནས་གཏོང་མི་ཆོག་པར་བསམ། གང་ལགས་ཤེ་ན། མི་རྒན་པའི་ངལ་གསོའི་དུས་ཚོད་དེ་ཐོག་མར་ཉིན་གཅིག་ནས་གཉིས་ལ་བཅོས་པར་བསམ་ན་བྱིས་པའི་སློབ་ཚན་ཚོགས་པའི་དུས་ཚོད་དེ་ལས་རིང་དུ་གཏོང་བ་ནི་ཚན་རིག་དང་མི་མཐུན་པ་ཞིག་རེད། དེས་ན་ངལ་གསོ་དུས་ཐོག་ལ་བཞག་ནས་དགེ་རྒན་དང་སློབ་མའི་ལུས་སེམས་ལ་ཚད་ལྡན་གྱི་ངལ་གསོའི་བར་སྟོང་བཞག་སྟེ་སློབ་ཁྲིད་དུས་ཡུན་རིང་སེམས་ཁམས་སློབ་སྦྱོང་ཐོག་གནས་ཐུབ་པའི་འབད་པ་བྱ་དགོས་པ་འདུག
འགྲིམ་འགྲུལ་བདེ་འཇགས་ཐད། ད་ཆ་ཕ་མའི་འཚོ་བའི་ཆ་རྐྱེན་ལེགས་སུ་སོང་བ་དང་། ཕ་མ་གཉིས་ལ་ཕྲུ་གུ་དེ་ཙམ་མང་པོ་མེད་པས་གཟའ་འཁོར་ཆེ་བ་རེ་ལ་ཐེངས་རེ་ཉུང་མཐར་ཡང་བསྐོར་བ་རྒྱག་པར་ཡོང་གི་ཡོད། གཟའ་འཁོར་ཆུང་བ་གཏན་འཁེལ་ན་ཕ་མ་ཚོས་གཟའ་པ་སངས་ཀྱི་ཕྱི་དྲོའི་ཆུ་ཚོད་ལྔ་པ་ཙམ་ལ་བྱིས་པ་རང་ཁྱིམ་དུ་བསུ་དགོས་པའི་བརྡ་ཐོ་བཏང་ནས་རྩིས་སྤྲད་ན་སྐྱོན་མེད་སྙམ། ཉིན་རེའི་སློབ་ཚན་དེ་ཡང་ཚད་ལྡན་ཞིག་ལས་ཚོགས་མི་ཆོག་པ་སྟེ་ཉིན་རེར་ཚོགས་ཐེངས་དྲུག་ནས་བདུན་བར་ཡིན། འོན་ཀྱང་ཡིག་རྒྱུགས་ཀྱི་དོན་དུ་ཉིན་གཅིག་ལ་སློབ་ཚན་ཚོགས་ཐེངས་བརྒྱད་ནས་དགུའི་བར་ཚོགས་པ་དང་། སློབ་ཚན་གཅིག་གི་རིང་ཡིག་རྒྱུགས་ནང་ཐོན་ངེས་པའི་སྦྱང་གཞི་མང་པོ་དགེ་རྒན་གྱིས་སྣེ་ཁྲིད་འོག་སློབ་མ་ཚོས་བཤུ་འབྲི་བྱ་དགོས་པ་དང་། དེ་དག་སླར་ཡང་སློབ་ཚན་གྲོལ་རྗེས་བར་གསེང་གི་དུས་ཚོད་ཕྲན་བུ་དེ་བེད་སྤྱད་ནས་ངག་ལ་བཟུང་དགོས་ཀྱི་ཡོད། དོན་དུ་རྗེས་ལུས་ཀྱི་སློབ་ཁྲིད་བྱ་ཐབས་དེས་སློབ་མ་རྣམས་སློབ་སྦྱོང་བྱེད་པའི་རང་འགུལ་ལ་གནོད་སྐྱོན་དང་སློབ་མའི་རང་དབང་་ཡོད་ཚད་ཤོར་ཏེ་དགེ་རྒན་གྱི་རྒྱུགས་ལེན་པའི་འཕྲུལ་འཁོར་ལྟ་བུ་ཆགས་ནས་ཡོད། དགེ་རྒན་རང་ཉིད་ཀྱིས་དུས་ཚོད་མང་པོ་བེད་སྤྱད་ནས་སློབ་མའི་སློབ་སྦྱོང་དོན་དུ་སློབ་ཚན་མང་པོ་ཚོགས་ཀྱང་སློབ་ཕྲུག་ཚང་མར་སློབ་སྦྱོང་བྱེད་པའི་རང་འགུལ་མེད་པས་ཤེས་ཚད་ཧ་ཅང་སྐྱོ། དེ་ནི་དགེ་སློབ་གཉིས་ཀ་ངལ་བའི་རྒྱུ་ཞིག་ཡིན་པ་ལས་སློབ་མའི་འབྱུང་འགྱུར་ལ་ཕན་པ་དེ་ཙམ་ཐོན་མི་ཐུབ་པར་བསམ། མི་མང་པོས་སློབ་ཚན་ག་ཚོད་ཀྱི་མང་བ་ཚོགས་ན་དེ་རྩིས་ཀྱི་ལེགས་པར་ངོས་འཛིན་བྱེད་ཀྱི་ཡོད། དོན་དུ་རང་ཉིད་བྱིས་པའི་གནས་སྐབས་ལ་མྱོང་བས་དཔྱད་ན་ཁོ་ཚོར་ཡང་ཁོ་ཚོའི་ལོ་ན་དང་འཚམས་པའི་རྩེད་མོ་རྩེ་བའི་རང་དབང་ཡོད་དགོས། རང་འགུལ་མེད་པའི་རྒྱུ་རྐྱེན་མང་པོ་ཡོད་ཀྱང་གཙོ་བོ་སློབ་ཚན་མང་དྲག་པའི་སྐྱོན་ཡིན་པས་ངེས་པར་དུ་གོང་འོག་ཚང་མས་སློབ་མའི་རང་འགུལ་གྱི་བསམ་པ་དང་དགའ་ཞེན་གྱི་བསམ་པ་ལ་སྐུལ་སློང་ཐུབ་ཕྱིར་སློབ་ཚན་ཁ་གྲངས་ཉུང་ལ་དང་སྤུས་ཚད་ལེགས་པའི་ཕྱོགས་སུ་བསམ་གཞིགས་བྱས་ན་དགའ།

གཉིས་པ། སློབ་གཞིའི་སྐད་ཡིག
     སློབ་གཞིའི་སྐད་ཡིག་ཞེས་པ་ནི་བོད་ཡིག་དང་རྒྱ་ཡིག དབྱིན་ཡིག་ཕུད་ཨང་རྩིས་དང་སྤྱི་ཚོགས་ཚན་རིག་སོགས་རིག་ཚན་གཞན་རྣམས་སྐད་ཡིག་གང་གི་ཐོག་ནས་སློབ་ཁྲིད་བྱེད་དགོས་པ་དེ་རེད། ས་ཆ་འགའ་རེ་ལ་ཉེ་བའི་ལོ་ཤས་ནང་རེ་འགས་རྒྱ་ཡིག་ནས་སློབ་ཁྲིད་བྱས་ན་ལེགས་པའི་ངོས་འཛིན་པ་ཡང་འགའ་རེས་བོད་ཡིག་ནས་སློབ་ཁྲིད་བྱས་ན་ལེགས་པའི་ངོས་འཛིན་བྱས་ཏེ་བོད་ཡིག་ནས་ཁྲིད་པ་སོགས་ཕར་འགྱུར་ཚུར་འགྱུར་མང་པོ་བྱས་པ་དེས་སློབ་མའི་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཟང་ཟིང་ཆགས་པས་སློབ་ཁྲིད་སྤུས་ཚད་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་པ་རེད། རྒྱ་ཡིག་དང་བོད་ཡིག་གང་ཞིག་ལེགས་པ་ཡོད་མེད་ལ་གོང་འོག་ཚང་མས་རྟོག་ཞིབ་བྱས་ཏེ་ཡང་དག་པའི་སྐད་ཡིག་ཞིག་གཏན་འཁེལ་བྱེད་དགོས་པ་ལས་ཕར་ཚུར་འགྱུར་བ་མང་པོ་གཏོང་མི་རུང་། སྐད་ཆའི་ཁོར་ཡུག་དང་ཐོག་མའི་གོམས་འདྲིས་ལ་བསམ་ན་བོད་ཡིག་ཐོག་གཅིག་འགྱུར་བྱེད་དགོས་པར་བསམས་ཀྱང་ཚང་མས་ཀུན་ལ་ཕན་པའི་ལྟ་ཚུལ་ཞིག་གང་མགྱོགས་འདོན་དགོས་པ་རེད།

གསུམ་པ། སློབ་དཔྱོད་བྱེད་སྒོ།
   སློབ་དཔྱོད་ཁང་དང་སློབ་དཔྱོད་ཚོགས་ཆུང་སོ་སོས་སློབ་དཔྱོད་བྱེད་སྒོ་མང་པོ་བཀོད་སྒྲིག་བྱས་ཡོད་ཀྱང་དོན་དངོས་སློབ་ཁྲིད་ཁྲོད་དུ་བྱེད་སྒོ་དེ་དག་གིས་ཡིག་རྒྱུགས་ལ་རོགས་རམ་གང་ཡང་བྱེད་མི་ཐུབ་པས། ཡིག་རྒྱུགས་ཁོ་ནར་གལ་ཆེར་བཟུང་བའི་དོན་དངོས་ལས་དོན་ཐོག་བྱེད་སྒོ་དེ་དག་གོང་རིམ་ལ་སྤྱན་འབུལ་ཞུ་རྒྱུའི་བྱ་ཐབས་ཤིག་ལས་དངོས་སུ་སློབ་མར་ཕན་འབྲས་ཐོན་མི་ཐུབ། སློབ་དཔྱོད་བྱེད་སྒོ་ཡག་པོ་ཞིག་སྤེལ་ཐུབ་ན་སློབ་མའི་སློབ་སྦྱོང་བྱེད་པའི་སེམས་ཤུགས་ལ་ཡར་སྐུལ་ཐུབ་པ་དང་། སློབ་གྲྭར་ཡོང་རྒྱུའི་དགའ་ཞེན་གྱི་བསམ་པ་བསྐྱེད་བསྲིང་ཐུབ། སློབ་སྦྱོང་བྱེད་པའི་རང་འགུལ་བསམ་པ་དང་། སློབ་སྦྱོང་གི་གྲུབ་འབྲས་ལེགས་པོ་ཐོབ་རྒྱུར་བརྩོན་ལེན་བྱེད་པའི་འགྲན་སེམས་སློང་ཐུབ་པ་སོགས་དགེ་མཚན་མང་པོ་ཡོད།

བཞི་པ། བོད་ཡིག་ཡིག་རྒྱུགས་སྐབས་ཀྱི་གནད་དོན་གཅིག
   ཡིག་རིགས་གང་འདྲ་ཞིག་ཡིན་ཡང་ཐུན་མོང་མ་ཡིན་པའི་འབྲི་ཀློག་གི་སྲོལ་རེ་ཡོད་པ་ལྟར་བོད་ཡིག་ལའང་དེ་ལྟ་ར་ཡོད་པས་ཚང་མས་སྣང་ཆུང་བྱེད་མི་རུང་། འོན་ཀྱང་ཉེ་བའི་ལོ་ཤས་ནང་ས་ཆ་ལ་ལར་སློབ་ཁྲིད་གྲུབ་འབྲས་ལེགས་པོ་ཡོང་ཕྱིར་སློབ་ཆུང་ཡོད་ཚད་མཉམ་དུ་འགྲན་སྡུར་གྱི་ཡིག་ཚད་ཞིག་གཏོང་བ་དང་དེས་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་ཧུར་ཐག་བྱེད་རྒྱུར་སྐུལ་སློང་ཐུབ་པ་དང་། སློབ་མའི་སློབ་སྦྱོང་ཤེས་ཚད་ལ་ཚད་ལེན་བྱེད་ཐུབ་པས་ནུས་པ་ཡག་པོ་ཐོན་གྱི་ཡོད། བོད་ཡིག་ཡིག་རྒྱུགས་སྐབས་སློབ་མའི་ཡི་གེའི་དག་ཆ་མང་པོ་ནོར་ཡོད་པ་དང་དེས་སྐར་གྲངས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་བརྟེན། བོད་ཡིག་དགེ་རྒན་ཚོས་སྐར་གྲངས་ཁོ་ནར་དམིགས་ཏེ་དག་ཆ་ལ་རྩ་བ་ནས་མི་བལྟ་བར་སྒྲ་ཙམ་ཐོན་ན་འགྲིག་པར་བརྩི་གི་ཡོད། ཡིག་རྒྱུགས་དེ་དག་སློབ་མའི་ལག་ཏུ་ཐེབས་པ་དང་དགེ་རྒན་གྱིས་དག་ཆར་མ་བལྟས་པའི་བཅོས་ཚུལ་དེ་དག་མཐོང་རྗེས་བོད་ཡིག་དག་ཆར་དོ་སྣང་བྱེད་མི་དགོས་པའི་བསམ་ཚུལ་སྐྱེ་བ་མ་ཟད། དགེ་རྒན་གྱིས་ཀྱང་མཉམ་རྒྱུགས་སྐབས་ལ་བསམ་ནས་དག་ཆ་མེད་ཀྱང་སྐད་ཆའི་སྒྲ་ཙམ་ཐོན་པར་ཤེས་ཐབས་བྱེད་ཀྱི་ཡོད། དོན་དུ་བོད་ཡིག་དག་ཆ་ནོར་ན་ནང་དོན་འགྱུར་བ་འགྲོ་བ་དང་དག་ཆ་མེད་ན་བརྗོད་དོན་གསལ་མི་ཐུབ་པ་དེ་ནི་བོད་ཡིག་མ་ཤེས་པ་དང་ཁྱད་པར་གང་ཡང་མེད། དེས་ཀྱང་གཤམ་གསལ་སྐྱོན་ཆ་ཁག་ཐོན་པ་སྟེ།
གཅིག བོད་ཡིག་གི་རྨང་གཞི་ཡག་པོ་འདིང་ཐུབ་མེད་པས་རྗེས་སུ་བོད་ཡིག་མུ་མཐུད་སློབ་སྦྱོང་བྱེད་པར་དཀའ་ངལ་ཆེན་པོ་འཕྲད་སྲིད།
གཉིས། མེས་རྒྱལ་ནང་སའི་ཡིག་རྒྱུགས་སྐབས་བོད་ཡིག་ལའང་རྒྱ་ཡིག་དང་མཚུངས་པར་སྐར་གྲངས་བརྒྱ་ཆ་བརྒྱ་ཡོད་པས། བོད་ཡིག་ལ་དག་ཆ་མེད་པ་དེས་ཡིག་རྒྱུགས་ཡག་པོ་ལོན་མི་ཐུབ་ནི་བལྟས་པ་ཙམ་གྱི་ཤེས་ཐུབ་པས་ནང་སའི་ཡིག་རྒྱུགས་ལོན་ཚད་དམའ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་རེད།
གསུམ། བོད་སྐད་ཡིག་ཡག་པོ་མེད་པ་དེས་རིག་ཚན་ཚང་མ་ཤེས་པར་རིག་སྟོབས་ཡག་པོ་བྱུང་མི་ཐུབ་པ་ཡིན།
བཞི་པ། བོད་ཡིག་དག་ཆ་དང་སྔོན་རྗེས་ཡང་གསུམ། མགོ་འདོགས་བརྩེགས་གསུམ་སོགས་ཀྱི་ཡིག་སྲོལ་བཟང་པོར་སྣང་ཆུང་བྱས་པ་དེས་སློབ་མའི་མིག་མདུན་གྱི་ཡིག་རྒྱུགས་ལ་གནོད་པ་མ་ཟད་མི་ཚེའི་མདུན་ལམ་ལའང་ཤུགས་རྐྱེན་ངན་པ་ཐེབས་ཡོད་པས་དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། སྐྱོན་ཆེན་པོ་དེ་ལྟ་བུ་ཡོད་ཀྱང་ང་ཚོས་མིག་བཙུམས་ནས་བསྡད་ན་ག་ལ་འགྲིག གོང་རིམ་ནས་ཀྱང་དེའི་ཐད་བོད་ཡིག་དགེ་རྒན་ཚོར་རེ་བ་ནན་པོ་འདོན་དགོས་པ་དང་། བོད་ཡིག་དགེ་རྒན་ཚོས་ཡིག་རྒྱུགས་ཀྱི་ཉེས་པ་ཆུང་ངུ་ལ་ཞེད་ནས་སྔར་ལམ་ལ་མུད་མཐུད་མི་འགྲོ་བར་དུས་རྒྱུན་ནས་དོ་སྣང་བྱས་ནས་སློབ་མ་ཚོར་ཆུང་དུས་ནས་བོད་ཡིག་གི་འབྲི་ཀློག་ནོར་འཁྲུལ་ཅན་ལ་མི་འགྲོ་བའི་འགན་ལེན་བྱེད་དགོས།

ལྔ་པ། སློབ་སྦྱོང་ཁོར་ཡུག
    སློབ་གྲྭའི་དོ་དམ་ནི་དགེ་རྒན་དང་སློབ་མར་དོ་དམ་བྱ་རྒྱུ་དེ་ཡིན་པ་དང་སློབ་མ་དང་དགེ་རྒན་ལ་དོ་དམ་བྱེད་པར་ལམ་ལུགས་མང་པོ་གཏན་འབེབས་དང་ཚད་གཞི་མང་པོ་བཏོན་ཡོད་པ་རེད། མ་གཞི་རང་ཉིད་ལ་དོ་དམ་དང་སྒྲིག་བཙུགས་བྱེད་པའི་ཉམས་མྱོང་དང་འཇོན་ཐང་མེད་ཀྱང་། ང་ཚོས་དགེ་རྒན་དང་སློབ་མའི་ལུས་སེམས་བདེ་སྐྱིད་ལྡན་པའི་ངང་སློབ་གྲྭའི་ཁོར་ཡུག་ནང་གནས་ཐུབ་པར་བསམ་གཞིགས་བྱ་རྒྱུ་ནི་ཨང་དང་པོ་རེད། འོན་ཀྱང་མི་རེ་འགས་སྒྲིག་བཙུགས་གང་དམ་ན་ལེགས་པ་དང་། ལམ་ལུགས་གང་མང་ན་མཆོག་པར་ལྟ་བའི་རྐྱེན་གྱིས་སློབ་གྲྭ་རེ་འགར་སློབ་མ་ལ་རང་དབང་གི་དུས་ཚོད་མེད་པ་དང་། དགེ་རྒན་ལའང་རང་དབང་གི་དུས་ཚོད་མེད་པ་ལྟར་སྣང་བས་དེ་ནི་དགེ་སློབ་དང་སློབ་གྲྭའི་འགོ་ཁྲིད་ཚང་མ་ ལུས་བདེ་སེམས་སྐྱིད་ངང་སློབ་གྲྭར་སྡོད་རྒྱུར་གནོད་པ་ཆེན་པོ་ཐེབས་ནས་དགེ་སློབ་ཀྱི་རང་འགུལ་བསམ་པར་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེར་བརྟེན་ལམ་ལུགས་གང་ཞིག་གསར་བཟོ་བྱས་ཀྱང་ཕྱོགས་ཚང་མར་བསམ་བློ་བཏང་ནས་སློབ་ཁྲིད་སྤུས་ཚད་ལ་དངོས་སུ་ཕན་པ་ཐོབ་པ་དང་། འོས་ཤིང་འཚམས་པའི་ལམ་ལུགས་ཞིག་ལ་བསམ་དགོས་པ་ལས་གང་བྱུང་དུ་སྲུང་བྱ་མང་པོ་བཟོས་ན་ཕན་པ་མེད་དོ།
  གོང་གསལ་ཁོ་བོས་བཤད་པའི་སྐད་ཆ་དེ་དག་ནི་དོན་དངོས་བྱ་བའི་ཁྲོད་ནས་མིག་མཐོང་ལག་ཟིན་ཐུབ་པའི་སྒྲུབ་ཕྱོགས་ཤ་ཏག་ཡིན་པས་གོང་འོག་ཚང་མས་བསམ་གཞིགས་དང་གྲོས་བསྡུར་གནང་ནས་བོད་ཀྱི་སློབ་གསོའི་བྱ་གཞག་སྐྱོན་བྲལ་ངང་དར་རྒྱས་གོང་འཕེལ་འགྲོ་རྒྱུར་ལམ་བུ་ཡག་པོ་ཞིག་ཆགས་པ་བྱེད་རྒྱུའི་རེ་སྒུག་ཞུ་བཞིན་ཡོད་དོ།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།