ཐའེ་ཝན་བོད་བརྒྱུད་ནང་བསྟན་ཐོས་བསམ་ཆོས་གླིང་གི་ཆོས་བརྡ།
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2020-04-04 21:29:30    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

  ༄༅།། རྨད་བྱུང་ཐུགས་རྗེ་ཆེན་པོའི་དབང་གྱུར་ཏེ། །

  ཕྱིན་དྲུག་བསྡུ་བཞིའི་སྤྱོད་པ་མཐར་སོན་པས། །

  མི་འཇིགས་བཞི་ལྡན་གོ་འཕང་མཆོག་བརྙེས་པ། །

  སྟོན་པ་མཉམ་མེད་དེ་ལ་གུས་ཕྱག་འཚལ། །

  སྟོན་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་མཛད་པ་དང༌། ཉན་རང་རྣམས་ཀྱིས་ཞི་བདེ་བསྒྲུབས་པ་བཞིན་དུ་རྒྱུ་དང་འབྲས་བུའི་གནས་སྐབས་གང་དུའང་རང་དོན་ཡིད་བྱེད་ཀྱི་དྲི་མ་ཕྲ་མོ་ཙམ་ཡང་མེད་པར་སེམས་ཅན་གྱི་དོན་འབའ་ཞིག་ཡིན་ལ། སེམས་ཅན་གྱི་དོན་ཡང་ཉི་ཚེ་བ་ཙམ་གྱིས་མི་ཆོག་པས་ཐབས་ཀྱི་རྣམ་པ་ཡོངས་སུ་རྫོགས་པ་ནི་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཆེན་མོ་ལས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་བསྟི་དང༌། ། བཅས་ཏེ་ཡུན་རིང་གནས་གྱུར་ཅིག། ཞེས་གསུངས་ཡོད་དོ། །

  དེང་གི་དུས་འདིར་ཡངས་པའི་རྒྱལ་ཁམས་ཀུན་ཏུ་བྱུང་བའི་ནད་མུག་འཐབ་རྩོད་དང་འཁྲུགས་ལོང་སོགས་མི་འདོད་ཉེ་འཚེའི་རིགས་ལྷག་མེད་དུ་ཞི་སྟེ། འཇིག་རྟེན་ཁམས་སུ་ཆར་ཆུ་དུས་སུ་བབས་པ་དང་།ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས་རྫོགས་ལྡན་གསར་བའི་བདེ་སྐྱིད་ཀྱི་འཚོ་བ་དང་དཔལ་ཡོན་དབྱར་མཚོ་བཞིན་རྒྱས་པའི་བཀྲ་ཤིས་སྨོན་འདུན་དང་། Covid-19 ཏོག་དབྱིབས་ནད་དུག་གི་ནད་ཡམས་དེའི་དབང་གིས་རྐྱེན་ལམ་དུ་སོང་བའི་འགྲོ་བ་ཤི་གསོན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བླ་མེད་རྗེས་སུ་བཟུང་སྟེ་སྐུ་བཞིའི་གོ་འཕང་ཐོབ་པར་གསོལ་འདེབས་ཞུའོ། །

  ཇི་སྲིད་ནམ་མཁའ་གནས་པ་དང༌། །

  འགྲོ་བ་ཇི་སྲིད་གནས་གྱུར་པ།།

  དེ་སྲིད་བདག་ནི་གནས་གྱུར་ནས། །

  འགྲོ་བའི་སྡུག་བསྔལ་སེལ་བར་ཤོག།

  ཅེས་ཐའེ་ཝན་བོད་བརྒྱུད་ནང་བསྟན་ཐོས་བསམ་ཆོས་གླིང་དང་ཡོ་རབ་བསམ་གཏན་སྒོམ་སྒྲུབ་གླིང་གི་འབྲེལ་ཡོད་ལས་མི་ཡོངས་ཀྱིས་སྤྱི་ལོ་༢༠༢༠ལོའི་ཟླ་༤པའི་ཚེས་༣་ཉིན་ནས་ཚེས་༡༥རེས་གཟའ་ལྷག་པའི་ཉིན་བར་སྒྲོལ་མ་འབུམ་ཐེར་གྲངས་གསོག་གནང་རྒྱུ། ཚེས་བཅོ་ལྔ་ཉིན་བླ་མ་མཆོད་པའི་ཚོགས་མཆོད་འབུལ་རྒྱུ་ཡིན་ལགས།

  ༢༠༢༠ལོའི་ཟླ་༤པའི་ཚེས་༤ཉིན་འབྲས་སྤུངས་སྒོ་མང་དགེ་བཤེས་འཇམ་དཔལ་རྒྱ་མཚོས་ཡོ་རབ་ནས་ཕུལ།

 

༄༅། །རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་བཞུགས་སོ། །

  ༄༅། ། ན་མོ་ཨཱརྱ་ཏཱ་རེ་ཡེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །ཨོྃ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། ། ཕྱག་ཚལ་སྒྲོལ་མ་མྱུར་མ་དཔལ་མོ། ། སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། ། འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། ། གེ་སར་བྱེ་བ་ལས་ནི་བྱུང་མ། ། ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། ། གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། ། སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། ། རབ་ཏུ་བྱེ་བའི་འོད་རབ་འབར་མ། ། ཕྱག་འཚལ་སེར་སྔོ་ཆུ་ནི་སྐྱེས་ཀྱིས། ། པངྨས་ཕྱག་ནི་རྣམ་པར་བརྒྱན་མ། ། སྦྱིན་པ་བརྩོན་འགྲུས་དཀའ་ཐུབ་ཞི་བ། ། བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། ། ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། ། མཐའ་ཡས་རྣམ་པར་རྒྱལ་བར་སྤྱོད་མ། ། མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། ། རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ། ། ཕྱག་འཚལ་ཏུཏྟྰ་ར་ཧྰུཾ་ཡི་གེས། ། འདོད་དང་ཕྱོགས་དང་ནམ་མཁའ་གང་མ། ། འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། ། ལུས་པ་མེད་པར་འགུགས་པར་ནུས་མ། ། ཕྱགས་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། ། རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། ། འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། ། གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། ། ཕྱག་འཚལ་ཏྲད་ཅེས་བྱ་དང་ཕཊ་ཀྱིས། ། ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། ། གཡས་བསྐུམས་གཡོན་བརྐྱངས་ཞབས་ཀྱིས་མནན་ཏེ། ། མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། ། ཕྱག་འཚལ་ཏུ་རེའི་འཇིགས་པ་ཆེན་མོ། ། བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། ། ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། ། དགྲ་བོ་ཐམས་ཅད་མ་ལུད་གསོད་མ། ། ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། ། སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། ། མ་ལུས་ཕྱོགས་ཀྱི་འཁོར་ལོ་བརྒྱན་པའི། ། རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། ། ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། ། དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། ། བཞད་པ་རབ་བཞད་ཏུཏྟྰ་ར་ཡིས། ། བདུད་དང་འཇིག་རྟེན་དབང་དུ་མཛད་མ། ། ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། ། ཐམས་ཅད་འགུགས་པར་ནུས་པ་ཉིད་མ། ། ཁྲོ་གཉེར་གཡོ་བ་ཡི་གེ་ཧྰུཾ་གིས། ། ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། ། ཕྱག་འཚལ་ཟླ་བའི་དུམ་བུའི་དབུ་རྒྱན། ། བརྒྱན་པ་ཐམས་ཅད་ཤིན་ཏུ་འའབར་མ། ། རལ་པའི་ཁྲོད་ན་འོད་དཔག་མེད་ལས། ། རྟག་པར་ཤིན་ཏུ་འོད་རབ་མཛད་མ། ། ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། ། འབར་བའི་ཕྲེང་བའི་དབུས་ན་གནས་མ། ། གཡས་བརྐྱངས་གཡོན་བསྐུམས་ཀུན་ནས་བསྐོར་དགའི། ། དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། ། ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི ། མཐིལ་གྱིས་བསྣུན་ཅིང་ཞབས་གྱིས་རྡུང་མ། ། ཁྲོ་གཉེར་སྤྱན་མཛད་ཡི་་གེ་ཧྰུཾ་གིས། ། རིམ་པ་བདུན་པོ་རྣམས་ནི་འགེམས་མ། ། ཕྱག་འཚལ་བདེ་མ་དགེ་མ་ཞི་མ། ། མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། ། སྭཱ་ཧཱ་ཨོྃ་དང་ཡང་དག་ལྡན་པས། ། སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། ། ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། ། དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། ། ཡི་གེ་བཅུ་པའི་སྔགས་ནི་བཀོད་པའི། ། རིག་པ་ཧྰུཾ་ལས་སྒྲོལ་མ་ཉིད་མ། ། ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧྰུཾ་གི་རྣམ་པར་ས་བོན་ཉིད་མ། ། རི་རབ་མནྡྷ་ར་དང་འབིགས་བྱེད། ། འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། ། ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། ། རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། ། ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། ། དུག་རྣམས་མ་ལུས་པ་ནི་སེལ་མ། ། ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། ། ལྷ་དང་མི་འམ་ཅི་ཡིས་བསྟེན་མ། ། ཀུན་ནས་གོ་ཆ་དགའ་བའི་བརྗིད་ཀྱིས། ། རྩོད་དང་རྨི་ལམ་ངན་པ་སེལ་མ། ། ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། ། སྤྱན་གཉིས་པོ་ལ་འོད་རབ་གསལ་མ། ། ཧ་ར་གཉིས་བརྗོད་ཏུཏྡཱ་ར་ཡིས། ། ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། ། ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། ། ཞི་བའི་མཐུ་དང་ཡང་དག་ལྡན་མ། ། གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། ། འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། ། རྩ་བའི་སྔགས་ཀྱིས་བསྟོད་པ་འདི་དང་། ། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག །

རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཇི་འདྲ་དང་། །
འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །
ཁྱེད་ཀྱི་མཚན་མཆོག་བཟང་པོ་ཇི་འདྲ་བ། །
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །
ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །
བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། །
ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །
ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །


 


 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།