དགེ་བཤེས་འཇམ་དཔལ་རྒྱ་མཚོའི་ལོ་སར་སྨོན་ཚིག
རྩོམ་པ་པོ།  དགེ་བཤེས་འཇམ་དཔལ།    སྤེལ་དུས།  2020-03-02 10:33:04    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

           
  ༄༅། །བོད་རྒྱལ་ལོ་ ༢༡༤༧ རབ་གནས་ལྕགས་བྱི་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་གྱི་ཉིན་མོར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ང་ཚོ་ཚང་མས་དུས་རྒྱུན་དུ་དགེ་སྒྲུབ་སྡིག་སྤོང་གི་ལས་ལ་འབད་བརྩོན་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་ལོ་གསར་བའི་ནང་དགེ་བའི་སེམས་བསྐྱེད་དགོས་པ་དང་། བསྐྱེད་པ་རྣམས་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུ་རྒྱུ་དང་། ནག་པོ་སྡིག་སེམས་རྣམས་གཏན་དུ་མེད་པར་བཟོ་ཐུབ་པའི་གཉེན་པོ་རྒྱུད་ལ་སྐྱེས་ཐུབ་པར་ཚང་མས་འབད་བརྩོན་གནང་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་པ་རེད། གང་ཡིན་ཟེར་ན། ཀུན་སློང་བཟང་པོ་དང་། གཞན་དོན་བསམ་པ། སེམས་པ་བཟང་པོ་བྱས་པ་ཡིན་ན་རང་བཞིན་ཚང་མར་ཕན་ཐོགས་པ་དང་། དེ་ནས་ལས་འབྲས་བསླུ་བ་མེད་པའི་བདེན་པའི་མཐུ་ལ་བརྟེན་ནས་ས་ཆ་ཡུལ་ལུང་དང་ཉེ་འཁོར་ཡོངས་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་ཐུབ། དེ་ནས་རྒྱ་ནག་ཝུའུ་ཧན་ནང་ནད་ཡམས་དེའི་དབང་གིས་མི་མང་པོ་་ཞིག་ལ་ཤི་སྐྱོན་བྱུང་བ་དང་། ང་ཚོས་ཤི་གསོན་ཚང་མར་གང་ཐུབ་སྒོས་སྨོན་ལམ་རྒྱག་དགོས། གང་ལྟར། ལོ་གསར་བའི་ནང་ཡུལ་ཁམས་བདེ་ཞིང་། ནད་མེད་འཁྲུག་རྩོད་མི་འབྱུང་བ་དང་། ཤེས་རིག་གི་ལོ་འདབ་དབྱར་མཚོ་བཞིན་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན། ལོ་གསར་པའི་ནང་སྲིད་འབྱོར་རིག་གསུམ་དཔལ་ཡོན་སྐྱེ་རྒུའི་འདོད་དོན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་བདེ་ལེགས་ཞུ།

  བཀྲ་ཤིས་གནམ་ལོ་གསར་བ་འཛུམ་གྱིས་བསུ།།

  བདེ་ལེགས་ཕུན་ཚོགས་སྙན་མོ་ངག་གིས་འབོད།།

  བཅུད་ལྡན་ཟས་རིགས་མཆོག་གསུམ་ལྷ་ལ་མཆོད།།

  འཛམ་གླིང་ཞི་བདེ་བཀྲ་ཤིས་གཡང་གིས་འཁྱིལ།།

                     དགེ་བཤེས་འཇམ་དཔལ་རྒྱ་མཚོས་ཡོ་རབ་འཇར་མན་ཁུ་ལོང་གྲོང་ཁྱེར་ནས།

 

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།