ནང་ཆོས་དང་བོད་སྤྱི་ཚོགས་བར་གྱི་འབྲེལ་བ་ལ་ཅུང་ཟད་དཔྱད་པ།
རྩོམ་པ་པོ།  ངེད་དྲ་ཚིགས།    སྤེལ་དུས།  2018-08-16 09:38:37    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

 ༄༅། གངས་རིའི་རྭ་བས་བསྐོར་བའི་ཞིང་ཁམས་སུ།།

              ཕན་དང་བདེ་བ་མ་ལུས་འབྱུང་བས་གནས།།

                     སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།།

                            ཞབས་པད་སྲིད་མཐའི་བར་དུ་བརྟན་འགྱུར་ཅིག 

    ཅེས་སྨོན་ཚིག་ཤོ་ལོ་ཀ་གཅིག་སྔོན་དུ་བཏང་སྟེ་འདིར་ནང་ཆོས་དང་བོད་སྤྱི་ཚོགས་བར་གྱི་འབྲེལ་བ་ཅུང་ཟད་གླེང་བ་ལ། དེ་ཡང་རང་ཅག་ཁ་བ་རི་པའི་ལྗོངས་སུ་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་ཏེ་རྒྱལ་ཪབས་ཉེར་དྲུག་ཙམ་ལ་ཆབ་སྲིད་བོན་གྱིས་བསྐྱངས་ཞེས་བཤད་པ་དང། སྤུ་དེ་གུང་རྒྱལ་གྱི་དུས་སུ་ཞང་ཞུང་ནང་བོད་ཀྱི་ཆོས་དར་ཚུལ་སོགས་བཤད་པ་ལྟར་ན་བོད་ནང་དར་བའི་ཆོས་ལུགས་ཀྱི་ཐོག་མ་བོན་ཡིན་པར་གསལ་ལོ།། ལྷ་ཐོ་ཐོ་རིའི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་བ་ཡིན་ཀྱང་དར་ཁྱབ་མ་ཕྱིན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ་རྒྱ་གར་དང་བལ་ཡུལ་རྒྱ་ནག་བཅས་ནས་བོད་ནང་དུ་ནང་ཆོས་དར་འགོ་ཚུགས་ཤིང། རིམ་གྱི་ཆབ་སྲིད་ལ་ཞབས་འདེགས་ཞུ་བའི་རིག་པའི་གཞུང་ལུགས་ཞིག་ཏུ་གྱུར་པ་དང། རྒྱ་ཆེའི་བོད་མི་དམངས་ཀྱི་སེམས་ཁམས་ལ་ཁ་ལོ་བསྒྱུར་བ་མ་ཟད། བོད་ཀྱི་རིག་གནས་ལ་ཤན་ཤུགས་ཆེན་པོ་ཐེབས་ཏེ་ད་ལྟའི་བར་དུ་བོད་ཀྱི་རིག་གནས་ནི་ཆོས་ལུགས་ཀྱི་རིག་གནས་ལྟ་བུ་གྱུར་པ་རེད། 

དེ་ཡང་ལོ་རྒྱུས་ཀྱི་ཐོན་དངོས་དང་སྤྱི་ཚོགས་འཕེལ་རིམ་ངེས་ཅན་ཞིག་གི་ནང་དུ་བྱུང་བ་མ་ཟད། རྒྱ་གར་དང་བལ་བོའི་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་ཚན་རིག་གི་ལག་རྩལ་གྱི་ལེགས་ཆ་དེ་དག་བོད་རང་གི་རིག་གནས་དང་ཟུང་འབྲེལ་བྱས་ནས་གྲུབ་པ་ཡིན་པས་དེ་ལ་ལག་རྩལ་གྱི་ལེགས་ཆ་དེ་དག་བོད་རང་གི་རིག་གནས་དང་ཟུང་འབྲེལ་བྱས་ནས་གྲུབ་པ་ཞིག་ཡིན་པས་དེ་ལ་མི་རིགས་ཀྱི་བསམ་བློ་དང་ཁྱད་ཆོས་ལྡན་པ་ཡིན་ཞིང།བོད་མི་རིགས་ཀྱི་གསར་བསྐྲུན་དང་དཔའ་འཛངས་ཀྱི་བློ་གྲོས་མཚོན་པའི་ངོ་མཚར་ཕུལ་དུ་བྱུང་བའི་རིག་གནས་ཤིག་ཡིན་པས་རང་རེའི་མི་རིགས་དང་མེས་པོའི་རྒྱལ་ཁབ་མི་རབས་ཕྱི་མ་བཅས་ཀྱི་གཟི་བརྗིད་དང་ལ་རྒྱ་ཞིག་ཏུ་རྩིས་ཆོག་པ་ཡིན། དེ་ལྟ་བུའི་ནང་ཆོས་ཀྱི་རིག་གཞུང་གིས་བོད་ཀྱི་རིག་གཞུང་ལ་དབང་བསྒྱུར་བ་ནས་བོད་མི་དམངས་ཀྱི་བསམ་གློའི་ལྟ་ཚུལ་དང་རྒྱུན་སྤྱོད་སོགས་གནད་དོན་ཆེ་ཕྲ་ཀུན་ཀྱང་ནང་ཆོས་དང་འབྲེལ་བ་ཤ་སྟག་ཏུ་གྱུར་པ་རེད། དེའི་ཚུལ་ཅུང་ཟད་གླེང་ན།

ནང་ཆོས་ཀྱི་དམིགས་ཡུལ་སེམས་ཅན་སྡུག་བསྔལ་ལས་བསྒྲལ་ནས་གཏན་བདེ་བ་ལ་འགོད་རྒྱུ་དེ་ཡིན་ཞིང། དེའི་སྒྲུབ་ཐབས་མང་པོ་ཞིག་སྟོན་པ་ཐུགས་རྗེ་ཅན་གྱིས་བཀའ་བསྩལ་ཅིང། དེས་ཤུགས་རྐྱེན་ཐེབས་ནས་བོད་མི་རིགས་ཀྱི་བསམ་བློའི་ལྟ་ཚུལ་ལ་སྐྱེ་བ་སྔ་ཕྱི་དང། ལས་རྒྱུ་འབྲས། དཀོན་མཆོག་གསུམ་སོགས་ལ་ལྡོག་ཏུ་མེད་པའི་ཡིད་ཆེས་བྱས་ཏེ་བདེ་སྐྱིད་ཐམས་ཅད་དཀོན་མཆོག་གི་ཐུགས་རྗེས་གནང་བ་དང། སྡུག་བསྔལ་ཐམས་ཅད་སྔོན་བསགས་ལས་འབྲས་སུ་ལྟ་བའི་བསམ་བློའི་རྨང་གཞི་དེའི་སྟེང་ནས་རྟག་ཏུ་དགེ་ཕྱོགས་ལ་བརྩོན་པ་དང།  སྡིག་པའི་ཕྱོགས་ལ་འཛེམ་གང་ཐུབ་བྱེད་དོ།།གཞན་ཡང།  ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་མཆོག་དམན་དང། གང་ཟག་སོ་སོའི་རིག་པ་ཡག་ཉེས། གཤིས་ཀ་དང་གཟུགས་སྤྱོད་ལེགས་ཉེས་སོགས་ཀྱང་ལས་དབང་གིས་གྲུབ་པར་འདོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་མི་སྒེར་དང། ཡང་ན་ཁྱིམ་ཚང་ངམ། གྲོང་ཚོའམ་དེ་བཞིན་བོད་ལྗོངས་ཡོངས་རྫོགས་ཡིན་ནའང་སྐྱིད་སྡུག་ལེགས་ཉེས་ཀྱི་དོན་དག་ཆེ་ཕྲ་གང་ཞིག་བྱུང་ནའང་ཆོས་ལུགས་ཀྱི་བྱེད་སྒོ་དང་འབྲལ་མི་སྲིད་པ་ཞིག་ཡིན།དེ་ཡང་བྱིས་པ་བཙས་ནས་གཟའ་ཚེས་སོགས་རྟེན་འབྲེལ་ལ་བརྟག་པ། ན་བའི་ཚེ་རིམ་གྲོ་འདོན་པ། རྒ་བའི་ཚེ་འཇིག་རྟེན་ཕྱིའི་བདེ་དོན་ཆེད་ཁ་འདོན་དགེ་སྦྱོར་སོགས་ལ་འབད་པ། ཤི་ན་རྗེས་སུ་དགེ་བསྔོའི་རྫོང་བ་གཤིན་ཆོས་བྱེད་པ། བག་མ་གཏོང་ལེན་བྱེད་པ་སོགས་ལས་རིགས་ཆེ་ཕྲ་དང། གཞན་ཡང།  དཀོན་མཆོག་ལ་མཆོད་འབུལ། དབུལ་བོ་ལ་སྦྱིན་གཏོང། དཀོན་མཆོག་དཔང་བཙུགས་ནས་མནའ་སྐྱེལ་བ། བཟའ་བཏུང་གི་ཉིང་བཅུད་ལྷ་ལ་མཆོད་པ། ཡུལ་ལྷ་དང་ཆོས་སྐྱོང་ལ་བསང་མཆོད་བྱེད་པ་སོགས་རྒྱུན་སྤྱོད་ཆེ་ཆུང་ཡོངས་རྫོགས་ལ་ཆོས་ཀྱི་ཤན་ཞུགས་པ་མ་ཟད། བཟོ་ལས་ཐོན་སྐྱེད་ཀྱི་ཕྱོགས་ནས་ཀྱང། གསེར་དངུལ་ཅི་རིགས་ལས་ལྷ་སྐུ་དང་མཆོད་རྟེན་བཞེངས་པ་དང། ལྷ་རིས་བྲིས་འབུར་སོགས་ཤེས་རིག་ལག་རྩལ་དང་བཟོ་བའི་རིག་གཞུང་དུའང་ནང་ཆོས་ཀྱིས་དབང་ཤུགས་ཆེན་པོ་ཞིག་བཟུང་ཡོད་ཅེས་བཤད་ཆོག ཚེས་བཟང་སོགས་ལ་སྤྲོ་སྐྱིད་ཀྱི་ཟློས་གར་འཁྲབ་པ་དག་ཀྱང། དྲི་མེད་ཀུན་ལྡན་འགྲོ་བ་བཟང་མོ། གཟུགས་ཀྱི་ཉི་མ་སོགས་ནང་ཆོས་ཀྱི་ལྟ་བའི་ཤུགས་རྐྱེན་ཐེབས་པ་ཤ་སྟག་ཡིན་ཞིང། དེ་བཞིན་སྒྲུང་དང་གཏམ་དཔེ། ཐ་ན་གཞས་ཚིག་ཚུན་ཆད་ལ་ནང་ཆོས་དང་འབྲེལ་བའི་སྐད་ཆ་སྣ་ཚོགས་ཤིག་སྤྱོད་བཞིན་པ་ཤེས་གསལ་ལྟར་རོ།། 

མདོར་ན་བོད་གངས་ཅན་གྱི་ཡུལ་འདིར་ནང་པའི་ཆོས་ལུགས་དར་ཁྱབ་ཏུ་ཕྱིན་པ་ནས་བཟུང། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགེ་འདུན་པ་འབུམ་ཕྲག་ལས་བརྒལ་བ་དང། ས་གནས་སོ་སོར་དགོན་སྡེ་དང་ལྷ་ཁང་མཆོད་རྟེན་སོགས་གྲངས་ལས་འདས་པ་བཞེངས་ཏེ་བོད་རིགས་འདི་ཆོས་ལུགས་ལ་གོ་རྟོགས་ཐོབ་པ། ཆོས་ལུགས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་སོགས་མི་དམངས་ཀྱི་བསམ་བློའི་ལྟ་ཚུལ་དང་ལུས་ངག་གི་བྱེད་སྒོ་ཡོངས་རྫོགས་ལ་ནང་ཆོས་ཀྱི་ཤན་ཤུགས་ཆེན་པོ་ཐེབས་པ་རེད། དེར་བརྟེན་རང་རེའི་ཆོས་རྒྱལ་གོང་མ་རིམ་བྱོན་རྣམས་ཀྱང་ནང་ཆོས་ཀྱི་ལྟ་བ་དང་ཡང་དག་པའི་དགོངས་དོན་གཞིར་བཟུང་ཐོག་ཆོས་སྲིད་ཟུང་དུ་འབྲེལ་བའི་སྒོ་ནས་ཆབ་སྲིད་བསྐྱངས་ཤིང། བོད་རྣམས་ཀྱིས་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ལ་བླ་ན་མེད་པའི་ཡིད་ཆེས་ཡོད་སྟབས། ཚེ་ཕྱི་མའི་ངན་འགྲོའི་འཇིགས་སྣང་དང། གཏན་བདེའི་གོ་འཕང་འཐོབ་འདོད་ཀྱི་མདུན་པ་སྙིང་ལ་བཅངས་སྟེ། ཚེ་འདིའི་འབྱོར་རྒུད་ལ་དོན་ཆུང་དང་ཕྱི་མའི་བདེ་ཐབས་ལ་གཙོ་བོར་འབད་རྐྱེན། རང་རེའི་རྒྱལ་ཁབ་འདི་ཕྱིའི་དངོས་པོའམ་དཔལ་འབྱོར་གྱི་ཐོན་རྐྱེན་དང་ཤེས་རིག་ལག་རྩལ་སོགས་ཁྱིམ་མཚེས་རྒྱལ་ཁབ་དག་ལ་བསྡུར་ན་རྗེས་ལུས་ཐེབས་པ་ནི་ཁས་མི་ལེན་ཐབས་མེད་ཅིག་ཡིན། འོན་ཀྱང་རང་རེའི་མི་རིགས་འདིས་ནང་ཆོས་ལ་བརྟེན་ནས་བསམ་བློ་ཡར་རྒྱས་གོང་འཕེལ་བཏང་བའི་ཕན་ཐོགས་དང་གྲུབ་འབྲས་རླབས་པོ་ཆེ་བསྐྲུན་ཡོད་པ་ནི། ཡ་རབས་སྤྱོད་བཟང། ཕན་ཚུན་བརྩི་འཇོག ཕན་ཚུན་བྱམས་རྩེ། ཕན་ཚུན་འགྲིག་མཐུན། ཡུལ་ཁམས་བདེ་འཇགས། སེམས་ཀྱི་ཞི་བདེ། གཞན་ཕན་ལྷག་བསམ། གཡོ་མེད་དྲང་བདེ་སོགས་མཐའ་ཡས་བ་ཞིག་བྱུང་ཡོད། དེའི་ཕྱིར་ནང་ཆོས་དེ་བོད་སྤྱི་ཚོགས་ཀྱི་འཚོ་བའི་རྟེན་གཞི་ཡང་ཡིན་ཏེ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་མཛད་པའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ལས། བོད་ལྗོངས་སུ་ཆོས་ཀྱི་འཚོ་བ་ནི་གནད་དོན་ཆེ་ཆུང་ཚང་མར་མེད་དུ་མི་རུང་བའི་གལ་ཆེའི་འཚོ་བ་ཞིག་ཆགས་ཡོད། ཅེས་གསུངས་པ་ལྟར་རོ།།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།