ཚན་རིག་གི་ཟིན་ཐོ།
རྩོམ་པ་པོ།  དགེ་བཤེས་འཇམ་དཔལ་རྒྱ་མཚོ།    སྤེལ་དུས།  2018-08-16 09:30:22    རྡེབ་ཚད།     ཡོང་ཁུངས། ངེད་དྲ་ཚིགས།

    ༄༅། །ཚན་རིག་པ་ཚོས་ཀླད་པའི་ནང་མང་པོ་ཞིག་བཤད་ཡོད་ཀྱང་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་ལས་གང་ཡང་ཤེས་ཀྱི་མེད། ཚན་རིག་པ་ཚོས་བརྟག་དཔྱད་བྱ་ཡུལ་གྱི་སྒྲོམ་གཞི་ཞིག་ཡོད་པ་དེའི་ནང་མ་ཚུད་པའི་རིག་པ་ལ་ཇུས་གཏོགས་མི་བྱེད་ལ་དོ་སྣང་བྱེད་ཀྱིན་མེད། དེའི་ཕྱིར་སེམས་ཞེས་པ་ཞིག་ཚན་རིག་པས་ཇི་ལྟར་འདོད་ཅེ་ན། ཚན་རིག་པས་དེ་ལ་ཡོད་མེད་གང་དུ་ཡང་འགྲེལ་བཤད་རྒྱག་གི་མེད་ཅེས་ལན་འདེབས་རྒྱུ་དེ་རེད། ཚན་རིག་པ་ཚོས་སྔར་ནས་ད་བར་བརྟག་དཔྱད་བྱས་པའི་སྒྲོམ་གཞི་དེའི་ནང་མ་ཚུད་པའི་ལྷ་འདྲེ་འདོན་བགེགས་དང་ཤེས་པའི་སྐོར་ལ་ཇུ་གཏོགས་བྱ་འདོད་ཀྱང་མེད་པ་རེ་ལ། དེ་ལྟར་ཇུས་གཏོགས་བྱས་ནའང་དཀའ་ལས་མ་གཏོགས་མི་འདུག་ཟེར། གང་ལྟར་ཁོང་ཚོས་སེམས་ཞེས་པ་ཞིག་ཤེས་ཀྱི་མེད་པ་རེད། ཁོང་ཚོས་རང་རང་གིས་བལྟས་པའི་མིག་རྒྱང་ཐུང་ཐུང་ངམ། གཞི་རྒྱ་ཆུང་ཆུང་ཞིག་ཙམ་ལས། དེའི་ཕྱི་རོལ་ན་ཅི་ཡོད་རྩ་བ་ནས་ཤེས་ཀྱི་མེད་པ་རེད། དཔེ་ན། ངའི་རྨོ་མོ་འཇར་པན་ལ་ཡོད་སྐབས། ང་ཚོས་ནང་མི་ཁ་ན་ཧྲའི་ལུང་པ་ཁུག་ཀྱོག་ཅིག་ལ་ཡོད།

    ཉིན་ཞིག་ངའི་ཨ་མ་ངུ་བཞིན་འདུག དེའི་རྒྱུ་མཚན་འདྲི་དུས། ཨ་མ་གྲོངས་སོང་ཟེར། ཟླ་གཅིག་འགོར་རྗེས་གཞི་ནས་ཡི་གེ་ཞིག་འབྱོར་དོན་ལ། དངོས་གནས་གྲོངས་ཡོད་པ་ཤེས་སོང། གནས་ཚུལ་དེ་ཨ་མས་ཇི་ལྟར་ཤེས་པ་ཚན་རིག་པས་འགྲེལ་བཤད་རྒྱག་ཐུབ་ཀྱི་མ་རེད་ལ། ཚན་རིག་པས་བརྟག་དཔྱད་བྱ་ཐབས་ཀྱང་མེད། དེ་བཞིན་དུ་སྔར་གྲང་ངར་ཧ་ཅང་ཆེ་བའི་ས་ཆ་ཞིག་ཏུ་མི་ཁ་ཤས་ཀྱིས་གུར་བཟོས། གུར་གྱི་ཐོག་ཆུ་གཏོར་ཏེ་འཁྱགས་པ་རྒྱག་ཏུ་བཅུག གུར་གྱི་ནང་དུ་པགས་པ་ཞི་བཏང་སྟེ་དེའི་སྟེང་དུ་དམར་ཧྲེང་ལ་ཉལ་རྗེས། ཁོ་རང་གཟུགས་པོ་ནས་ཐོན་ཏེ་ནམ་མཁར་འཕུར་ཞིང་གཉེན་ཉེ་ཚོར་ལྟ་སྐོར་ལ་སོང་བ་དང། དེ་ནས་ཕྱིར་སླེབས་ནས་ཁོ་རང་གི་གཟུགས་པོའི་ནང་བབས་ཏེ་ཕྱིར་གསོན་པོར་གྱུར་པ་ཤོད་མཁན་བྱུང། ང་རང་མི་དེར་ཡིད་ཆེས་བརྒྱ་ཆའི་བརྒྱ་ཐབ་པ་ཡོད། འོན་ཀྱང་དེའི་རྒྱུ་མཚན་གང་ཡིན་ཧ་གོ་གི་མི་འདུག་ལ། ཚན་རིག་པས་ཀྱང་ཤེས་ཀྱི་མ་རེད།

    སྔར་ཚན་རིག་པས་ཚོགས་པ་བཙུགས་ནས་འགྲེལ་བཤད་ལོག་པ་བརྒྱབ་ཡོད་པ་ནི། མི་རིགས་བཟང་ངན་ཡག་བཙོག་དང་གཤིས་ཀ་སོགས་ནི་ (DNA) རིགས་རྒྱུན་ས་བོན་ལ་ཐུག་པ་ཡིན་པ་དང། མི་རིགས་སོ་སོའི་བཟང་ངན་དེ་རྟག་ཏུ་དེ་ག་རང་ལས་འགྱུར་རྒྱུ་མེད་པ་ཞིག་ཡིན་པར་བཤད་དེ་སྤྱི་ཚོགས་ནང་མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་ཤུགས་ཆེན་དར་བ་མ་ཟད། གཞུང་གིས་ཀྱང་ངོས་ལེན་བྱས་ཏེ་ལྟ་ཚུལ་བྱེད་སྒོ་དེ་མཐུན་སྤེལ་བ་རེད། དེ་ནི་མི་འཐད་ལ། དཔེ་ཞིག་བཤད་ན། སོན་འདྲ་བ་འདྲ་རྐྱང་གཉིས་ལས་གཅིག་ས་ཆུ་སོགས་ཀྱི་རྐྱེན་ཐབས་རྡུགས་ཅིག་ཏུ་བཏབ། གཅིག་ཤོས་མཐུན་རྐྱེན་འཛོམས་ས་ཞིག་ཏུ་བཏབ་ཚེ་གང་དུ་མཐུན་རྐྱེན་འཛོམས་ས་དེའི་ས་བོན་གྱི་མྱུ་གུ་སྐྱེ་འཚར་ལེགས་པ་དང། སྐྱེ་སྟོབས་ཀྱང་ལེགས། གཅིག་ཤོས་ནི་དེ་ལས་ལྡོག་སྡེ་གནས། འདིས་ནི་རིགས་རྒྱུད་དེ་ཁོར་ཡུག་ལ་རག་ལས་སྟོན་པ་ཡིན། དེ་བཞིན་འཇར་པན་གྱི་མི་ཞིག་རྒྱལ་ཁབ་གཞན་ཞིག་ཏུ་གནས་ཚེ་ཁོའི་བུ་རབས་ཚ་རྒྱུད་ཕྱི་མ་རྣམས་འཇར་པན་པ་དང། འཇར་པན་གྱི་གཤིས་ཀར་འགྱུར་དགོས་དོན་གང་ཡང་མེད། སྔར་ཚན་རིག་པའི་ཚོགས་པ་ཞིག་གི་རིགས་རྒྱུན་ས་བོན་སྐོར་ལ་མི་ཤེས་ཤེས་མདོག་བྱས་ནས་ནོར་བ་མང་པོ་བཤད་ཡོད།
ད་སྐབས་ (DNA) རིགས་རྒྱུན་ས་བོན་གྱི་གནས་སྟངས་ཤེས་པ་ཞིབ་ཏུ་སོང་ཡོད་ཀྱང་ཚན་རིག་པ་ཚོ་སྔར་ལྟར་ར་བཟི་བ་བཞིན་འདྲ་མི་འདྲའི་བེད་སྤྱོད་ལོག་པ་བྱེད་པའི་འགོ་ཚུགས་ཡོད། གཞུང་གིས་འགྲོ་གྲོན་བཏང་སྟེ་མི་རིགས་ཤིག་གི་རིགས་རྒྱུད་རྩ་མེད་བཟོ་རྒྱུའི་ཐབས་ཤེས་བྱེད་ཀྱིན་ཡོད། དེ་སྔ་ཁོང་ཚོས་ (DNA) གནས་ཚུལ་ཤེས་ཡོང་དུས་ཧ་ལས་ཧོན་འཐོར་ཏེ་སྨྱོན་པ་ལྟ་བུར་གྱུར་ཡོད།

    ཚན་རིག་པ་ཚོས་དངོས་པོའི་གནས་ལུགས་བཤད་པ་དེ་ཕྱོགས་གཅིག་ནས་བཤད་ཀྱིན་ཡོད། ཕྱོགས་གཞན་ནས་བཤད་མཁན་གྱི་འཛམ་གླིང་ཐོག་གི་ལྟ་ཚུལ་འདྲ་མིན་ཡོད་པ་དེར་ཚན་རིག་པ་ཚོས་བརྩི་འཇོག་བྱེད་དགོས་པ་ཡིན། ཚན་རིག་པ་ཚོས་དངོས་པོའི་གནས་ལུགས་མང་པོ་ཞིག་ལ་འགྲེལ་བཤད་རྒྱག་གི་ཡོད་ཀྱང་འདི་བྱེད་དགོས་པ་དང་འདི་བྱེད་མི་རིགས་ཟེས་ཕན་གནོད་ཅི་འབྱུང་ཡག་པོ་བཤད་ཀྱིན་མེད། དེང་སང་ཚན་རིག་པ་མང་པོ་སྒོར་མོའི་ཆེད་འབད་ཀྱིན་ཡོད། གལ་ཏེ་གསར་བཏོད་ཅིག་བྱུང་བ་ན་རང་གི་མིང་དེ་ལ་སྦྱོར་བ་དང། སུས་ཀྱང་དེ་བེད་སྤྱོད་རང་དགར་གཏོང་མི་ཆོག་པར་ཚན་རིག་པ་རང་གིས་ཐམ་ག་བརྒྱབ། སྒོར་མོའི་ཕྱིར་འཚོང་གི་ཡོད།

    ཚན་རིག་པ་ཚོས་དམག་གི་ཐོག་རོགས་པ་བྱེད་ཀྱིན་ཡོད་པ་དང། མང་པོ་ཞིག་ཚོང་པ་ཚོས་བེད་སྤྱོད་བྱེད་བཞིན་ཡོད། ཚན་རིག་པ་སྔ་མ་མང་པོ་ཞིག་གིས་གནས་ཚུལ་གང་རུང་ཞིག་ལ་བརྟག་དཔྱད་མང་དུ་བཏང་རྗེས། འདི་ལྟར་ཡིན་ཞེས་ལམ་སྲོལ་ཞིག་བཤད་ཡོད། འོན་ཀྱང་དེ་འདྲའི་ལམ་སྲོལ་ནང་ནོར་བ་ཞིག་ཐོན་ཡོང་གི་ཡོད། དེས་མ་འོངས་པར་ཡང་དེང་སང་གི་ཚན་རིག་པ་ཚོས་བཤད་པ་དེ་དག་བདེན་པ་མིན་པར་སྟོན་ཡོང་གི་ཡོད།

    ལོ་མང་པོའི་གོང་གི་ལམ་སྲོལ་དེ་དག་ད་སྐབས་ནོར་བ་དང་སྙིང་པོ་མེད་པ་ཞིག་ཏུ་མཐོང་བ་ནང་བཞིན། དེང་སང་ཚན་རིག་པས་བཤད་པའི་ལམ་སྲོལ་དང་སྒྲིག་གཞི་གཏན་འབེབས་བཤད་པ་ཚང་མ་མ་འོངས་པའི་ནང་ལམ་སྲོལ་རྙིང་པ་དང་སྙིང་པོ་མེད་པ་ཞིག་ཏུ་མཐོང་ངེས་ཡིན། ཚན་རིག་པ་གཉིས་ཀྱིས་ད་སྐབས་ང་ཚོས་ནུས་པ་ཡོད་ཚད་བཏོན་ནས་བདེན་པ་ཞིག་བཙལ་པ་དེ་མ་འོངས་པར་སྙིང་པོ་གང་ཡང་མེད་པ་ཞིག་ཏུ་འགྱུར་ངེས་རེད་ཅེས་བཤད་ཡོད། དེ་འདྲ་ཡིན་ན་ང་ཚོས་ཅིའི་ཕྱིར་ཚན་རིག་སྦྱོང།

    ཨུ་རུ་སིས་མེ་ཤུགས་འཕུར་མདའ་ཟླ་བའི་སྟེང་བཏང་བ་ལ་བརྟེན་ནས་ཨ་རིར་ཚབས་ཆེན་པོ་ལངས་ཏེ་འགྲན་བསྡུར་གྱི་སྒོ་ས་འཕུར་མདའ་ཞིག་བཏང་ཡང་ལམ་འགྲོ་མ་བྱུང། ཨུ་རུ་སིས་མུ་མཐུད་ནས། ཁྱི་དང་སྤྲེལ། མི་གསུམ་རིམ་བཞིན་བཞག་ནས་ཟླ་བར་བསྐྱོད་པ་ལ་བརྟེན་ནས་ཨ་རིར་ལྷག་པར་ཚབ་ལངས་ཏེ་སློབ་གྲྭར་འགྲོ་སོང་ཆེན་པོ་བཏང་ནས་ཚན་རིག་སློབ་དགོས་པར་བསྐུལ། ཚན་རིག་པ་ཚོས་ཚན་རིག་གི་ཤེས་ཡོན་ཡར་རྒྱས་ཕྱིན་ནས་འཛམ་གླིང་གི་གསང་བའི་གནས་ཚུལ་ཚང་མ་ཤེས་པ་བྱས་ཏེ་བདེ་སྐྱིད་ཡར་རྒྱས་འགྲོ་བར་བཤད་ཀྱི་རེད།
ཚན་རིག་ནི་སྦྱོང་སྟངས་ཆེན་པོ་ནས་ཆུང་ངུར་བཏང་སྟེ་བརྟག་པ་དང་འཇིག་རྟེན་གྱི་ཆ་ཤས་སྡུད་གསོག་གི་ཆ་བསྒྲིགས་ནས་སྔར་མེད་པའི་ཁྱད་ཆོས་གསར་པ་རྙེད་ཀྱི་ཡོད། ཚན་རིག་པ་བུ་མོ་རེ་ཆར་ཀར་སི་ཟེར་བས་འབུ་དུག་བཏབ་ན་འབུ་གཞན་གསོད་མི་དགོས་པ་རྣམས་ཀྱང་གསོད་ཀྱིན་ཡོད་པས་ཕན་ལས་གནོད་ཆེ་བའི་སྐོར་གྱི་དེབ་གཏོན་ནས་ཚན་རིག་པའི་སྡེ་ཚན་ནང་ཁོར་ཡུག་ལ་ཞིབ་འཇུག་བྱེད་པའི་སྡེ་ཚན་འཛུགས་ཐུབ་པ་བྱུང་ཡོད་པས་མོ་ནི་སྨོན་ཡུལ་གྱི་དཔའ་མོ་ཞིག་ཡིན།

    ཆུ་དང་ནགས་ལ་གནས་པའི་སྲོག་ཆགས་དང་ཁོར་ཡུག་ལ་བདག་པོ་རྒྱག་མཁན་སོ་སོར་བསྐོ་བཞག་བྱས་པ་དང། ཡུལ་སྐོར་སྤྲོ་འཆམ་པར་སྟངས་འཛིན་བྱེད་མཁན། སྤྱིར་ཁོར་ཡུག་ལ་སྟངས་འཛིན་བྱེད་མཁན། སོ་རྐོ་རྡོ་སློག་བྱེད་མཁན་ལ་སྟངས་འཛིན་བྱེད་མཁན་སོགས་སོ་སོར་བཞག་པ་རེད། ཉ་རྣམས་ཤིང་ལ་བརྟེན་དགོས་པར་སྔར་ནས་ཤེས་ཡོད་མོད། ད་སྐབས་ཤིང་དེ་གནས་ཐུབ་མིན་ཉ་ལ་བརྟེན་ནས་ཤེས་ཀྱི་ཡོད། དོམ་སོགས་གཅན་གཟན་གྱིས་དུས་ལྟར་ཉིན་རེར་ཉ་བདུན་བརྒྱ་ཙམ་འཛིན་པ་དང། ཉ་ཚང་མ་མ་ཟོས་པར་ཤིང་ནགས་ཁྲོད་འདོར་བཞིན་ཡོད། དེ་ལ་བརྟེན་ནས་ཤིང་ནགས་རྒྱས་པ་རེད། དེ་བཞིན་འཛམ་གླིང་གི་སྲོག་ཆགས་དང་རྩི་ཤིང་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་ནས་གནས་ཡོད། ཁོ་བོས་དེ་འདྲའི་གནས་ཚུལ་ཤེས་པ་ནས་བཟུང་ཁོར་ཡུལ་ལ་གནོད་སྐྱོན་གཏོང་མཁན་གྱི་རིགས་ལ་ངོ་རྒོལ་བྱེད་འགོ་བཙུགས། དེ་ལྟར་ངོ་རྒོལ་བྱེད་མཁན་སྒེར་གྱི་ཚོགས་པ་བཙུགས་ཡོད་པ་དེར་འཛུལ་ཞུགས་བྱས་པ་ཡིན། དཔེར་ན། ཨ་རིས་ཁོར་ཡུག་ལ་གནོད་མིན་མི་བལྟ་བར་རང་དབང་གིས་འདྲ་མི་འདྲ་བཟོ་བཞིན་ཡོད། ཁོང་ཚོས་ཁོར་ཡུག་ནང་ནས་གང་དགོས་བླངས་ནས་ཕར་གང་བཙོག་བཙོག་སྤྲད་པ་རེད། དེ་ལ་སྒྲིག་གཞི་ཞིག་བཟོ་དགོས། ཚུར་ལེན་དགོས་ན་ག་དུས་ལེན་ཆོག་པ། ག་རེ་བཟོ་དགོས་པ། ཕར་ག་རེ་སྤྲོད་དགོས་མིན་སོགས་ལ་སྒྲིག་གཞི་དང་འགྲིག་ཁྲིམས་བཟོ་དགོས། དེའི་ཚུལ་གཞུང་ལ་སྙན་ཞུ་འབུལ་དགོས་ཡོད།

    ཕྱི་ལོ་ ༡༩༧༠ ལོའི་གོང་ཁོར་ཡུག་གི་རྟེན་འབྲེལ་དེ་ཚན་རིག་པས་ཞིབ་ཕྲ་ཤེས་ཀྱི་མེད་པས་གང་གཏོན་དགོས་པ་དང་གང་སྤྲོད་མིན་ལ་སྒྲིག་གཞི་བཟོད་དཀའ། ཕྱི་ལོ་ ༡༩༤༠ ལོར་བཟོ་གྲྭ་ཞིག་གི་འགན་འཛིན་གྱིས་འབུ་དུག་དེས་འབུ་མང་པོ་གསོད་ཀྱིན་ཡོད་པར་ཁྱབ་བསྒྲགས་བྱས་པ་ལ་བརྟེན་ནས་ནོལ་པེལ་གཟེངས་རྟགས་ཐོབ་པ་རེད། དུག་དེས་འབུ་བརྒྱ་ཆའི་ལྔ་བཅུ་ཙམ་ལས་གསོད་མ་ཐུབ་སྐབས་དུག་གི་ནུས་པ་ཆེ་རུང་གཏོང་དགོས། དེ་ལྟར་ན་འཛམ་གླིང་ཐོག་དུག་ཆེ་རུ་ཆེ་རུ་འགྲོ་བ་ཡིན།
འཛམ་གླིང་ཐོག་སྲོག་ཆགས་ཚང་མའི་ནང་འབུ་རིགས་མང་ཤོས་ཡིན་ལ། དེ་དག་གིས་འཛམ་གླིང་འདི་ཡུན་རིང་འཚོ་བར་རོགས་བྱེད་ཀྱིན་ཡོད་པས་གལ་ཆེན་པོ་ཞིག་ཡིན། གསོད་དགོས་པའི་འབུ་ནི་འཛམ་གླིང་ཐོག་གི་འབུ་རིགས་ལ་བལྟས་ཏེ་ཧ་ཅང་ཉུང་ཉུང་ཞིག་ཡིན།འབུ་དུག་དེས་འབུ་རིགས་གསོད་དགོས་མི་དགོས་ཚང་མ་སྡེབ་གསོད་བྱེད་ཀྱིན་ཡོད། དཔེར་ན་ལྡི་ལིར་ཡོད་པའི་མི་གཅིག་ནག་ཉེས་ཅན་ཞིག་ཡིན་པའི་དབང་དུ་བཏང་ན། དེ་གསོད་པའི་ཆེད་ལྡི་ལིར་ཡོད་པའི་མི་ཚང་མ་སྡེབ་གསོད་བྱེད་པ་དང་འདྲ།འཛམ་གླིང་ཐོག་གི་བྱ་རིགས་ཇུ་ཉུང་དུ་འགྲོ་བཞིན་པ་ཤེས་རྗེས་བརྟག་དཔྱད་བྱས་དུས་སྔར་བཤད་པའི་འབུ་དུག་གིས་བྱེའུ་ཡི་སྒོང་ང་སྲབ་མོར་བཟོད་བཞིན་པ་ཤེས་པ་དང། དེའི་རྐྱེན་གྱིས་བྱེའུ་ཤི་འགྲོ་བ་ཤེས། འབུ་དུག་གཏོང་བ་ལ་བརྟེན་ནས་བསད་པའི་སྲོག་ཆགས་དེ་དག་སྲོག་ཆགས་གཞན་གྱིས་ཟོས་ཏེ་ཤི དེའང་གཞན་གྱིས་ཟོས་པ་ལ་བརྟེན་ནས་དུག་ཅན་སྲོག་ཆགས་ཧ་ཅང་མང་པོར་གྱུར།ཤིང་ནགས་གཅོད་འབྲེག་བྱས་པ་ལས་ཤིང་ནགས་ཁྲོད་གནས་པའི་འབུ་རིགས་ཚང་མ་སྡོད་ས་མེད་པར་བརྟེན་ཁོང་ཚོ་ཚུར་རུབ་རུབ་བྱས་ནས་ (GENE) རྒྱུ་ཕྲ་མོ་འདྲེས་སྦྱོར་སོགས་ལས་ནད་རིགས་གསར་པ་སྐྱེས་ཡོང་གི་ཡོད།

    རྒྱ་ནག་ནང་ཆམ་པའི་ན་ཚ་འདྲ་མིན་ཞིག་ཡོང་གི་ཡོད་པ་དེ་ཕག་དང་བྱ་མང་པོ་རུབ་རུབ་བྱས་ནས་གསོ་ཉར་བྱེད་ཀྱིན་ཡོད་པ་དང་ཕག་དང་བྱ་དེ་དག་ལ་ནད་འབུ་མི་འདྲ་བ་རེ་ཡོད་པས་དེ་དག་འདྲེས་སྦྱོར་ལས་ནད་རིགས་གསར་པ་འབྱུང་གི་ཡོད། (CELL) ཕྲ་ཕུང་གཅིག་གི་ནང་ (GENE) སྟོང་རྒྱུ་ཕྲ་མོ་ཕྲག་ཁ་ཤས་ཡོད། དེ་དག་གིས་མཚམས་རེ་ལས་ཀ་བྱེད་ལ་མཚམས་རེར་ལས་ཀ་མི་བྱེད་པ་ཡིན།

    ཉའི་ (GENE) ཞིག་བཏོན་ནས་རྩི་ཤིང་གི་གསེལ་ནང་བླུགས་ཚེ་ཁོར་ཡུག་མི་འདྲ་བར་ཆགས་སྟབས་ (GENE) རྒྱུ་ཕྲ་མོས་སྔར་ལྟར་ལས་ཀ་བྱེད་མི་ཤེས་ལ། ལས་ཀ་ཇི་ལྟར་བྱེད་པའི་རང་དབང་ཡང་མེད། ཚན་རིག་པས་རྒྱུ་ཕྲ་མོ་ (GENE) ཕར་སྤོར་བ་ཤེས་ཀྱང། སྤར་ན་འབྲས་བུ་ཅི་འགྱུར་རྒྱས་ཤིང་རྒྱས་པ་བཤད་ཤེས་ཀྱི་མེད། (GENE) རྒྱུ་ཕྲ་མོ་དེ་གཙོ་བོ་བེད་སྤྱོད་གཏོང་སྟངས་ལ་རག་ལས། ཡང་པོ་བྱས་ན་མ་འོངས་པར་རེ་བ་ཆེན་པོ་ཡོད། གནས་ལུགས་ངོ་མ་མ་ཤེས་གོང་ལ་འཚོང་གི་ཆེད་བེད་སྤྱོད་ལོག་པ་བཏང་ན་ཉེན་ཁ་ཆེན་པོ་ཡོད།
མི་འབོར་མང་དུ་འགྲོ་བཞིན་པར་བརྟེན་ཁ་ཟས་ཀྱང་མང་དུ་གཏོང་དགོས་པས་ (GENE) རྒྱུ་ཕྲ་མོ་བེད་སྤྱོད་ཡག་པོ་བྱས་ན་མ་འོངས་པར་ཕན་ཐོགས་འབྱུང། སྒོར་མོ་ཡིས་ཚན་རིག་གནས་ལུགས་འཚོལ་སྟངས་ཚང་མ་བསྒྱུར་འགྲོ་བཞིན་ཡོད། འཛམ་གླིང་ཐོག་གི་རླུང་ཁམས་གསུམ་པ་དེས་ཕན་ཐོགས་ཚུལ། ཉི་མས་ང་ཚོར་དྲོད་སྟེར་བཞིན་པ་ཡིན་ལ། ཉི་མའི་ནང་གི་རྡུལ་རྫས་ནང་ནས་ང་ཚོའི་པགས་པའི་ཐོག་མེ་ལེན་ཞེས་པའི་རྫས་ཤིག་བཟོ་བཞིན་ཡོད། དེས་ཉི་འོད་ཀྱི་གནོད་སྐྱོན་སེལ་བཞིན་ཡོད།
ཉི་འོད་ཀྱི་རྫས་རླབས་མིའི་ལུས་ཀྱི་ (SELL) ཕྲ་ཕུང་ནང་འཛུལ་ཏེ་ (GENE) རྒྱུ་ཕྲ་མོ་ལ་འགྱུར་བ་གཏོང་གི་ཡོད། རླུང་ཁམས་ཀྱིས་ཉི་འོད་ཀྱི་རྡུལ་རླབས་ཨོ་ཏྲ་བ་རས་ཞེས་པ་མར་མི་གཏོང་བར་ཉར་ཐུབ་པའི་ནུས་པ་ཡོད། གལ་ཏེ་རླུང་ཁམས་ཀྱིས་མ་བཀག་ན་མིའི་ལུས་ལ་གནོད་སྐྱོན་ཡོང་གི་ཡོད། དེའི་ཕྱིར་ཚན་རིག་པས་རིགས་རྒྱུན་མི་འདྲ་བ་བསྲེས་པ་ལས་གསར་པ་བཟོ་རྒྱུ་དེ་ཉེན་ཁ་ཆེན་པོ་ཡིན།

    ངས་རང་ཉིད་ཚན་རིག་པ་ཡིན་པའི་ཆ་ནས་ཚན་རིག་ཡར་རྒྱས་གཏོང་བར་འགོད་རྐྱེན་བྱེད་རྒྱུ་མ་རེད་ལ་འགོག་ཀྱང་ཐུབ་ཀྱི་མ་རེད། ཧལ་སྒྲ་ཟེར་བ་མི་རིགས་སྐྱོ་བོ་ཞིག་ཡིན། ཁོང་ཚོས་ཁོར་ཡུག་གི་ཤིང་ནགས་བཅད་ནས་བཙོང་སྟེ་འཚོ་བ་མི་སྐྱེལ་ཐབས་མེད་ཆགས། འོན་ཀྱང་ཁོང་ཚོའི་ནང་ཁག་གཅིག་གིས་ཚོགས་པ་བཙུགས་ནས་ཤིང་ནགས་གཅོད་འབྲེག་ལ་ངོ་རྒོལ་བྱས། ངས་ཁོང་ཚོའི་འགྲོ་ཁྲིད་ལ་བཅར་འདྲི་བྱས་ཏེ། ཁྱེད་རང་ཚོས་ཤིང་ནགས་བཙོང་རྒྱུར་ངོ་རྒོལ་བྱེད་དགོས་དོན་གང་ཡིན། ཤིང་ནགས་བཅད་ནས་བཙོང་ན་མི་ཚང་མའི་འཚོ་བ་སྐྱོང་བར་ཕན་ཐོགས་འབྱུང་བ་མ་རེད་དམ། ཞེས་དྲིས་སྐབས་ལན་དུ། ང་ཚོས་ཤིང་ནགས་བཅད་དེ་ཚར་བ་ཡིན་ན་ང་ཚོ་ནགས་ཀྱི་སྲོག་ཆགས་སུ་མི་འགྱུར་བར་ཁྱོད་ཚོ་ལྟ་བུར་འགྱུར་ངེས། དེ་ལྟར་ཆགས་ན་རང་གི་མི་རིགས་དེ་བརླགས་ཚར་བ་རེད་ཟེར། དེ་ནི་དངོས་གནས་ཡ་མཚན་དགོས་པའི་ལན་ཞིག་རེད། ཁོང་ཚོས་རང་དང་ཁོར་ཡུག་ལོགས་སུ་མི་འབྱེད་པར་གཅིག་མཚུངས་སུ་བལྟས་འདུག

    ང་ཚོས་རང་ཉིད་ཚུར་རོལ་དུ་གནས། ཁོར་ཡུག་ཕར་ཕྱོགས་སུ་བཞག་ནས་དེར་གང་བྱས་ཀྱང་ཆོག་པ་ལྟ་བུར་བཟུང་ཡོད། དེ་ནོར་བ་རེེད། ང་ཚོའི་གཟུགས་ཕུང་ཡང་འབྱུང་བཞིས་གྲུབ། ཁོར་ཡུག་ཀྱང་དེ་ལྟར་ཡིན། ང་ཚོ་ཁོར་ཡུག་ལ་བརྟེན་ནས་གནས་དགོས་པས་ང་ཚོ་དང་ཁོར་ཡུག་གཉིས་ཕ་མ་གཅིག་གི་སྤུན་ནང་བཞིན་བརྩི་འཇོག་དང་གུས་བཀུར་བྱེད་དགོས་ཡོད།

ཕྱི་ལོ་ ༢༠༠༤ ལོར་གདན་ས་ཁག་གི་དགེ་བཤེས་དང་ཨ་རིའི་ཚན་རིག་དགེ་རྒན་རྣམས་པ་དང་ལྷན་
གྷོ་པལ་པུར་བོད་ཁྱིམ་སློབ་གྲྭར་ཚན་རིག་ཟབ་སྤྱོང་སྤྲོད་སྐབས་འཇར་པན་གྱི་ཚན་རིག་པ་
གྲགས་ཅན་ཞིག་གི་གཏམ་བཤད་ཟིན་བྲིས་སུ་བཏབ་པ་ཡིན།

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་སྔ་སྡོམ་པས་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།